པེ་ཅིང་སློབ་གྲྭ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་སློབ་གྲྭ་ཆེན་མོ།
པེ་ཅིང་སློབ་གྲྭ་ཆེན་མོ་ནི1898ལོར་བཙུགས་ཤིང་། ཐོག་མའི་དུས་སུ་རྒྱལ་སའི་སློབ་གྲྭ་ཆེན་མོ(京师大学堂)ཟེར་ཞིང་། ཀྲུང་གོའི་ཉེ་རབས་ཀྱི་རྒྱལ་བཙུགས་སློབ་ཆེན་ཐོག་མ་ཡིན་པར་མ་ཟད། སློབ་གྲྭ་ཆེན་མོ་ཞེས་པའི་མིང་ནས་བཙུགས་པའི་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་ལ། སློབ་ཆེན་འདི་བཙུགས་པ་ནས་བཟུང་ཀྲུང་གོའི་ཉེ་རབས་ཀྱི་མཐོ་རིམ་སློབ་གསོའི་འགོ་ཚུགས་པ་མཚོན། དེར་མ་ཟད་ཀྲུང་གོའི་ཉེ་རབས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་གྲྭའི་ཐོབ་ཐང་སྟེང་བཙུགས་པའི་སློབ་གྲྭ་ཁོ་ན་ཡིན་ལ། ཐོག་མའི་དུས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱང་ཡིན་པས། སློབ་གསོ་པུའི་འགན་ནུས་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་སློབ་གསོར་དོ་དམ་བྱེད་ཀྱིན་ཡོད། པེ་ཅིང་སློབ་ཆེན་གྱིས་ཀྲུང་གོའི་ཆེས་སྔ་མོའི་དེང་རབས་ཀྱི་སློབ་གྲྭའི་ལམ་ལུགས་གྲུབ་ཐུབ་པར་སྐུལ་འདེད་བྱས་ཐོག ཀྲུང་གོའི་ཆེས་སྔ་མོའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་རིག་ཚན། སྤྱི་ཚོགས་རིག་ཚན། ཞིང་ལས་རིག་ཚན་སོགས་སློབ་ཆེན་གྱི་རིག་ཚན་ཐོག་མ་གསར་དུ་བསྐྲུན་པས། ཉེ་རབས་ཀྱི་ཀྲུང་གོའི་མཐོ་རིམ་སློབ་གསོའི་རྨང་བཏིངས་པ་རེད། པེ་ཅིང་སློབ་ཆེན་ནི་སློབ་གསོ་པུའུ་ལ་ཐད་ཀར་གཏོགས་ཤིང་། ལས་གྲྭ211དང་། ལས་གྲྭ985། འཆར་གཞི2011བཅས་རྒྱལ་ཡོངས་ཀྱི་གཙོ་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དུ་གཏོགས་པར་མ་ཟད། མནའ་འབྲེལ་སློབ་ཆེན་དགུ་དང་། ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་རྣམ་པའི་སློབ་ཆེན་མཐུན་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་རྣམ་པའི་སློབ་ཆེན་མཐུན་ཚོགས་སོགས་ཀྱི་ཁོངས་ཞུགས་སློབ་ཆེན་གཙོ་བོ་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京大学
སློབ་གྲྭའི་བསླབ་སྡོམ།
རྒྱལ་གཅེས། ཡར་རྒྱས། དམངས་གཙོ། སློབ་གསོ།
ཕྱི་ཡིག་གི་མིང་།
Peking University
སློབ་གླུ།
ཡན་ཡོན་གྱི་བརྩེ་བ།
བཙུགས་ལོ།
1898ལོའི་ཟླ7པའི་ཚེས3པ།
སློབ་གླིང་གཙོ་བོ།
རྩིས་ཚན་སྡེ། སྤྱི་ཚོགས་ཚན་རིག་སྡེ། ཆ་འཕྲིན་དང་བཟོ་གྲྭའི་ཚན་རིག་སྡེ། མི་ཆོས་རིག་པའི་སྡེ་སོགས།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན། རྒྱལ་ཡོངས་ཀྱི་གཙོ་གྱུར་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས་སློབ་ཆེན།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་པེ་ཅིང་།
ལས་ཐོག་སློབ་གཙོ།
ལིན་ཅེན་ཧྭ།
གཙོ་གཉེར་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
སློབ་གྲྭའི་ས་གནས།
པེ་ཅིང་གྲོང་ཁྱེར་ཧའེ་ཏེན་གྲོང་ཁུལ་དབྱི་ཧོ་སྐྱེད་ཚལ་ལམ་གྱི་སྒོ་རྟགས་ཨང5པ།
རྒྱལ་ཁབ་ཀྱི་གཙོ་གྱུར་རིག་ཚན།
131
བྱ་དགའ་གཙོ་བོ།
རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་མི2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཨང་གཉིས་པ་ཁག11ཐོབ། ནོ་པེའོ་བྱ་དགའ་ཐོབ་པའི་མཚན་འཛིན་དགེ་རྒན་ཆེན་མོ་མི16སོགས།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
263
གླིང་གཉིས་ཀྱི་ཡོའན་ཧྲི།
མི87(ཀྲུང་གོའི་ཚན་རིག་གླིང་དུ་མི74དང་ཀྲུང་གོའི་བཟོ་སྐྲུན་གླིང་དུ་མི13ཡོད།)
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
312
འཕེལ་ཕྱོགས་ངེས་གཟུང་།
འཛམ་གླིང་གི་རྩེ་གྲའི་སློབ་ཆེན།
འབུམ་རམས་པ་ཕྱི་མའི་སྐོར་སྐྱོད་ས་ཚིགས།
47
སློབ་གྲྭའི་ཚབ་ཨང་།
10001
གཞུང་ཕྱོགས་དྲ་གནས།
www.pku.edu.cn
སློབ་སྟོན།
ཟླ5པའི་ཚེས4ཉིན།
1 ལོ་རྒྱུས་འཕེལ་རིམ།

