དགེ་འདུན་ཆོས་འཕེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་འདུན་ཆོས་འཕེལ།
བོད་ཀྱི་ལོ་ཙཱ་བ་དང་བསམ་བློ་བ་ཆེན་མོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་མདོ་སྨད་རེབ་གོང་ཞོ་འཕོང་ནས་སྐུ་འཁྲུངས་ཤིང་། ཆུང་དུས་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ཞིབ་འཇུག་གི་ལས་ལ་སྤྲོ་བ།གཞན་དང་མི་མཐུན་པའི་རང་གཤིས་མཚར་བོ་ཅན་ཞིག་ཀྱང་ཡིན་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
更敦群培
མིང་གཞན།
རྡོ་བྲག་སྤྲུལ་སྐུ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1903-1951)
འཁྲུངས་ཡུལ།
མདོ་སྨད་རེབ་གོང་ཞོ་འཕོང་ནས་སྐུ་འཁྲུངས།
ཡབ།
སྔགས་འཆང་རྡོ་རྗེ།
ཡུམ།
པད་མ་སྐྱིད།
འཐུས་ཚབ་བརྩམས་ཆོས།
《དེབ་ཐེར་དཀར་བོ》ལ་སོགས་མང་ངོ་།།
1 ​སློབ་གཉེར་གནང་སྟངས།

དགེ་འདུན་ཆོས་འཕེལ་དགུང་ལོ་བཞིའི་སྟེང་ནས་ཡབ་ཀྱིས་ཡི་གེ་སྦྱོར་ཀློག་དང་ཡིག་གཟུགས་སོགས་ཁྲིད་ཅིང་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གང་ལེགས་བསྩལ། དགུང་ལོ་བདུན་པར་བྱ་བཏང་ཞབས་དཀར་བའི་གདན་ས་སྟེ་རྙིང་དགོན་གཡའ་མ་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་དགེ་འདུན་བསྟན་པ་ཚང་སློབ་དཔོན་དུ་བསྟེན་ནས། འདོན་ཆོས་སྤྱོད་དང་ལྷ་རིས་བྲིས་ཚུལ་སོགས་བསླབས།དེ་དུས་ཡབ་གཤེགས་པས་དཀའ་ཁག་མང་བོར་འཕྲད་མྱོང་ལ་དཀའ་ཚེགས་ལས་རྒྱལ་ཅི་ཐབས་བྱས་ནས་སློབ་གཉེར་གྱི་རྒྱུན་བསྐྱངས། ཕྱིས་སུ་ཡར་རྟིང་དགོན་པའི་རིག་འཛིན་འོད་གསལ་རྡོ་རྗེ་སྙིང་བོ་ཟེར་པའི་མདུན་ནས་ཡི་གེའི་ཐོབ་ཐང་དང་ལྷ་རམས་པ་ཚུལ་ཁྲིམས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ལ་སྦྱངས་ཤིང་དགུང་ལོ་དགུ་ཙམ་ནས་སྙན་རྩོམ་མང་དུ་སྤེལ་བར་གྲགས།དགུང་ལོ་བཅུ་བཞི་བར་ཁ་གྱའི་གཏེར་སྟོན་བླ་མའི་མདུན་ནས་རྙིང་ཕྱོགས་ཀྱི་དབང་ལུང་མན་ངག་མང་བོ་གསན།དགུང་ལོ་བཅོ་ལྔ་བར་དྷིཿཚ་བཀྲ་ཤིས་ཆོས་སྡིངས་ནས་བིས་པ་འཇམ་དབྱངས་གྲགས་པ་ཚང་སློབ་དཔོན་དུ་བསྟེན་ཏེ་ཚད་མ་རིག་པས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་བོར་སྦྱངས་བ་གནང་སྟེ་ལོ་བཞིར་བཞུགས། དགུང་ལོ་བཅུ་དགུ་བར་དྷིཿ་ཚའི་མཁན་ཆེན་སྐུ་ཕྲེང་དྲུག་པ་དགེ་འདུན་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་བར་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ཀྱི་མདུན་ནས་ལོ་ཡི་འཁོར་མོ་དྲུག་ལ་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་འོག་མའི་བར་གསན་སྦྱངས་ཞིབ་རྒྱས་གནང་ཞིང་མཛོད་འདུལ་དབུ་གསུམ་ལའང་སྦྱངས་པས་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་ལ་རིགས་པ་སྨྲ་བ་མང་བོ་ཧ་ལས་དགོས་པའི་ཚོད་ལྟ་བུ་གྱུར།        

