ཟུར་མཁར་བློ་གྲོས་རྒྱལ་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་རབ་བྱུང་དགུ་བའི་ནང་དུ་བྱོན་ཞིང་ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན། ཁོང་ནི་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ཏུ་གསོ་བ་རིག་པའི་གནས་ལ་མཁྱེན་རྒྱ་ཡོངས་པ་ཞིག་ཡིན་པས། བོད་ཀྱི་གསོ་བ་རིག་པའི་གནས་ལ་ཕྱག་རྗེས་བླ་མེད་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏柯尔•洛哲杰布
མིང་གཞན།
ཚེ་བརྟན་རྒྱལ། དཔལ་ལྡན་དོན་འགྲུབ་རྣམ་རྒྱལ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1509—མི་གསལ)
འཁྲུངས་ཡུལ།
ཟུར་མཁར།
འཐུས་ཚབ་བརྩམས་ཆོས།
《སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག》
མཛད་རྗེས།
རྒྱུད་བཞི་ལ་ཞུས་དག་མཛད་པ།
1 ངོ་སྤྲོད།

ཟུར་མཁར་བློ་གྲོས་རྒྱལ་པོ་སྤྱི་ལོ1509ལོར་ཤར་དྭགས་པོའི་ས་ཆ་ལ་ཐོག་ཟུར་མཁར་དུ་སྐུ་བལྟམས། མཚན་ལ་ཚེ་བརྟན་རྒྱལ་ཞེས་གསོལ། དེ་རྗེས་ཀརྨ་འཕྲིན་ལས་པས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་དཔལ་ལྡན་དོན་འགྲུབ་རྣམ་རྒྱལ་ཞེས་གནང་། སྐུ་ཆུང་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱངས་པ་མཛད། ཁྱད་པར་དུ་གསོ་བ་རིག་པའི་ཐད་འཚོ་སྨད་མཁན་ཆེན་གྱི་སློབ་བུ་གླང་བུ་ཆོས་རྗེ་སློབ་དཔོན་དུ་བསྟེན་ནས་རྒྱུད་བཞི་དང་། བྱེ་བ་རིང་བསྲེལ་ལ་སོགས་པ་ཞུས། བྱང་བ་བཀྲ་ཤིས་དཔལ་བཟང་སོགས་མཁས་དབང་དུ་མ་ལས་གསོ་རིག་གི་གཞུང་དང་ལུང་མང་པོ་གསན་སྦྱངས་གནང་བས་གསོ་བ་རིག་པ་འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པར་གྱུར་ནས། སྐུ་ཚེ་ཧྲིལ་བོར་གསོ་བ་རིག་པའི་བསྟན་བཅོས་ཁོ་ན་མཛད། བློ་གྲོས་རྒྱལ་པོ་ཁོང་རང་ཉིད་ནི་ཟུར་མཁར་པའི་ལུགས་ཡིན་རུང་རྒན་པོའི་ཁ་ཆེམས་ཞེས་པའི་ནང་གསལ་ལྟར་བྱང་བ་བཀྲ་ཤིས་དཔལ་བཟང་ནས་རིམ་པར་བརྒྱུད་པའི་དྲུང་ནས་བྱང་བ་སྐུ་མཆེད་དང་། དཔོན་ཚང་འཕན་དར་བ། མངའ་རིས་ཕྱག་སྨན་རིན་རྒྱལ་གྱི་དབོན་པོ་སོགས་དང་། ཁྱད་པར་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་ཡབ་སྲས་ལ་ཡན་ལག་བརྒྱད་པ་དང་དེའི་འགྲེལ། ཟླ་ཟེར། ཆ་ལག་བཅོ་བརྒྱད། གསེར་བྲེ། དངུལ་བྲེ་རྣམས་ཀྱི་ལུང་གསན། གཡུ་ཐོག་པས་མཛད་པའི་ཡིག་ཆ་ཁོ་ན་རྩད་གཅོད་གནང་ཆེད་གཙང་ཉང་སྨད་ཀྱི་ཕྱོགས་སུ་ཕེབས་པ་དང་། ས་ཆ་དེ་ན་གཡུ་ཐོག་གསར་མའི་རྒྱུད་བཞི་ཕྱག་བྲིས་མ་ཞེས་པའི་གསེར་མཆན་རྙེད་པར་གྲགས། དེར་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་གནང་བར་བརྟེན། ལོ་བཞིའི་བར་དུ་རྩ་བཤད་འགྲེལ་བ་མེས་པོའི་ཞལ་ལུང་ཞེས་པ་རྩོམ་གནང་མཛད། རྗེས་སུ་དབུས་ཕྱོགས་ལ་བྱོན་ཏེ་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲི་ཚིག་གི་ཡི་གེ་ལྷ་སའི་རྡོ་རིང་ལ་ལན་གསུམ་དུ་སྦྱར་བས་དེའི་གཏམ་སྙན་ཕྱོགས་མཐར་ཁྱབ་རུང་ལན་མ་བྱུང་། རང་ཉིད་ཀྱི་སློབ་མ་ནང་སོ་དོན་ཡོད་སོགས་ཀྱིས་དྲི་ཚིག་གི་དོན་མ་གོ་བས་དེ་ལ་འགྲེལ་བ་དགོས་ཚུལ་ཞུས་པ་ལྟར་《རང་འགྲེལ་གསེར་གྱི་ཕྲ་ཚོམ》ཞེས་པ་མཛད་ཀྱང་ཕལ་ཆེར་གྱིས་མ་གོ །དུས་ཐོག་དེར་གསོ་རིག་འཛིན་པ་དོལ་མདའ་ཉང་ཁང་དང་། འཕྱོངས་རྒྱས་རོལ་ཁང་བ། སྡེ་བ་ལྷ་ས་རྫོང་པ་སོགས་ཀྱིས་ལན་ཁ་ཤས་བྱུང་བ་ཐུགས་ལ་མ་འཐད་པར་སླར་ཡང《རང་ལན་རྒན་པོའི་ཁ་ཆམས་མཚན་མོ་མུན་ནག་གི་གློག་འོད་ལྟ་བུ》ཞེས་པ་མཛད་དགོས་བྱུང་། དགུང་ལོ་བདུན་བཅུ་ལྷག་ཙམ་འཚོ་ཞིང་གཞེས་ཏེ་སྐུ་གཤེགས།