པེ་ཅིང་སློབ་གྲྭ་ཆེན་མོ་ནི1898ལོར་བཙུགས་ཤིང་། ཐོག་མའི་དུས་སུ་རྒྱལ་སའི་སློབ་གྲྭ་ཆེན་མོ(京师大学堂)ཟེར་ཞིང་། ཀྲུང་གོའི་ཉེ་རབས་ཀྱི་རྒྱལ་བཙུགས་སློབ་ཆེན་ཐོག་མ་ཡིན་པར་མ་ཟད། སློབ་གྲྭ་ཆེན་མོ་ཞེས་པའི་མིང་ནས་བཙུགས་པའི་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་ལ། སློབ་ཆེན་འདི་བཙུགས་པ་ནས་བཟུང་ཀྲུང་གོའི་ཉེ་རབས་ཀྱི་མཐོ་རིམ་སློབ་གསོའི་འགོ་ཚུགས་པ་མཚོན།

1911ལོར་ལྕགས་ཕག་ལོའི་གསར་བརྗེ་བྱུང་བ་དང་། དེའི་ཕྱི་ལོར་པེ་ཅིང་སློབ་ཆེན་ཞེས་པར་མིང་བརྗེས་ལ། དུས་དེར་སློབ་གསོ་བ་དང་ལོ་ཙཱ་བ་གྲགས་ཅན་ཡན་ཧྥུའུ་ལགས་ཀྱིས་མིང་བརྗེས་པའི་རྗེས་ཀྱི་སློབ་གཙོ་ཐོག་མའི་འགན་བཞེས།

1916ལོར་སློབ་གསོ་བ་གྲགས་ཅན་ཚའེ་ཡོན་ཕེ་ལགས་ཀྱིས་སློབ་གཙོའི་འགན་བཞེས་ནས། བཅོས་སྒྱུར་མཛད་དེ་པེ་ཅིང་སློབ་ཆེན་དེ་རྒྱལ་ཡོངས་ཀྱི་རིག་གཞུང་དང་བསམ་བློའི་ལྟེ་གནས་སུ་བསྐྲུན་པར་བརྒྱུད། པེ་ཅིང་སློབ་ཆེན་དེ་རིག་གནས་གསར་བའི་ལས་འགུལ་གྱི་ལྟེ་གནས་དང་ལྔ་བཞི་ལས་འགུལ་གྱི་འབྱུང་གནས་སུ་གྱུར།

1937ལོར་འཇར་འགོག་དམག་འཁྲུག་བྱུང་ལ། པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་ཟླ་སྒྲིལ་བཏང་ནས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་བཙུགས།