2 མི་ཚེའི་བརྒྱུད་རིམ།

མང་བོ་ཞིག་གིས་ཁོང་བླ་བྲང་དུ་བཞུགས་སྐབས་ཀུན་མཁྱེན་ཡིག་ཆ་ལ་དགག་པ་བཏང་ཚུལ་དང་། དགག་པ་གནད་དུ་སོང་ཚུལ།དུས་དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཡོན་ཚད་མཉམ་ཚུལ།དེའི་ཕྱིར་མང་བོ་ཞིག་གིས་ཕྲག་དོག་བྱས་ཚུལ། གནས་ཆུང་ཆོས་སྐྱོང་གིས་ཀྱང་སྡོད་དུ་མ་བཅུག་ཚུལ་སོགས་སྣ་ཚོགས་ཤིག་ལབ་མོད། ཁོང་ལ་གནས་གཅིག་ཏུ་འཁུམ་སྟེ་སྡོད་མི་ཚུགས་ཤིང་རྒྱལ་ཁམས་རིག་པས་བསྐོར་འདུན་གྱི་རང་གཤིས་ལྡོག་མེད་ཅིག་སྔ་མོ་ནས་ཡོད་ལ། མཱ་པུའུ་ཧྥང་གི་དྲུང་ཡིག་པར་འདུག་འདོད་མེད་པ་དང་། རྩོད་པའི་སྐབས་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་མ་ཡིན་པར་ཆ་བཅས་སུ་བསྒྲུབས་པ། ཕྱི་རོལ་གཅེར་བུ་བས་ཤིང་སེམས་ལྡན་དུ་བཤད་པ་ཇི་བཞིན་གྱི་ཁས་ལེན་བཟུང་བ། རྩོད་པའི་ཚེ་ཁོ་ལ་ཚ་མ་ཕོག་ན་རྐང་བ་མི་བསྐུམ་པ་སོགས་ང་རྒྱལ་དང་འདྲེས་པའི་སྤྱོད་ལམ་སྣ་ཚོགས་བསྟན་པས་ཁོང་ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་རེ་འགའ་བྱུང་ཞིང་། ཁོང་རང་ཉིད་ནས་གསུངས་འདུག་པ་བཞིན་གསང་སྔགས་དང་དེ་ཉམས་ལེན་པའི་རྣམ་འབྱོར་བ་རེར་ཚད་ལས་བརྒལ་བའི་ཁ་བཏང་བའི་རྐྱེན་སོགས་ལ་བརྟེན་ནས་དབང་མེད་ལྟ་བུས་ལམ་དུ་ཆས་པ་ནི་དོན་དངོས་ཤིག་ཡིན་འདུག་ཚུལ་རྡོ་རྗེ་རྒྱལ་གྱིས་བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་སུ། ཁོང་དང་རྣམ་རྒྱུན་འབྲེལ་འདྲིས་ཟབ་པའི་ཞོ་འོང་ཕུན་ཚོགས་དར་རྒྱས་དང་། ཐུབ་བསྟན་ཆོས་དར་གཉིས་ཀྱི་ངག་སྒྲོས་ཇི་བཞིན་བཀོད་འདུག་པ་དེས་ཀྱང་བདེན་དཔང་བྱེད་ཐུབ་པའོ།།              

དགུང་ལོ་ཉེར་བཞི་བར་བླ་བྲང་ནས་ལམ་ལ་ཆས་ཏེ་ཕ་ཡུལ་དུ་ཡུད་ཙམ་བསྡད་རྗེས་སྐུ་འབུམ་དང་མཚོ་སྔོན་པོ། ནག་ཆུ་སོགས་བརྒྱུད་དེ་དགུང་གྲངས་ཉེར་ལྔའི་སྟེང་དབུས་འགྱུར་ཆོས་ཀྱི་ཞིང་དུ་བདེ་བར་འབྱོར་རྗེས་གཙུག་ལག་ཁང་དང་པོ་ཏ་ལ།ས་དགེ་རྙིང་གསུམ་སོགས་ཀྱི་དགོན་སྡེ་དང་གནས་ཆེན་ཁག་ལ་མཇལ་སྐོར་དང་ཞིབ་འཇུག་གང་མང་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་རྡོ་སྦིས་ཤེས་རབ་རྒྱ་མཚོ་ལས་ཤེས་རིག་གི་བདུད་རྩི་བཞེས། ཁོང་རྣམ་རིག་ཧ་ཅང་སྐྱེན་པོ་ཡིན་སྟབས་རྗེ་ཤེས་རབ་རྒྱ་མཚོས་ཀྱང་། ང་དགེ་རྒན་འཇམ་པའི་དབྱངས་ལ་ཁྱོད་དགེ་ཕྲུག་འཇམ་པའི་དབྱངས་ལྟ་བུ་བྱུང་ཞེས་ཡང་ཡང་བསྔགས་བརྗོད་མཛད།འབྲས་སྤུངས་ནས་ལོ་དྲུག་ལྷག་ལ་བཞུགས་རྗེས་རྒྱ་གར་གྱི་པཎྜི་ཏ་རཱ་ཧུ་ལ་ཞེས་པ་དང་གྲོགས་པོར་གྱུར་ཅིང་དེ་ལས་ལེགས་སྦྱར་གྱི་སྐད་ལ་སྦྱོང་ཞོར་རྒྱ་གར་དུ་ཆས་པའི་སྟ་གོན་བྱས་པའོ།།        

