ཚད་མ་རིགས་ཐིགས།

རྒྱ་གར་སྐད་དུ། ནྱཱ་ཡ་བིནྡུ་ན་ནཱ་མ་པྲ་ཀ་ར་ན་དང་།
བོད་སྐད་དུ། རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་ཟེར།
གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་དུ་གྲགས་པ་ལས་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ཤིན་ཏུ་བསྡུས་པའི་བསྟན་བཅོས་ཡིན།
དཔལ་ཆོས་ཀྱི་གྲགས་པ་ནི་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར། མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་སྐྱེས་ཏེ། ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ། མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་པས། ཞང་པོས་ངན་དུ་སྨྲས་ཏེ་བསྐྲད་དོ།། སློབ་དཔོན་གྱི་དགོངས་པས། མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་སྟེ། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལས་བཏུས་ཚར་གསུམ་དུ་ཉན་པར་དམ་བཅས་ནས་མཉན་པས་དང་པོ་ལ་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་གོ གཉིས་པ་ལ་ཕྱོགས་གླང་གིས་དགོངས་པ་བཞིན་གོ་སྟེ། དབང་ཕྱུག་སྡེའི་འདོད་པ་ནོར་བར་རྟོགས་ནས། གསུམ་པ་གསུང་བར་ཞུས་པས། ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱེད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་འཆད་པའི་སྲོལ་མེད་པ་ལ། གཉིས་སུའང་བཤད་པ་ཡིན། ང་འདི་གཅིག་པུ་འཆད་པས་མི་ཕན། པཎྜི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས། རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ།། གསུངས་ནས་དེ་ལྟར་བྱས་པས། འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་ཏེ་སློབ་དཔོན་ལ་སྔར་གྱི་ཚུལ་བརྗོད་པས་ཤིན་ཏུ་མཉེས་ནས། ད་ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་པ་རྣམས། ཕྱོགས་སྔར་གྱིས་ལ། ཀུན་ལས་བཏུས་ལ། འགྲེལ་པ་རྩོམས་ཤིག། ཅེས་རྗེས་སུ་གནང་ངོ་།། དེ་ནས་སློབ་དཔོན་གྱིས་གྲངས་ཅན་གྱི་གྲུབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་རྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ། གྲུབ་མཐའི་གནད་འདི་འདྲ་འདྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་དྲི་ཡིས། ཁྱེད་རང་ཡིད་ལ་ཟུངས་ཟེར་ནས། མོའི་རྐང་པ་ལ་ཐག་པ་བཏགས་ནས། གང་དཀའ་བ་དེ་ལ་ཐག་པ་འཐེན་ནས་ལེགས་པར་ཤེས་པ་དང་བྲིས་ཏེ་གྲུབ་མཐའི་གནད་ཤེས་པས། ཐམས་ཅད་ཐུབ་པར་ཤེས་ཏེ། དེའི་ཚེ་མཁས་པ་ཡོད་ན་རྩོད་པར་བྱེད་དོ་ཞེས་དྲིལ་བསྒྲགས་པས་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་དེ། ཆོས་ཀྱི་ལམ་ལ་བཀོད་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི།། སྨྲ་བའི་ཉི་མ་ནུབ་པ་ན།། ཆོས་རྣམས་གཉིད་ལོག་ཡང་ན་ཤི།། ཆོས་མ་ཡིན་རྣམས་ད་གདོད་ལོངས།། ཞེས་ཆེད་དུ་བརྗོད་པ་མཛད་དོ།། བསྟོད་པ་བྱེད་པ་དག་གྱིས་ཀྱང་།། མུ་སྟེགས་རིགས་ལ་སྒྲ་ཚད་མཁས།། རྒོལ་བ་ཚར་གཅོད་མཁའ་ལ་གཤེགས།། དྷརྨ་ཀིརྟི་ཞེས་བྱ་བའི།། བླ་མ་དེ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དོ།། དེ་ནས་སློབ་དཔོན་རིམ་གྱིས་གྲོང་ཁྱེར་དང་ལྗོངས་རྒྱུ་ཞིང་། མཐར་རྒྱལ་པོ་མེ་ཏོག་རྒྱས་པའི་སྒོ་དྲུང་དུ་སླེབས་སྟེ་རྒྱལ་པོས་ད་ལྟ་སུ་མཁས་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ།། ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག། སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས།། མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན།། ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ།། ཞེས་གསུངས་པས། རྒྱལ་པོ་ན་རེ། དྷརྨཱ་ཀིརྟི་ཡིན་ནམ། དེ་སྐད་དུའང་གྲགས་སོ།། གསུངས་པ་དང་། རྒྱལ་པོས་གདན་དྲངས་ཏེ་སྦྱིན་བདག་མཛད་ནས། རབ་ཏུ་བྱེད་པ་སྡེ་བདུན་བརྩམས་ཏེ། མཇུག་ཏུ་རྣམ་འགྲེལ་གྱི་ལེའུ་དང་པོའི་རང་འགྲེལ་མཛད་དོ།། བསྟན་བཅོས་རྣམས་མཁས་པའི་གྲ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ།། ལ་ལས་ཤེས་ཀྱང་ཕྲག་དོག་བྱས་ནས་ཉེས་སོ།། ཞེས་བསྒྲགས་ཏེ་ཁྱི་མཇུག་ལ་བཏགས་པས། སློབ་དཔོན་ན་རེ། ཁྱི་གྲོང་དང་སྲང་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ།། ཞེས་གསུངས་ཤིང་། རྣམ་འགྲེལ་གྱི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།། དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་།། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།། སེམས་ནི་ཡུན་རིངས་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། ཞེས་པ་བཅུག་གོ་ཞེས་གྲག་གོ། དེ་ནས་པཎྜི་ཏ་ལྷ་དབང་བློ་ལ་འགྲེལ་པ་རྩོམ་པར་བསྐོས་པས་ལན་ཅིག་བརྩམས་ཏེ་གཟིགས་པ་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པས་མེས་བསྲེགས་པས། ཕྱིས་བརྩམས་ནས། ཕལ་ཆེར་སྐལ་བ་མེད་ཉིད་དང་།། དུས་ལའང་སྡོད་པ་མེད་པའི་ཕྱིར།། གོམས་པའི་ཕྱིར་ནི་མདོར་བསྡུས་ནས།། དཀའ་འགྲེལ་འདི་ནི་འདིར་བྱས་སོ།། ཞེས་པ་ཕུལ་བས། འཕྲོས་དང་ཚིག་གི་ཟུར་གྱིས་མཚོན་པའི་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་བྱུང་འདུག་གསུང་། འོན་ཀྱང་ངའི་རིགས་པ་འདི་གཞན་གྱིས་མ་ནོར་བ་མི་ཤེས་པར་འདུག་དགོངས་ཏེ། རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། ཞེས་པ་བཅུག་ཅེས་གྲག་གོ།
རྒྱ་གར་གྱི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བོད་ཡིག་ཏུ་བསྒྱུར།
ལེའུ་གསུམ་ཡོད།
སྤྱིར་ཚད་མ་སྡེ་བདུན་མདོ་དང་བཅས་པས་ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་བརྗོད་བྱར་བྱེད་ལ། དེ་ཡང་། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་ཕྱིར།། སྒྲུབ་པ་དང་ནི་སུན་འབྱིན་ངག། ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།། ཞེས་བཤད་པའི་རྟོགས་གེའི་ཚིག་དོན་བརྒྱད་དེ། མངོན་སུམ་ཡང་དག་དང་མངོན་སུམ་ལྟར་སྣང་། རྗེས་དཔག་ཡང་དག་དང་རྗེས་དཔག་ལྟར་སྣང་སྟེ་བདག་ཉིད་ཀྱིས་སྒྲུབ་བྱ་རྟོགས་པའི་ཕྱིར་དུ་བསྟན་པ་བཞི་དང་། སྒྲུབ་ངག་ཡང་དག་དང་སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཡང་དག་དང་སུན་འབྱིན་ལྟར་སྣང་གཉིས་སྟེ་གཞན་གྱིས་སྒྲུབ་བྱ་རྟོགས་པའི་ཕྱིར་དུ་བསྟན་པ་བཞི་སྟེ་བརྒྱད་བསྟན་པ་དང་། ཁྱད་པར་དུ་རིགས་ཐིགས་འདིས་ནི་གདུལ་བྱ་སྤྲོས་པ་རྒྱས་པའི་རྗེས་སུ་འཇུག་མི་ནུས་པ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་དུ་རྟོག་གེའི་ལུས་ཤིན་ཏུ་བསྡུས་ནས་བསྟན་པ་ཡིན་ནོ།།