2 མཛད་རྗེས།

དམ་པ་འདི་ཉིད་ཀྱིས་གཡུ་ཐོག་ཕྱག་བྲིས་མའི་རྒྱུད་བཞི་གསེར་མཆན་སོགས་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལུང་ཁུངས་བཅོལ་ཏེ་རྒྱུད་བཞི་ལ་ཞུས་དག་མཛད་ཅིང་། ལྷོ་ཁ་གྲ་ཐང་དུ་སྡེ་བ་ཡར་རྒྱབ་པ་སྦྱིན་བདག་ཏུ་བསྐུལ་ནས་སྐད་གྲགས་ཆེ་བའི་གྲ་ཐང་རྒྱུད་བཞི་པར་དུ་བརྐོས་པ་དེ་ནི་རྒྱུད་བཞིའི་པར་སྔ་ཤོས་སུ་གྱུར། དེས་བོད་ཀྱི་ཡུལ་གྲུ་ཆེན་པོར་རྒྱུད་བཞི་འཆད་ཉན་དང་དར་འཕེལ་འགྲོ་རྒྱུར་ཕན་རླབས་ཆེན་པོ་ཐོན། ནང་སོ་དོན་ཡོད་སོགས་མཁས་གྲུབ་ཀྱི་སློབ་མ་མང་པོ་བསྐྱངས།

3 བརྩམས་ཆོས།

རྗེ་གང་གིས་ཟུར་མཁར་གོང་མའི་བཞེད་པ་གཙོ་བོར་བསྟེན་ནས《རྩ་རྒྱུད》དང《བཤད་རྒྱུད》《ཕྱི་མ་རྒྱུད་ཀྱི་ཆུ་མདོ་ཡན་གྱི་འགྲེལ་པ》《རྩ་རྒྱུད་ཀྱི་བཤད་པ་མེས་པོའི་ཞལ་ལུང》ཞེས་པ་དང་།   《ཕྱི་རྒྱུད་རྩ་ཆུའི་མེས་པོའི་ཞལ་ལུང》ཞེས་པ། དེ་བཞིན《བྱང་གི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ》དང《རྒྱུད་བཞིའི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ》《སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག》 《ཟླ་ཐིག་ཉིན་བྱེད་འོད་མཚོ》 《ཆུ་བསྐོལ་གྱི་རྣམ་བཤད》སོགས་དང་། རྒྱུད་བཞིའི་བཀའ་བསྟན་གྱི་འགལ་སྤོངས་ལ་ཕྱི་ལྟར་ན་སངས་རྒྱས་ཀྱི་བཀའ། ནང་ལྟར་ན་པཎྜི་ཏའི་བསྟན་བཅོས། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་བཞེས་པ་སོགས་གསོ་དཔྱད་སྐོར་ལ་གསུང་རྩོམ་ཤིན་ཏུ་མང་། གཞན་ཡང《སྙན་ངག་མེ་ལོང་མའི་མེ་ལོང》ཞེས་པ་སོགས་རིག་གནས་གཞན་སྐོར་གྱི་ཕྱག་རྩོམ་སྣ་ཚོགས་དང་། རྗེ་མཉམ་ཉིད་རྡོ་རྗེ་རྣམ་ཐར་སོགས་བརྩམས་ཆོས་ཀྱང་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།