སྤྱི་ལོ1934ལོའི་ཟླ་བདུན་པ་ནས་རཱ་ཧུ་ལ་དང་ལྷན་ཅིག་འཕན་ཡུལ་དང་རྭ་སྒྲེང་ས་སྐྱ་སོགས་དགོན་སྡེ་མང་བོར་གནས་སྐོར་དང་། ཞོར་དུ་རྒྱ་དཔེ་དང་ལྡེབས་རིས། རྡོ་རིང་གི་ཡི་གེ། འདྲ་སྐུ་སོགས་མང་བོར་ཞིབ་འཇུག་བྱེད་བཞིན་ཟླ་དགུ་བར་བལ་ཡུལ་དུ་སླེབས་ཏེ་དེར་ཟླ་དྲུག་བཞུགས། དེའི་ཕྱིར་ལོ་རྒྱ་གར་དུ་ཕེབས་ཤིང་ལེགས་སྦྱར་གྱི་སྐད་དང་དབྱིན་ཡིག་ལ་བརྩོན་པ་བསྐྱེད།སངས་རྒྱས་ཀྱི་གནས་མཆོག་བརྒྱད་སོགས་ལ་གནས་སྐོལ་བྱས་ཤིང་། གནས་བཤད་དང་ལམ་ཡིག་ངོ་མཚར་བ་དུ་མ་དང་གསེར་ཐང་སོགས་ལེགས་བཤད་དུ་མའི་སྐྱེས་བཟང་བོད་ལ་གནང་། ཁོང་ཁྱོན་རྒྱ་གར་དུ་མི་ལོ་བཅུ་གཉིས་ལྷག་ལ་བཞུགས་པ་ཡིན་ཏེ། ཁོང་གིས་བླ་བྲང་ལ་བསྐུར་བའི་ཚིགས་བཅད་སྙན་རྩོམ་ཞིག་ལས། ཚེ་སྔོན་ལས་ཟེར་བ་རླུང་གི་རྟ།། ལམ་ག་འདྲའི་གཏད་སོ་མེད་པ་ཞིག། ང་བོད་ཕྲུག་བོད་ནས་སྐྱེས་པ་ཡི།། ཚེ་དུམ་གཅིག་རྒྱ་གར་ཡུལ་དུ་ཟད།། ལོ་བཅུ་གཉིས་ཨ་ལོང་འཁོར་གྱི་བར།། སྐྱིད་ཆེ་བའི་ཕ་ཡུལ་མ་མཐོང་ཞིང་།། སྒོས་དྲིན་ཅན་གྱི་མ་རྒན་མ་འཇལ་བ།། འདི་བསམ་ན་བྲལ་བའི་སྙིང་རླུང་བསླངས།། ཞེས་གསུངས་པས་སོ།། 

དེ་ལྟར་རྒྱ་གར་སོགས་ནས་ཡུལ་སྐོར་ཞིབ་འཇུག་དང་ཡིག་བསྒྱུར་དང་། ཝ་ར་ཎཱ་སིར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞེས་པ་སློབ་དཔོན་དུ་བསྟེན་ནས་སཾ་སྐྲིའི་སྐད་ལ་སོགས་པར་སྦྱངས་པར་མཛད།སྤྱི་ལོ(1945)ལོའི་ལོ་སྨད་ཙམ་ལ་ཁྲི་བྱང་རིན་པོ་ཆེ་དང་བཀའ་བློན་ཀ་ཤོད་པ་གཉིས་ཀྱིས་གདན་འདྲེན་ཕྱག་འཕྲིན་བསྐུར་བ་བཞིན་ཕྱིར་ལྷ་སར་ཕེབས་པའོ།།            

