རྒྱུད་སྡེ་བཞི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྒྱུད་སྡེ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ནང་བསྟན།)

རྒྱུད་སྡེ་བཞི་ནི་སངས་རྒྱས་ཆོས་ལུགས་ཀྱི་བྱ་བ་ལ་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེ་བ་སྟེ། བྱ་རྒྱུད་དང་སྤྱོད་རྒྱུད་རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡིན་ཞིང་། རྒྱུད་སྡེ་བཞིའི་གོ་དོན་ཐད་ལ་ས་སྐྱ་པ་དང་། རྙིང་མ་བ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་ཀྱི་གྲུབ་མཐའ་སོ་སོས་གསུང་ཚུལ་ཅུང་ཙམ་མི་འདྲ་བ་རེ་ཡོད་པ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四部(四续部)
ཁོངས་གཏོགས།
ནང་སྟན་གྱི་བརྡ་ཆད།
1 བྱ་རྒྱུད།

བྱ་རྒྱུད་ལ་ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་ལམ་བསྒོམ་པའི་ཆ་ནས་བཞག་པ་དང་། སྤྱིར་རྒྱུད་སྡེ་འོག་མའི་ལམ་ཉམས་སུ་ལེན་པ་ལ་མཚན་བཅས་མཚན་མེད་གཉིས་ཡོད་ཅིང་བྱ་རྒྱུད་ཀྱི་ལམ་ཉམས་སུ་ལེན་པ་ལ་རྒྱལ་བའི་སྐུ་སྒྲུབ་བྱེད་དང་། གསུང་སྒྲུབ་བྱེད། ཐུགས་སྒྲུབ་བྱེད་གསུམ་ཡོད་དེ། སྐུ་ཆགས་ཅན་སྒྲུབ་པའི་ལམ་ལ་བྱ་རྒྱུད་ལྷ་དྲུག་གི་སྒོ་ནས་ཆགས་ཅན་གྱི་ལྷ་སྐུར་སྐྱེད་པ་དང་། གསུང་སྒྲུབ་བྱེད་རྣལ་འབྱོར་ལ་ཤུབ་བུའི་བཟླས་པ་དང་། ཡིད་བཟླས་དེས་རྒྱལ་བའི་གསུང་སྒྲུབ་པ། ཐུགས་སྒྲུབ་བྱེད་དེ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཞེས་སྒྲ་མཐར་ཐར་བ་སྟེར་པའི་བསམ་གཏན་ཡོད་ཅིང་། དེའི་སྔོན་འགྲོ་ལ་མེ་གནས་ཀྱི་བསམ་གཏན་དང་། སྒྲ་གནས་ཀྱི་བསམ་གཏན་གཉིས་ཡོད་དོ།།

2 སྤྱོད་རྒྱུད།

སྤྱོད་རྒྱུད་ནི་ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའི་སྒོ་ནས་གསང་སྔགས་ཀྱི་ལམ་བསྒོམ་ཚུལ་གཙོ་བོར་བསྟན་པའི་རྒྱུད་རྣམས་ཡིན་ཞིང་། སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱུང་ལེའུ་ཉེར་དྲུག་པ། དེའི་རྒྱུད་ཕྱི་མ་ལེའུ་བདུན་པ། ཕྱག་རྡོར་དབང་བསྐུར་བམ་པོ་བཅུ་གཉིས་པ་མ་གཏོགས་བོད་དུ་འགྱུར་མེད་གསུངས། འདིའི་ལམ་ལ་མཚན་བཅས་མཚན་མེད་གཉིས་ཀྱི་རྣལ་འབྱོར་གཉིས་ལས་མཚན་མེད་ཀྱི་རྣལ་འབྱོར་ནི་སྟོང་ཉིད་སྒོམ་པ་གཙོ་བོར་མི་བྱེད་པའི་གནས་སྐབས་ཀྱི་ལྷའི་རྣལ་འབྱོར་ཡིན་ལ་སྟོང་ཉིད་སྒོམ་པ་གཙོ་བོར་མི་བྱེད་པའི་ལྷའི་རྣལ་འབྱོར་ལ་མཚན་བཅས་ཀྱི་རྣལ་འབྱོར་ཟེར་ཏེ་དང་བོ་སྟོང་ཉིད་སྒོམ་པ་དང་མ་བཅས་པའི་ལྷའི་སྒོམ་བཟླས་ཡིན་ལ། གཉིས་པ་ནི་སྟོང་ཉིད་སྒོམ་པ་དང་བཅས་པའི་ལྷའི་སྒོམ་བཟླས་ལ་བྱ་ཡི་སྟོང་ཉིད་རྐྱང་བ་སྒོམ་པ་ལ་མི་བྱ་སྟེ་སྟོང་ཉིད་རྐྱང་བ་བསྒོམས་ནས་འཚང་རྒྱ་བ་མེད་ལ་མཚན་མ་མེད་པས་དངོས་གྲུབ་གཉིས་ཀ་འགྲུབ་པར་གསུངས་པས་སོ།།

3 རྣལ་འབྱོར་རྒྱུད།

རྣལ་འབྱོར་རྒྱུད་ནི་ནང་ཐབས་ཤེས་གཉིས་ཀྱི་རྣལ་འབྱོར་དང་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཡིན་ལ། དེ་ལ་གཙོ་བོ་རྡོར་དབྱིངས་དང་། ངན་སོང་སྦྱོང་རྒྱུད། ཀུན་རིག་གི་སྐོར་དག་ཡིན། རྣལ་འབྱོར་རྒྱུད་ཀྱི་སྤྱིའི་འགྲོས་ལྟར་ན་སྦྱང་གཞི་སྒྲུབ་པ་བོའི་ལུས་ངག་ཡིད་གསུམ་དང་བྱ་བ་བཞི། སྦྱོང་བྱེད་ཀྱི་ལམ་ལ་སྐུ་ཕྱག་རྒྱ། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲིན་ལས་རྒྱ་ཞེས་གཙོ་བོ་ནང་གི་ཕྱག་རྒྱ་བཞི་དང་དེ་དང་འབྲེལ་བའི་ཕྱིའི་ཕྱག་རྒྱ་བཞི་བཅས་ཕྱི་ནང་གི་ཕྱག་རྒྱ་བཞི་བྱས་པ་འདིས། སྦྱོང་བ་བོའི་ལུས་ངག་གི་བྱ་བ་དང་བཅས་པ་སྦྱངས་པའི་འབྲས་བུར་རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ཡོད་དོ།།

4 རྣལ་འབྱོར་བླ་མེད་རྒྱུད།

རྣལ་འབྱོར་བླ་མེད་རྒྱུད་ནི་གཞི་ལམ་འབྲས་གསུམ་གྱི་སྐབས་སུ་ཐབས་ཤེས་གཉིས་མེད་ཀྱི་སྦྱོར་ཚུལ་གཙོ་བོར་སྟོན་ཅིང་། དེ་ལས་ལྷག་པའི་རྒྱུད་སྡེ་གཞན་མེད་པ་ཞིག་ཡིན། དབྱེ་ན། ཕ་རྒྱུད། མ་རྒྱུད་གཉིས་ཏེ་སྒྱུ་ལུས་གཙོ་བོར་བཤད་པ་ལ་ཕ་རྒྱུད་དང་འོད་གསལ་གཙོ་བོ་བཤད་པ་ལ་མ་རྒྱུད་ཟེར་བ་ཡིན་ནོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།