དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་རབ་བྱུང་ལྔ་བའི་ནང་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཏེ། ཆུང་དུས་ནས་ཆོས་རྗེ་སྤྱན་སྔ་བ་སོགས་ལས་རབ་ཏུ་བྱུང་། ལོ་ཙཱ་བ་ལོ་མཆོག་ལ་བརྟེན་ནས་ཀ་ལཱ་པ་དང་ཙནྡྲ་བ་སྙན་ངག་སོགས་ལ་མཁས་པར་སྦྱངས། བལ་བོད་སོགས་སུ་སྐལ་ལྡན་གྱི་བུ་སློབ་བགྲང་གིས་མི་ལང་བ་བསྐྱངས་ཤིང་། ལོ་ཙཱ་བ་ཆེན་པོར་གྱུར་ཏེ་རྒྱ་གཞུང་མང་པོ་འགྱུར་བཅོས་དང་གསར་འགྱུར་གྱིས་མཛད་རྗེས་ཧ་ཅང་ཆེ།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1276—1342)
འཁྲུངས་ཡུལ།
ལ་སྟོད་ལྷོ་སྤྱང་ལུང་།
འཐུས་ཚབ་བརྩམས་ཆོས།
《དུས་འཁོར་འགྲེལ་ཆེན་གྱི་བསྟོད་འགྲེལ་ཀ་ལཱ་པ》
མཛད་རྗེས།
འཇམ་དབྱངས་གཞི་ཐོག་པ་དང་པནྜི་ཏའི་དབང་གི་ལོ་ཙཱ་མཛད་པ།
1 ངོ་སྤྲོད།

དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ནི་རབ་བྱུང་ལྔ་བའི་མེ་བྱི་སྤྱི་ལོ1276ལོར་ལ་སྟོད་ལྷོ་སྤྱང་ལུང་གི་འོ་འབུ་གྱམ་དུ་སྐུ་བལྟམས། ཡུམ་སྔ་མོར་གཤེགས་ནས་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་པའི་མཚན་ཐོགས། དགུང་ལོ་ལྔ་བར་ཆོས་རྗེ་སྤྱན་སྔ་གླིང་པ་ལས་དགེ་བསྙེན་ནོད།  མཚན་བློ་གྲོས་བརྟན་པར་གསོལ། དགུང་ལོ་བདུན་པར་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་པ་དང་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཅིག་པ་ལ་དགེ་བའི་བཤེས་གཉེན་འདི་གཉིས་ལས་མདོ་རྩ་རྫོགས་པར་བསླབས། དགུང་ལོ་བཅུ་གསུམ་པ་ནས་བཅུ་དགུ་བར་རྟག་བདེ་སེང་རྒྱལ་གྱི་ཞབས་ལ་གཏུགས་ཏེ་ཕར་ཚད་མངོན་གསུམ་དང་། དབུ་མ། ཁྱད་པར་དུ་དུས་འཁོར་ལ་སྦྱངས་པས་མཁས་པར་མཁྱེན། དགུང་ལོ་བཅུ་དགུ་བར་རྟག་བདེ་བ་གཤེགས་ནས་མང་མཁར་ཁྲ་ཚང་དུ་ལོ་ཙཱ་བ་ལོ་མཆོག་ལས་དུས་འཁོར་ཤོང་ལུགས། ཀ་ལཱ་པ་དང་ཙནྡྲ་པ།  སྙན་ངག་མེ་ལོང་སོགས་གསན། རྟག་བདེ་ཏི་ཕུག་གི་མཁན་པོ་ཤེས་རབ་དཔལ་དང་། ས་སྐྱའི་འཇམ་དབྱངས་གཞི་ཐོག་པ། འཇམ་སྐྱ་བ། རོང་བ་ཤེས་རབ་སེང་གེ་སོགས་ཀྱི་ཞབས་པད་བསྟེན། དུས་འཁོར་ལུགས་བརྟག་གཉིས། རྣམ་འགྲེལ། རིག་གཏེར་སོགས་གསན། དགུང་ལོ་ཉི་ཤུ་པ་ལ་མཁན་ཆེན་གསེར་ཁང་བ་དང་མེ་སྟོན་འདུལ་འཛིན་པ་ལས་བསྙེན་པར་རྫོགས། ཨ་ཙ་ར་བྱུང་ཚད་ལས་ཕྲལ་སྐད་བསླབས། འཇམ་དབྱངས་གཞི་ཐོག་པ་དང་པནྜི་ཏའི་དབང་གི་ལོ་ཙཱ་མཛད་པས་ལོ་ཙཱ་བར་གྲགས། ཉེར་གཅིག་པར་བལ་ཡུལ་དུ་བྱོན་ནས་སྒྲ་སྙན་ངག་ལ་མཁས་པར་སྦྱངས། བལ་ཡུལ་ལ་ཁྱོན་ལན་བདུན་ཕེབས། བལ་བོ་པནྜི་ཏ་ཕལ་ཆེ་བས་མན་སྙེ་དང་དགོངས་རྒྱན་སོགས་ཞུས།