རིགས་ཐིགས་ནི་ལུས་ཡོངས་སུ་རྫོགས་པའི་ལས་དང་བོ་བའི་ཆེད་དུ་མཛད་པའི་ཚད་མའི་བསྟན་བཅོས་སྟབས་བདེ་ཞིག་ཡིན་པ་ཡང་རྒྱལ་ཚབ་རྗེའི་རིགས་ཐིགས་དར་ཊཱིཀ་ལས། རིགས་པའི་ཐིགས་པ་ནི། སྤྲོས་པ་རྒྱས་པའི་རྗེས་སུ་འཇུག་མི་ནུས་པ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་ཁོང་དུ་ཆུད་ནུས་པའི་གང་ཟག་གཉིས་ཀྱི་དབང་དུ་བྱས་ནས་རྟོག་གེའི་ལུས་བསྡུས་ནས་བསྟན་པ་ཡིན་ནོ།། ཞེས་གསུངས་པ་ལྟར་དང་། ཚད་མ་སྡེ་བདུན་ནང་ནས་གཞུང་འདིའི་ལེགས་སྦྱར་གྱི་ཕྱི་མོ་ཐོག་མར་པར་སྐྲུན་བྱས་འདུག ལེགས་སྦྱར་བྲིས་མ་མང་བ་རྒྱལ་བ་བའི་དགོན་པར་ཉར་ཚགས་གནང་ཡོད་པས་ན་རིགས་ཐིགས་ལ་རྒྱལ་བ་བའི་སློང་གཉེར་ནན་ཏན་གནང་གི་ཡོད་པར་མཚོན།
དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་དང་། སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ལམ་འཐད་ལྡན་ཆུང་བ། སློབ་དཔོན་པདྨའི་ངང་ཚུལ་གྱི་རིགས་ཐུགས་ཕྱོགས་སྔ་མ་མདོར་བསྡུས་པ་ཞེས་པའི་འགྲེལ་བ་དང་། སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་བ་ལ། དུས་རབས་དགུ་བར་བྱོན་པའི་མལླ་ཝཱ་དཱིའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་དང་། དུས་རབས་བཅུ་གཅིག་པར་བྱོན་པའི་དུརྭེ་མི་ཤྲའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་དང་། མཛད་པོ་གསལ་ཁ་མེད་པའི་ཆོས་མཆོག་གི་རིགས་ཐིགས་འགྲེལ་བཤད་གཉིས་བཅས་བཞུགས། གཞན་ཡང་བོད་དུ་རྒྱལ་བའི་གཤེས་གཉེན་གྱི་རིགས་ཐིགས་དོན་བསྡུས་ཡང་བཞུགས། དེའི་ནང་ནས་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ཁོན་ན་བོད་འགྱུར་དང་ལེགས་སྦྱར་གཉིས་ཀར་བཞུགས། དུལ་བ་ལྷ་དང་པདྨའི་ངང་ཚུལ་གྱི་རིགས་ཐིགས་འགྲེལ་བ་བོད་འགྱུར་ཁོ་ན་དང་། ཕྱི་མ་བཞི་ལེགས་སྦྱར་ཁོ་ནར་བཞུགས། རིགས་ཐིགས་ལེགས་སྦྱར་ཕྱི་མོ་ལ་ཞུ་ཆེན་ཐོག་མར་གནང་མཁན་ནི་མཁས་པ་ཏེར་སོན་ཡིན། ཁོང་གིས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་ལམ་འཐད་ལྡན་ཆུང་བ་གཉིས་ཀར་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། དེ་རྗེས་སུ་ཨུ་རུ་སུའི་མཁས་པ་ཆེར་བྷག་གིས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ཀར་ཞུ་ཆེན་དང་སྦྲགས་དེབ་བཟོ་གནང་ཚུལ་ཡང་པེ་ཏེར་སོན་གྱིས་རིགས་ཐིགས་རྩ་འགྲེལ་སོ་སོར་བཀོད་པ་དང་མི་འདྲ་བར་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་པའི་ནང་རིགས་ཐིགས་རྩ་བ་བཀོད་དེ་པར་སྐྲུན་དང་། མཁས་དབང་ཁོང་གིས་དེའི་གོང་དུ་བོད་འགྱུར་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ཀར་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། དེ་རྗེས་ཤ་སྟྲིས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་གཉིས་ལ་ཆེར་བྷག་གིས་ཞུ་ཆེན་གནང་པའི་ཕྱི་མོ་ལ་གཞི་བཅོལ་ཏེ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། དེ་རྗེས་ཏརྐ་ས་ཡིས་ཐབས་ལམ་དེ་དང་འདྲ་བ་ལ་བརྟེན་ནས་རིགས་ཐིགས་རྩ་བ་དང་སློབ་དཔོན་ཆོས་མཆོག་རིགས་ཐིགས་རྒྱཆེར་འགྲེལ་གཉིས་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། དེ་རྗེས་མཁས་པ་མལྭ་ནི་ཨ་ཡིས་ཞུ་ཆེན་གོང་མ་རྣམས་ཟུར་ལྟའི་དཔྱད་གཞིའི་ཐོག་པཎྡི་ཏ་དུརེ་ཀ་མི་ཤྲའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་ཐོག་མར་གསལ་སྦྲགས་དང་། དེ་བཞིན་ཁོང་གིས་མཛད་པོ་གསལ་ཁ་མེད་པའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་གཉིས་ཀྱང་སྐབས་བསྟུན་གཤམ་མཆན་དུ་བཀོད་འདུག དེ་རྗེས་དྭ་རི་ཀ་ད་ས། ཤསྟྲིས་ཆོས་མཆོག་གི་རིགས་ཐིགས་རྒྱ་ཆེར་འགྲེལ་དང་། མཛད་པ་པོ་གསལ་ཁ་མེད་པའི་ཆོས་མཆོག་རིགས་ཐིགས་འགྲེལ་བཤད་གཉིས་བཅས་པར་སྐྲུན་དང་། ནུབ་གླིང་གི་མཁས་པ་ཆེན་པོ་པུ་སང་གིས་བོད་འགྱུར་དུལ་བ་ལྷའི་རིགས་ཐིགས་རྒྱ་ཆེར་འགྲེལ་ལ་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་། མཁས་པ་གང་གོ་པ་ངྷཡ་ཡ་ཡིས་པུ་སང་གིས་ཞུ་ཆེན་གནང་བའི་བོད་འགྱུར་དུལ་བ་ལྷའི་རིགས་ཐིགས་འགྲེལ་ལེགས་སྦྱར་དུ་བསྐྱར་གསོ་དང་སྦྲགས་དབྱིན་སྒྱུར་གནང་འདུག
- 1 ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི 《རྒྱ་གར་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས》 གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ སྤྱི་ལོ2004ལོའི་ཟླ5པར་དཔར་དུ་བསྐྲུན། ཤོག་ངོས171-173ན་གསལ།
- 2 རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི 《ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་ལེགས་བཤད་སྙིང་པོའི་གཏེར》 སྐུ་འབུམ་ཤིང་དཔར།
- 3 རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི 《བསྟན་བཅོས་ཚད་མ་རྣམ་ངེས་ཀྱི་ཊཱིཀ་ཆེན་དགོངས་པ་རབ་གསལ》 སྐུ་འབུམ་ཤིང་དཔར།
- 4 རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི 《རྣམ་བཤད་ཐར་ལམ་གསལ་བྱེད》 སྐུ་འབུམ་ཤིང་དཔར།
- 5 མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་མཛད་པའི 《རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ》 སྐུ་འབུམ་ཤིང་དཔར།
- 6 མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་གིས་མཛད་པའི 《སྡེ་བདུན་ཡིད་ཀྱི་མུན་སེལ》 སྐུ་འབུམ་ཤིང་དཔར།
- 7 རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི 《ཚད་མ་རིགས་པའི་རྒྱན》 སྐུ་འབུམ་ཤིང་དཔར།
- 8 ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས་མཛད་པའི 《ཚད་མ་རྣམ་འགྲེལ་གྱི་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་བློ་གསལ་འགུལ་རྒྱན་སྐལ་བཟང་འཇུག་ངོགས》 སྐུ་འབུམ་ཤིང་དཔར།
- 9 ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི 《ལམ་རིམ་བླ་མ་རྒྱུད་པའི་རྣམ་ཐར》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོའི་ཟླ1པོའི་པར་ཐེངས་དང་པོ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-08-16
གསར་སྤེལ་མཁན། :ལོ་མི་ཆུང་།