1946ལོར་ཡང་བསྐྱར་པེ་ཕིན་དུ་སློབ་གྲྭ་སླར་གསོ་བྱས།

1949ལོར། པེ་ཅིང་སློབ་ཆེན་གྱི་སློབ་གསོ་སྡེ་ཁག་དེ་པེ་ཅིང་དགེ་འོས་སློབ་ཆེན་དུ་ཟླ་སྒྲིལ་བཏང་།

1952ལོར་སློབ་གླིང་དང་སྡེ་ཁག་ལེགས་སྒྲིག་བྱེད་དུས་ཆིན་ཧྭ་སློབ་ཆེན་དང་ཡན་ཅིང་སློབ་ཆེན་གྱི་རིག་རྩིས་ཚན་ལས་དགེ་རྒན་ཁག་ཅིག་པེ་ཅིང་སློབ་ཆེན་དུ་ཟླ་སྒྲིལ་བཏང་ཞིང་། སློབ་ཁུལ་དེ་པེ་ཅིང་གི་མཁར་ནང་ནས་སྔོན་མའི་ཡན་ཅིང་སློབ་ཆེན་གྱི་ས་གནས་ཏེ་ནུབ་བྱང་གྲོང་མཐའི་ཡན་ཡོན་ཞེས་པའི་གནས་སུ་སྤར་ལ། སྔོན་མའི་པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཡན་ཅིང་སློབ་ཆེན་གསུམ་གྱི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་མཁས་པ་གྲགས་ཅན་རྣམས་པེ་ཅིང་སློབ་ཆེན་དུ་འདུས་པས། སློབ་ཆེན་འདི་གའི་རིག་རྩིས་ཚན་གྱི་ཐད་ལ་རྨིང་བརྟན་པོ་ཞིག་བཏིངས་པ་རེད།

1955ལོར། ཀྲུང་གོའི་ཉིང་རྡུལ་བཟོ་ལས་མ་ལག་འཛུགས་སྐྲུན་བྱེད་ཆེད་པེ་ཅིང་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་རྡུལ་ཕྲན་ནུས་པའི་འཇོན་མི་སྐྱེད་སྲིང་རྟེན་གཞི་སྟེ་དངོས་ལུགས་ཞིབ་འཇུག་ཁང་བཙུགས།

1965ལོའི་ཟླ3པ་ནས་བཟུང་། པེ་ཅིང་སློབ་ཆེན་གྱི་ཧྲའན་ཞི་ཧན་ཀྲུང་དུ་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་འགོ་བརྩམས།(སྐབས་ཐོག་དེར“ལས་གྲྭ653”ཟེར།)

1970ལོའི་ཟླ6པའི་ཚེས27ཉིན། ལོ་བཞི་ལ་སློབ་མ་བསྡུ་མཚམས་བཞག་རྗེས། ལོ་དེར་ཡང་བསྐྱར་བཟོ་ཞིང་དམག་གསུམ་གྱི་སློབ་མ་བསྡུས།

1975ལོར། པེ་ཅིང་སློབ་ཆེན་གྱི་དཔེ་མཛོད་ཁང་གསར་བ་སྤྱོད་འགོ་བརྩམས་ཤིང་། དུས་དེར་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བ་དང་སྒྲིག་ཆས་ཆེས་བཟང་བ། དཔེ་ཉར་ཆེས་མང་བའི་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ཞིག་ཡིན་པ་རེད།

1976ལོའི་ཟླ10པར། ཏང་ཀྲུང་དབྱང་གིས་གསར་བརྗེ་ངོ་ལོག་ཚོགས་ཁག་སྟེ་མི་བཞིའི་ཤོག་ཁག་རྩ་མེད་དུ་བཏང་ནས་ལོ་བཅུའི་ནང་འཁྲུག་མཇུག་བསྒྲིལ་ཞིང་། བློ་མཐུན་ཏིང་ཞའོ་ཕིང་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཀྱི་ཐུགས་ཁུར་འོག  པེ་ཅིང་སློབ་ཆེན་གྱི་སློབ་གྲྭའི་སྒྲིག་ལམ་སླར་གསོ་བྱས་པར་མ་ཟད། 1978ལོའི་དཔྱིད་ཀར་རིག་གསར་རྗེས་སུ་མཐོ་རྒྱུགས་བརྒྱུད་པའི་སློབ་ཆེན་པ་སྐོར་ཁག་དང་པོ་བསྡུས།

1996ལོའི་ཟླ10པ་དང་། 1998ལོའི་ཟླ5པར། པེ་ཅིང་སློབ་ཆེན་དེ་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི“ལས་གྲྭ211”དང“ལས་གྲྭ985”ཡི་གཙོ་ཆེར་འཛུགས་སྐྲུན་གྱི་སྐོར་ཁག་དང་པོའི་སློབ་ཆེན་དུ་ཚུད།

1998ལོའི་ཟླ5པའི་ཚེས4ཉིན། པེ་ཅིང་སློབ་ཆེན་གྱིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ལོ་བརྒྱའི་སློབ་གྲྭའི་དགའ་སྟོན་སྤེལ་ཞིང་། སྐབས་ཐོག་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི་ཅང་ཙུ་མིན་ལགས་དགའ་སྟོན་ལ་ཞུགས།

2000ལོའི་ཟླ4པའི་ཚེས3ཉིན། འབྱུང་རྩ་གཅིག་པའི་པེ་ཅིང་སློབ་ཆེན་དང་པེ་ཅིང་གསོ་རིག་སློབ་ཆེན་གཉིས་ཟླ་སྒྲིལ་བཏང་ནས་སྔར་ལས་ལྷག་པའི་པེ་ཅིང་སློབ་ཆེན་ཞིག་སྒྲིག་འཛུགས་བྱས།

2001ལོར། ཡོན་ཕེའི་འཆར་གཞི་ཞེས་པ་སྤེལ་ནས་འཇོན་མི་སྐྱེད་སྲིང་གི་དཔེ་དབྱིབས་གསར་བ་ལག་བསྟར་བྱས།

2001-2002ལོའི་བར། པེ་ཅིང་སློབ་ཆེན་གྱིས་སྔ་རྗེས་སུ་སྲིད་གཞུང་དོ་དམ་སློབ་གླིང་དང་། གསར་འགྱུར་དང་སྒྲོག་སྤེལ་སློབ་གླིང་། དངོས་ལུགས་རིག་པའི་སློབ་གླིང་། ཁོར་ཡུག་སློབ་གླིང་། ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་སོགས་སྒྲིག་འཛུགས་དང་གསར་དུ་བསྐྲུན་པ་རེད།

2014ལོའི་ཟླ5པར། པེ་ཅིང་སློབ་ཆེན་གྱིས་ཡན་ཅིང་སློབ་གྲྭ་ཞེས་པའི་ལས་གཞི་སྤེལ་ནས། རྒྱལ་ཁབ་ཕྱི་ནང་གི་སློབ་ཆེན་རྩེ་གྲའི་སློབ་མར་ལོ་གཅིག་ལམ་ལུགས་ཀྱི་ཀྲུང་གོ་རིག་པ་ཞེས་པའི་རབ་འབྱམས་པའི་བསླབ་གནས་བཙུགས།

2015ལོའི་ཟླ10པར། པེ་ཅིང་སློབ་ཆེན་ནས་མཐར་ཕྱིན་པའི་ཐུའུ་ཡོའུ་ཡོའུ་ལ་ནོ་པེའོ་གསོ་རིག་བྱ་དགའ་ཐོབ་ཅིང་། ཁོང་ནི་ནོ་པེའོ་གསོ་རིག་བྱ་དགའ་ཐོབ་པའི་ཀྲུང་གོའི་ཚན་རིག་པ་ཐོག་མ་ཡིན་པ་རེད།

2016ལོའི་ཟླ1པོའི་ཚེས5ཉིན། རང་རྟོགས་ཀྱིས་ཇུས་འགོད་བྱས་པའི་བསླབ་གནས་འཛིན་ཡིག་ཐོག་མར་བཀྲམ་ཞིང་། དངོས་སུ་སྤྱོད་འགོ་བརྩམས།