2 འཆད་པ་མཛད་ཚུལ།

དགུང་ལོ་སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས་ཏེ་གུང་ཐང་བ་བདེ་བློ་སོགས་སློབ་མའི་ཚོགས་མང་དུ་འདུས་པ་ལ་དབྱར་དུས་འཁོར། དགུན་ཕར་ཚད་མངོན་གསུམ་གྱི་དུས་ཆོས་གསུངས། སྙན་པའི་གྲགས་པ་རྒྱ་གར་དང་ཧོར་ཡུལ་ཚུན་ཁྱབ། ཡ་ཚེ་དང་ཧོར་རྒྱལ་པོས་གདན་འདྲེན་བྱུང་བ་ལ་བར་ཆད་དུ་གཟིགས་ནས། སྤྲིངས་ཡིག་གོང་འོག་ཅན་གྱིས་ཡ་ཚེ་བཟློག ཅད་པུ་དགོན་གསར་ལ་སེང་གེ་གླིང་དུ་བཏགས་ཏེ་དེར་བཞུགས་པས་ཧོར་བཟློག  སྡིག་པའི་གྲོགས་པོའི་གཡོ་བ་རིང་དུ་སྤངས། སྐབས་དེར་ས་སྐྱར་བྱོན་ནས་ལོ་མཆོག་པ་ལ་མངའ་བའི་བཀའ་ལུང་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད། དགུང་ལོ་དྲུག་ཅུ་རེ་གཉིས་པ་ལ་རྒྱལ་སྲས་རིན་པོ་ཆེའི་ཞུ་འབུལ་བཞིན་བོ་དོང་ཨེའི་གདན་ཁྲིར་ཕེབས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན། རྒྱུད་འཛིན་གྱི་སྲས་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ཡིན། དབུས་སུ་ཕེབས་ནས་ལྷ་ས། བསམ་ཡས། གུང་ཐང་། སྟག་ལུང་། རྭ་སྒྲེང་། གསེང་ནེའུ་ཐོག་རྣམས་སུ་དུས་འཁོར། དགོངས་རྒྱན། ཕར་ཚད་མངོན་གསུམ། དབུ་མ་རྒྱན། སྒྲ་སྙན་ངག་ཟབ་མོའི་མདོ་ལྔ་སོགས་ཆོས་མང་དུ་གསུངས་པས་དབུས་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེས་གསན། སྣར་ཐང་དུ་མཆིམས་བློ་བཟང་པ་སོགས་ལ་དགོངས་རྒྱན་སྙན་ངག་གནང་། མཁས་པའི་བདག་ཉིད་བུ་དོལ། རྒྱལ་སྲས་པ། ལོ་ཆེན་བྱང་ཆུབ་རྩེ་མོ། གུང་ཐང་བདེ་བློ། མ་ཏི་པཎ་ཆེན། ཀུན་སྤངས་ཆོས་གྲགས་དཔལ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། ནེ་རིང་པ་འཇམ་དབྱངས་མཚན་ཅན་སོགས་ཀྱིས་དཔང་ལོ་ཆེན་པོའི་ཞབས་ལ་བཏུད། མཁས་པའི་གྲགས་པ་ཤིན་ཏུ་ཆེ། ཉིན་མཚན་ཀུན་ཏུ་ཐུགས་དམ་ལས་མི་གཡེལ་མཛད།  མཐར་གཞན་དོན་གྱི་བྱ་བ་རྫོགས་ནས་དགུང་ལོ་དྲུག་ཅུ་རེ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཆུ་རྟ་སྤྱི་ལོ1342ལོར་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས།

3 བརྩམས་ཆོས།

རྗེ་འདི་ཉིད་ཀྱི་འགྱུར་ལ་མཚོན་ན་དཔལ་རྡོ་རྗེ་སྙིང་བོ་རྒྱན་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏས་མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་སྐབས་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་པའི་བར་བསྒྱུར་བའི་འཕྲོ་རྣམས་རྫོགས་པར་བསྒྱུར།   བསྟན་འགྱུར་ལས།  《དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་བོ་སྣང་བ》ཞེས་བྱ་བ།  《རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ》ཞེས་བྱ་བ་མཁས་པ་ཆེན་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད། 《དབང་མདོར་བསྟན་གྱི་འགྲེལ་བ་དཔལ་དུས་ཀྱི་འཁོར་ལོ》པནྡི་ཏ་རྣམ་པར་རྒྱལ་བ་དབང་པོས་མཛད་པ་སོགས་དང་། 《ཚད་མ་ཀུན་ལས་བཏུས་པའི་འགྲེལ་བ》རྒྱལ་དབང་བློས་མཛད་པ་དང་། སི་སོགས་ཀྱི་མཐའ་དཔྱད་འཇམ་དཔལ་གྲགས་པས་མཛད་པ《ཙནྡྲ་བའི་ཡི་གེའི་མདོ》《ཏིང་མཐའི་བྱ་བ》  སློབ་དཔོན་གཙང་ཁ་ཤས་མཛད་པའི་འགྲེལ་བ《མདོར་བསྟན》སོགས་གཞི་འགྱུར་དང་ཞུ་ཆེན་མང་དུ་མཛད་ཅིང་།  《དུས་འཁོར་འགྲེལ་ཆེན་གྱི་བསྟོད་འགྲེལ་ཀ་ལཱ་པ》《སྙན་ངག་མེ་ལོང་གི་འགྲེལ་པ་ཚོགས་གསུམ་གསལ་བ》སོགས་བསྟན་བཅོས་མང་དུ་བཀའ་རྩོམ་མཛད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།