སྤྱི་ལོ(1946)ལོའི་ཟླ་གཉིས་པར་བཀའ་གཙིགས་རྡོ་རིང་དང་། འུ་ཤིང་དུ་ཡོད་པའི་རྡོ་རིང་། རྒྱ་གར་དུ་བཞུགས་ཚེ་ཕྱག་ཏུ་སོན་པའི་ཤིན་ཅང་དང་ཏུན་ཧོང་ཡིག་རྙིང་སོགས་ལ་གཟིགས་རྟོགས་དང་ཞིབ་འཇུག་མཛད་དེ་དེབ་དཀར་རྩོམ་པའི་ལས་ལ་བྲེལ་བཞིན་པའི་སྐབས་གློ་བུར་དུ་བོད་ཀྱི་བཀའ་བློན་ཀ་ཤོད་པ་སོགས་ཀྱིས་བཀའ་ཕབས་ཏེ་འཛིན་བཟུང་བྱས། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་ནི། དངུལ་ལོར་རྫུན་མ་བཟོས་པ་དང་། སྦོམ་མདའ་རབ་དགའ་སོགས་ཀྱིས་བཙུགས་པའི་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་ཚོགས་པར་ཞུགས་པ། ར་ཤི་ཡའི་དམར་ཕྱོགས་པའི་གསང་ཉུལ་བ་བྱས་པ། བཀའ་བློན་ཀ་ཤོད་པས་མཁས་པའི་ཕྲག་དོག་བྱས་པ། ཀ་ཤོད་པས་དགེ་ཆོས་ཀྱི་གྲོགས་པོ་ཞིག་ལ་གཟི་རྩ་ཆེན་ཞིག་ཡོད་པ་འཕྲོག་ཕྱིར་གཉིས་ཀ་ལྷན་དུ་བཙོན་འཇུག་བྱས་པ། གོ་མིན་ཏང་གི་གསང་ཉུལ་བ་བྱས་པས་རེད་སོགས་བཤད་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་། བཙོན་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། དགེ་ཆོས་ཁོང་གིས།གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།། རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།། དྲང་བོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།། སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།། ཅེས་སྡོམ་ཚིག་བཞག་མྱོང་བ་ལྟར་དབྱིན་ཇི་སོགས་ནུབ་ཕྱོགས་པའི་ལྟ་སྤྱོད་དང་ཧམ་སེམས་ལ་ཁོང་གཏན་ནས་མི་དགྱེས་ཤིང་། དེ་དག་ཐེར་འདོན་གྱི་རྩོམ་ཡིག་ཀྱང་སྔ་ཕྱིར་མང་དུ་སྤེལ་མྱོང་བ་དང་། དགེ་ཆོས་སོགས་ཀྱིས་དབྱིན་ཇིས་བོད་ཟ་འདོད་ཀྱི་མཆེ་བ་གཙུགས་ནས་ཡོད་པའི་ཚུལ་ཡང་གསལ་ཞིབ་ཏུ་ཤེས་ཏེ་ཁོང་སྤྲང་བརྫུས་ཀྱིས་བོད་ཀྱི་ས་མཚམས་དངོས་སུ་ཕེབས་ཏེ་བརྟག་དཔྱད་དང་ས་ཁྲ་བྲིས་པའི་ཚུལ་སོགས་དབྱིན་ཇི་བས་ཚོར་རྗུས། དབྱིན་ཇི་བ་རང་གིས་ལག་མ་འགུལ་བར་བོད། བཀའ་ཤག་ལ་དགེ་ཆོས་ནི་རྒྱ་གར་གུང་ཁྲན་ཏང་གི་གསང་ཉུལ་བ་ཡིན་ཚུལ་གྱི་དབྱེན་སྦྱོར་གསང་བརྡར་བཏང་བར།བདེན་རྫུན་གྱི་དབྱེ་བ་མི་ཁོར་བའི་དེ་སྐབས་ཀྱི་བོད་བཀའ་ཤག་ཀ་ཤོད་པ་སོགས་ཀྱིས་དངུལ་ལོར་རྫུན་མ་བཟོས་པར་བསྙད་བཏགས་ཏེ་འཛིན་བཟུང་བྱས་པ་དེའོ།།           

3 བརྩམས་ཆོས།

ཁོང་གི་བརྩམས་ཆོས་རགས་ཙམ་ཞུས་ན། 《དེབ་ཐེར་དཀར་བོ》《སིང་ག་ལའི་ལམ་ཡིག》《རྒྱལ་བོ་ར་མ་ཎའི་རྟོགས་བརྗོད》《བྱ་ལེན་མའི་རྟོགས་བརྗོད》《གངས་རིའི་སྐོར》《ཞང་དགའ་བའི་བློ་གྲོས་ཀྱི་དྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《དབུ་ཚད་དཀའ་བའི་གནད》《ལུ་བྱེད་མཐའ་དཔྱད》《འདོད་པའི་བསྟན་བཅོས》《རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག》《དྷིཿཚ་སྐམ་པོས་ཕུལ་བའི་ཞུ་ཡིག》《ལེགས་ལྡན་ནག་པོའི་གླུ》《སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག》《ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག》《འཛམ་གླིང་རྒྱས་བཤད》《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《དབུ་ཚད་ཀྱི་དཀའ་བའི་གནད》སུམ་རྟགས་སྐོར་ཐོར་བུ།སྙན་ངག་ཀྱི་དཀའ་གནད་ཐོར་བུ་སོགས་མང་བོ་ཞིག་ཡོད་པའོ།། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།