2 རིག་གཞུང་ཞིབ་འཇུག
2_1 ཞིབ་འཇུག་སྡེ་ཁག

2014ལོའི་བར་དུ་པེ་ཅིང་སློབ་ཆེན་ལ་ཁྱོན་བསྡོམས་ཚོད་ལྟ་ཁང157ཡོད་པའི་ཁྲོད། རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁང1དང་། རྒྱལ་ཁབ་ཀྱི་གཙོ་གྱུར་ཚོད་ལྟ་ཁང11། རྒྱལ་ཁབ་རིམ་པའི་གཙོ་གྱུར་ཚོད་ལྟ་ཁང2། རྒྱལ་ཁབ་ཀྱི་བཟོ་སྐྲུན་ཚོད་ལྟ་ཁང2། རྒྱལ་ཁབ་ཀྱི་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས2། སློབ་གསོ་པུའི་གཙོ་གྱུར་ཞིབ་འཇུག་ལྟེ་གནས18། པེ་ཅིང་གྲོང་ཁྱེར་གྱི་གཙོ་གྱུར་ཚོད་ལྟ་ཁང6། པེ་ཅིང་གྲོང་ཁྱེར་གྱི་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས2། འཕྲོད་བསྟེན་པུའི་གཙོ་གྱུར་ཚོད་ལྟ་ཁང6། སློབ་གསོ་པུའི་དྲ་ཐོག་མཉམ་ལས་ཞིབ་འཇུག་ལྟེ་གནས6། སློབ་གསོ་པུའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་གཙོ་གྱུར་ཞིབ་འཇུག་རྟེན་གཞི13། མི་ཆོས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་སྡེ་ཁག་རིགས་སྣ་ཚོགས232སོགས་ཡོད།

2_2 དཔྱད་འབྲས།

རང་བྱུང་ཚན་རིག་ཞིབ་འཇུག

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས། པེ་ཅིང་སློབ་ཆེན་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་བྱ་དགའ་སྣ1ཐོབ་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གཉིས་པ་སྣ11ཐོབ། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་སྣ8ཐོབ། ཁྱོན་བསྡོམས་དཔྱད་རྩོམ་བཅུ་འཛམ་གླིང་གི་དུས་དེབ་གྲགས་ཅནNature དངScienceཞེས་པ་གཉིས་ཀྱི་སྟེང་འགྲེམ་སྤེལ་བྱས།

མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག

པེ་ཅིང་སློབ་ཆེན་དུ་གཞོན་དར་མཁས་པ་མི25རྒྱལ་ཁབ་ཀྱི“དུས་རབས་ལས་བརྒལ་བའི་ཕུལ་བྱུང་འཇོན་མི་སྐྱེད་སྲིང་གི་འཆར་གཞི”ཁྲོད་བདམས་པ་དང་། མཁས་པ་མི45རྒྱལ་ཁབ་ཀྱི“དུས་རབས་གསར་བའི་ཕུལ་བྱུང་འཇོན་མི་སྐྱེད་སྲིང་གི་འཆར་གཞི”ཁྲོད་བདམས་པ་རེད།

2_3 རིག་གཞུང་ཐོན་ཁུངས།

མཛོད་ཉར་ཐོན་ཁུངས།

པེ་ཅིང་སློབ་ཆེན་ནི1898ལོར་བསྐྲུན་པ་དང་། ཀྲུང་གོའི་ཉེ་རབས་ཀྱི་རྣམ་པ་གསར་བའི་རྒྱལ་བཙུགས་དཔེ་མཛོད་ཁང་ཐོག་མ་ཡིན་པར་མ་ཟད། གླིང་ཆེན་ཨེ་ཤ་ཡའི་ཆེས་ཆེ་བའི་དཔེ་མཛོད་ཁང་ཡིན། 2015ལོའི་ལོ་མཇུག་བར་དུ་རྒྱུ་ཆའི་ཐོན་ཁུངས་ཉར་ཚད་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་ཡོད། དཔེ་མཛོད་ཁང་དུ་ཉར་བའི་རྒྱ་ཡིག་གི་དཔེ་རྙིང་དེབ་ས་ཡ་གཅིག་དང་འབུམ་ལྔ་ཡོད་པ་དེར་འཛམ་བུ་གླིང་གི་ཁྱོན་དུ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེའི་ཁྲོད་དུས་རབས5པ་ནས་དུས་རབས18པའི་བར་གྱི་དཔེ་རྙིང་རྩ་ཆེན་འབུམ་གཉིས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གཅེས་ནོར་ལྟ་བུར་ཆགས་ཡོད།

