ཤོང་སྟོན་རྡོ་རྗེ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་ཏེ། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་། གོ་ལུང་བ་མདོ་སྡེ་རྒྱལ་མཚན་དང་ཚ་ནར་བླ་མ་སྲག་བདེ་བ་སོགས་བསྟེན་ནས་མདོ་སྔགས་ཀུན་ལ་མཁས་པར་སྦྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བདག་རྐྱེན་གནང་སྟེ་བལ་ཡུལ་དུ་ལོ་ཙཱ་སློབ་དུ་བྱིན། རིག་གནས་ཆུང་བ་ལྔ་གཙོ་བོ་གྱུར་བའི་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པར་གྱུར་ཞིང་། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བ་མ་ཟད་སློབ་བུ་ཡང་ཤོང་ལོ་ཙཱ་བློ་གྲོས་བརྟན་པ་སོགས་མཁས་ཆེན་མང་དུ་བྱོན་ནོ། །
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1240—མི་གསལ)
འཁྲུངས་ཡུལ།
ལ་སྟོད།
འཐུས་ཚབ་བརྩམས་ཆོས།
《སྙན་ངག་གི་གཞུང་ཆེན་མེ་ལོང་མ》
1 ངོ་སྤྲོད།

ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི་དུས་རབས་བཅུ་གསུམ་པའི་ལོ་རབས་བཞི་བཅུ་བའི་སྤྱི་ལོ1240ཡས་མས་སུ། ལ་སྟོད་ལྷོའི་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་བང་ར་ཞེས་པར་སྐུ་བལྟམས། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་། རབ་བྱུང་བཅུ་བཞི་བའི་ཤིང་གླང་སྤྱི་ལོ1265ལོར་བལ་ཡུལ་དུ་བྱོན་ནས་ལོ་ཙཱ་བསླབས། ཕྱིར་བོད་དུ་ཕེབས་ནས་རྒྱ་གཞུང་མང་པོ་གསར་བསྒྱུར་དང་འགྱུར་བཅོས་གནང་བས་ལོ་ཙཱ་བའི་མཆོག་ཏུ་བཀུར།  གོ་ལུང་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་དུ་དུས་འཁོར་ཆགས་ལུགས་དང་། བདེ་ཀྱེེ་ཕྲེང་བའི་སྐོར་གསུམ་སོགས་རྒྱུད་སྡེའི་ཆོས་མང་དུ་གསན།  གར་ཐིག་དང་རྩིས་ལ་སོགས་པ་མཁས་པར་སྦྱངས་བརྩོན་མཛད།         གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་ཀྱང་ཕྱག་རྩོམ་གནང་།   ཚ་ནར་བླ་མ་སྲག་བདེ་བའི་དྲུང་ནས་ཕར་ཕྱིན་དང་། ཚད་མ། མངོན་པ། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ལེགས་པར་གསན། རབ་བྱུང་བཞི་བའི་ཤིང་གླང་སྤྱི་ལོ1265ལོར་འགྲོ་མགོན་འཕགས་པ་རིན་པོ་ཆེས་ཤོང་ལོའི་ཐུགས་འདུན་བཞིན་བདག་རྐྱེན་གནང་སྟེ་བལ་ཡུལ་དུ་ལོ་ཙཱ་སློབ་ཏུ་བྱོན་ཏེ་པཎྜི་ཏ་ས་དབང་བཟང་བོའི་དྲུང་ནས་སྒྲ་དང་། སྙན་ངག སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་གཙོ་བོར་བྱང་ཆུབ་པ་གསན་སྦྱོང་མཛད། ཁྱད་པར་དུ་སྒྲ་རིག་པ་ལ་ཕུལ་དུ་ཕྱིན་པར་གྱུར།

2 མཛད་རྗེས།

ཁོང་ཕྱིར་ས་སྐྱར་ཕེབས་ཏེ་ཐོག་མར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པ་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་བརྩི་བ་འདི་མཛད། དེ་རྗེས་འཕགས་ཡུལ་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་ངྷི་ལ་མཆོད་པ་དང་སྐོར་བ་མཛད་ཅིང་། རྒྱ་གར་གྱི་པཎྜི་ཏ་ལཀྵིམཱ་ཀ་ར་བོད་དུ་གདན་དྲངས་ནས《བླ་མ་དམ་པ་ཆོས་ཀྱི་རྒྱལ་བོ་ལ་བསྟོད་པ》《འཇིགས་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ》《རིག་པ་འཛིན་པ་སྤྲིན་གྱི་གཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར》《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང》《ཀ་ལཱ་པའི་ཏི་ལ་སོགས་པའི་མཐའི་བྱ་བ་རྣམ་པར་དཔྱད་པ》《ལུང་སྟོན་པ་ཙནྡྲ་བའི་མདོ།》《སྙན་ངག་གི་གཞུང་ཆེན་མེ་ལོང་མ》《སྡེབ་སྦྱོར་གྱི་དཔེར་བརྗོད་སྟོན་པ》《སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པ》《འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀ་ཏ་མ》 《བཟློག་པ་བསྡུས་པ་རྩ་འགྲེལ》སོགས་རིག་གནས་ཀྱི་གཞུང་ལུགས་དང་། བསྟན་བཅོས་མང་དུ་བསྒྱུར་གནང་བ་མ་ཟད། མངོན་བརྗོད་ཀྱི་བསྟན་བཅོས་ཆེན་པོ་འཆི་མེད་མཛོད་ལ་འགྱུར་མཆན་ཡང་བཀོད།

3 བཤད་རྒྱུན་སྤེལ་ཚུལ།

ཁོང་གིས་སྒྲ་དང་སྙན་ངག་གི་བཤད་རྒྱུན་སྔར་བས་དར་སྤེལ་མཛད་ཐོག་སློབ་མ་མཁས་པ་དུ་མ་གསོ་སྐྱོང་གི་དབུ་ཚུགས། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སློབ་མ་གཙོ་བོ་ནི་གང་གི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཡིན་ཞིང་། དེ་ལ་སློབ་མ་གཙོ་བོ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་བྱུང་། ཁོང་གི་སློབ་མ་གཙོ་བོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཤོང་དཔང་རྣམ་གཉིས་ཞེས་ཉི་ཟླ་ལྟ་བུར་མཚན་སྙན་ཡོངས་སུ་གྲགས་པར་གྱུར་པས་མཛད་རྗེས་ལྷག་པར་དུ་ཆེ།

4 ཞུ་ཆེན་མཛད་ཚུལ།

ཤོང་ལོའི་སྐུ་ཡོན་ལ་འགྲོ་མགོན་འཕགས་པས་བསྔགས་པ་རྒྱ་ཆེར་མཛད་པ་སྟེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དཀའ་བས། སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་ལོག་པར་བསྒྱུར་བ་དང་།  རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་།  ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ་ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས་དགེ་བ་དང་རྗེས་སུ་ཡི་རང་ཁྱད་པར་ཅན་སྐྱེས་ཞེས་རབ་ཏུ་བསྔགས།  སྒྲ་སྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།