རིག་གཞུང་དུས་དེབ།

པེ་ཅིང་སློབ་ཆེན་གྱིས་འགྲེམ་སྤེལ་བྱེད་བཞིན་པའི་རིག་གཞུང་དུས་དེབ་ཁག་ཅིག་ནི་རྒྱལ་སྤྱིའི་སློབ་ཆེན་གྲགས་ཅན་གྱི་ཁས་ལེན་ཐོབ་ཡོད་པའི་ཀྲུང་གོའི་རིག་གཞུང་དུས་དེབ་ཉུང་གྲས་ཡིན་ལ། ཨོ་ཁུ་སི་ཧྥོར་ཏི་སློབ་ཆེན(University of Oxford)དང་ཁཱི་ལམ་པེའུ་སློབ་ཆེན(Columbia University in the City of New York)སོགས་སུ་མཉམ་འབྲེལ་བྱས་ནས་སྤེལ་བཞིན་པའི་དུས་དེབ་ཀྱང་ཁ་ཤས་ཡོད་པ་རེད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་སྒྲིག་འཛུགས།

པེ་ཅིང་སློབ་ཆེན་དུ་མི་ཆོས་དང་། རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག ཆ་འཕྲིན་དང་བཟོ་སྐྲུན། གསོ་རིག་བཅས་སློབ་སྡེ་ཆེ་ཤས5ཡིས་གྲུབ་ཅིང་། ཐད་གཏོགས་སློབ་གླིང་དང་སྡེ་ཁག62ཡོད། 2014ལོའི་བར་དུ་དངོས་གཞིའི་ཆེད་ལས120ཡོད་པ་རེད།

3_2 སློབ་ཁྲིད་འཛུགས་སྐྲུན།

2014ལོའི་ཟླ7པའི་བར་དུ། པེ་ཅིང་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཆེད་ལས་ཁྱད་ཆོས་ཅན39དང་། རྒྱལ་ཁབ་རིམ་པའི་དགེ་རྒན་མཚན་སྙན་ཅན16། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ14། རྒྱལ་ཁབ་རིམ་པའི་འཇོན་མི་སྐྱེད་སྲིང་རྟེན་གཞི21། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས8། རྒྱལ་ཁབ་རིམ་པའི་མཆོག་གྱུར་བསླབ་ཚན་སྣ90། རྒྱལ་ཁབ་རིམ་པའི་མཆོག་གྱུར་བརྙན་གཟུགས་བསླབ་ཚན་སྣ6། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རྒྱལ་ཁབ་རིམ་པའི་འཆར་བཀོད་བསླབ་གཞི་སྣ80། རྒྱལ་ཁབ་རིམ་པའི་མཆོག་གྱུར་ཐོན་ཁུངས་མཉམ་རོལ་བསླབ་ཚན་སྣ29བཅས་ཡོད་པ་རེད།

3_3 རིག་ཚན་འཛུགས་སྐྲུན།

2014ལོའི་ཟླ7པའི་བར་དུ། པེ་ཅིང་སློབ་ཆེན་ལ་རིམ་གཅིག་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས50དང་། རིམ་གཉིས་རིག་ཚན་གྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས263། རིམ་གཅིག་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས52། རིམ་གཉིས་རིག་ཚན་ལས་རྒྱལ་ཁབ་ཀྱི་གཙོ་གྱུར་རིག་ཚན86།  རྒྱལ་ཁབ་ཀྱི་གཙོ་གྱུར་གསོ་སྤེལ་རིག་ཚན3བཅས་ཡོད། དེ་ལས་གཞན་ཆེད་ལས་ཀྱི་ཐོབ་ཐང་སྤྲོད་གནས28ཡོད་པ་རེད།

3_4 རིག་ཚན་གྱི་ཨང་རིམ།

2013ལོར་སློབ་གསོ་པུའི་བསླབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོ་གོང་སྤེལ་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། དཔྱད་བསྡུར་ཁྲོད་ཞུགས་པའི་རིམ་གཅིག་རིག་ཚན95ཡི་ཁྲོད་པེ་ཅིང་སློབ་ཆེན་གྱི་དཔྱད་ཞུགས་རིག་ཚན48ཡོད་ལ། དེའི་ཁྲོད་ཨང་དང་པོར་བདམས་པའི་རིག་ཚན16དང་རྩེ་གྲའི་ཨང་རིམ་གསུམ་དུ་ཚུད་པའི་རིག་ཚན35། རྩེ་གྲའི་ཨང་རིམ་ལྔ་རུ་ཚུད་པའི་རིག་ཚན38བཅས་ཡོད་པས། གྲངས་འབོར་དེ་དག་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཁྲོད་ཨང་དང་པོར་ཆགས།

3_5 རྒྱལ་སྤྱིའི་མཚན་སྙན།

2014ལོའིQSའཛམ་གླིང་གི་སློབ་ཆེན་གྱི་རིག་ཚན་ཨང་རིམ་ཁྲོད་པེ་ཅིང་སློབ་ཆེན་གྱི་རིག་ཚན21འཛམ་གླིང་ཡོངས་ཀྱི་རྩེ་གྲའི་ཨང་རིམ50ཡི་ཁྲོད་དུ་ཚུད།

2015ལོའིQSའཛམ་གླིང་གི་སློབ་ཆེན་གྲགས་ཅན་གྱི་ཨང་རིམ་ཁྲོད་པེ་ཅིང་སློབ་ཆེན་ཨང57པར་བསྒྲིགས།

3_6 དགེ་རྒན་གྱི་དཔུང་སྡེ།

2014ལོའི་ཟླ7པའི་བར་དུ། པེ་ཅིང་སློབ་ཆེན་ལ་ཆེད་བསྐོས་དགེ་རྒན་མི6441ཡོད་ཅིང་། དེ་ལས་དགེ་རྒན་ཆེན་མོ་མི1701དང་དགེ་རྒན་ཆེན་མོ་གཞོན་པ་མི2037ཡོད། ཀྲུང་གོ་ཚན་རིག་གླིང་གི་ཡོའན་ཧྲི་མི74དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོའན་ཧྲི་མི13། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་གླིང་གི་ཡོའན་ཧྲི་མི21སོགས་ཡོད།

4 སློབ་གྲྭའི་ཁོར་ཡུག

པེ་ཅིང་སློབ་ཆེན་གྱི་སློབ་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ7000ཡོད་དེ། ཡན་ཡོན་སློབ་ཁུལ་དང་། གསོ་རིག་སྡེའི་སློབ་ཁུལ། ཁྲང་ཕིང་སློབ་ཁུལ། ཏཱ་ཞིན་སློབ་ཁུལ། ཝུའུ་ཞི་སློབ་ཁུལ། ཧྲེན་ཀྲེན་སློབ་ཁུལ་བཅས་སློབ་ཁུལ6ཏུ་བཀར་ཡོད། དེ་ལས་ཡན་ཡོན་སློབ་ཁུལ་ནི་པེ་ཅིང་སློབ་ཆེན་གྱི་ལྟེ་བ་ཡིན་ལ། སའི་རྒྱ་ཁྱོན་ལ་མུའུ2925ཡོད་པ་དང་། ཁྲང་ཕིང་སློབ་ཁུལ་གྱི་སའི་རྒྱ་ཁྱོན་ལ་མུའུ550ལྷག་ཡོད། ཏཱ་ཞིན་སློབ་ཁུལ་ནི་པེ་ཅིང་སློབ་ཆེན་གྱི་མཉེན་ཆས་དང་གློག་རྡུལ་སློབ་གླིང་གི་སྡོད་གནས་ཡིན་པ་དང་། སའི་རྒྱ་ཁྱོན་ལ་མུའུ550ཡོད། ཝུའུ་ཞི་སློབ་ཁུལ་ཡང་མཉེན་ཆས་དང་གློག་རྡུལ་སློབ་གླིང་གི་སྡོད་གནས་ཡིན་ལ། 2008ལོ་ནས་སྤྱོད་འགོ་བརྩམས། པེ་ཅིང་སློབ་ཆེན་གསོ་རིག་སྡེ་ཁག་དེ་པེ་ཅིང་ཧའེ་ཏེན་གྲོང་ཁུལ་གྱི་སློབ་གླིང་ལམ་དུ་ཆགས་ཤིང་། སའི་རྒྱ་ཁྱོན་ལ་མུའུ990ཡས་མས་ཡོད། པེ་ཅིང་སློབ་ཆེན་ཧྲེན་ཀྲེན་ཞིབ་འཇུག་གླིང་གི་སའི་རྒྱ་ཁྱོན་ལ་མུའུ1243ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-01

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།