རིག་འཛིན་ཆོས་དབྱིངས་བཟང་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་མོ་ནི་རབ་བྱུང་བཅུ་བཞི་བའི་ནང་དུ་བྱོན་ཞིང་། ཁྱིམ་གྱི་འཚོ་ཐབས་ཞན་ཡང་ཆོས་ཀྱི་བག་ཆགས་ཟབ་པས་སྐུ་ན་ཆུང་ངུའི་དུས་ནས་ཐོས་པ་སྒྲུབ་པའི་ཆེད་དུ་རྣལ་འབྱོར་མ་ཚེ་རིང་བུ་ཁྲིད་ཀྱི་གཡོག་ཏུ་ཡུམ་དང་ལྷན་དུ་བཞུགས། སློང་མོ་མཛད་ཀྱིན་མངའ་རིས་སོགས་གནས་ཆེན་མང་པོར་མཇལ་དུ་ཕེབས། ཟ་ཧོར་རྒྱལ་པོས་དབུ་བླར་བཀུར་ཀྱང་ཆོས་ཀྱི་དོན་ཁོ་ན་མཛད། ཤུག་གསེབ་དང་སྦས་ལུང་ཧེ་རི་ཁྲོད་སོགས་སུ་བསྒྲུབ་པ་མཛད་ནས་གྲུབ་པའི་གོ་འཕང་བརྙེས།
གཞི་རྩའི་གནས་ཚུལ།

མིང་གཞན།
བཅོ་ལྔ་ལྷ་མོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1853—1952)
འཁྲུངས་ཡུལ།
རྒྱ་གར་ཟ་ཧོར།
ཡབ།
དོན་གྲུབ་རྣམ་རྒྱལ།
ཡུམ།
བལ་མོ་བཟའ་མཚན་མཚར་རམ་སྤེན་པ་སྒྲོལ་མ།
གྲུབ་མཐའ།
རྙིང་མ་པ།
1 ངོ་སྤྲོད།

ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་རིག་འཛིན་ཆོས་དབྱིངས་བཟང་མོ་ནི་རབ་བྱུང་བཅུ་བཞི་པའི་ཆུ་གླང་སྤྱི་ལོ1853ལོར་ཡབ་ཁེ་སྨད་པའི་རིགས་ལས་བྱུང་བ་དོན་གྲུབ་རྣམ་རྒྱལ་དང་ཡུམ་བལ་མོ་བཟའ་མཚན་མཚར་རམ་སྤེན་པ་སྒྲོལ་མ་གཉིས་གྱི་སྲས་མོར་རྒྱ་གར་ཟ་ཧོར་གྱི་ཡུལ་མཚོ་པདྨར་གནས་བསྐོར་དུ་ཕེབས་སྐབས་སྐུ་བལྟམས། ཚེས་བཅོ་ལྔ་ཞིག་ལ་འཁྲུངས་པའི་ཚེས་ཆ་དང་སྦྱར་ཏེ་མཚན་བཅོ་ལྔ་ལྷ་མོར་གསོལ། ཁྱིམ་གྱི་འཚོ་ཐབས་དབུལ་ཡང་ཆུང་དུས་ནས་ཐུགས་རིག་རྒྱས་ལ་ཆོས་ཀྱི་བག་ཆགས་ཟབ་པས་ནང་ཆོས་ཀྱི་ཐོས་པ་སྒྲུབ་པ་དང་ཞར་ལ་འཚོ་ཐབས་མཆིད་པའི་ཆེད་དུ་དགུང་ལོ་ལྔའི་ཐོག་རྣལ་འབྱོར་མ་ཚེ་རིང་བུ་ཁྲིད་ཀྱི་གཡོག་ཏུ་ཡུམ་དང་ལྷན་དུ་བཞུགས།

2 ཐོས་པ་བཙལ་ཚུལ།

ཁོ་མོ་དགུང་ལོ་དྲུག་ཙམ་ནས་བླ་མ་མ་ཎི་བཤད་བསྐུལ་མཛད། ལ་དྭགས་རྒྱལ་པོའི་དབུ་བླ་བླ་མ་བཀྲ་ཤིས་རྒྱལ་གྱི་དྲུང་ནས་བོད་ཡིག་འབྲི་ཀློག་ལེགས་པར་བསླབས། འཚོ་ཐབས་ཞན་པས་ཡབ་ཀྱིས་གཞས་དང་རྗེ་བཙུན་ཉིད་ཀྱིས་ཞབས་བྲོ་བསྐྱོན་ཏེ་སློང་མོ་མཛད་ཀྱིན་མངའ་རིས་དང༌། ཧ་ན། ག་ཞ་བཅས་བརྒྱུད་དེ་ཟ་ཧོར་གྱི་ཡུལ་དུ་ཕེབས། དེ་ནས་གནས་བསྐོར་དང་སྦྲགས་ཡུམ་གྱི་འཁྲུངས་ཡུལ་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་རྣམ་གསུམ་སོགས་གནས་ཁྱད་པར་ཅན་ཕལ་མོ་ཆེ་མཇལ། ཞང་པོ་འབྲུག་པ་འཕྲིན་ལས་རྣམ་རྒྱལ་གྱི་དྲུང་ནས་འབྲུག་པ་བཀའ་བརྒྱུད་ཀྱི་སྔོན་འགྲོ་ཕྱག་ལེན་ལྔ་ལྡན་ཡོངས་རྫོགས་གསན། དགུང་ལོ་བཅུ་གསུམ་ཐོག་ཟ་ཧོར་རྒྱལ་པོས་རྗེ་བཙུན་རིན་པོ་ཆེ་ཕོ་བྲང་དུ་གདན་དྲངས་ཏེ་རྒྱལ་རྒྱུད་འཛིན་པའི་སྲས་འབྱུང་ཐབས་ཀྱི་རིམ་འགྲོ་ཞུས་ཤིང༌། རྗེ་བཙུན་གྱི་བཀའ་བསྒོས་བཞིན་བསྒྲུབས་ཏེ་རྗེས་སུ་བཙུན་མོར་སྲས་ཤིག་འཁྲུངས་པས་རྗེ་བཙུན་ཉིད་རྒྱལ་པོའི་དབུ་བླར་བཀུར། འོན་ཀྱང་ཚེ་འདིར་བསྙེན་བཀུར་ལ་མི་ཆགས་པར་སྐྱིད་གྲོང་དུ་བླ་མ་པདྨ་རྒྱ་མཚོ་མཇལ་བར་ཕེབས་པར་བླ་མས་གདམས་ངག་ཡོད་རྒུ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བ་ཞུས་ཏེ་སྦས་ལུང་ཧེ་རི་ཁྲོད་དུ་སྒྲུབ་པ་ལོ་གསུམ་མཛད། དགུང་ལོ་བཅུ་བདུན་ཐོག་རླུང་བུམ་པ་ཅན་དུ་སྒོམ་སྦྱོང་མཛད་པ་ཡིན།

3 རབ་ཏུ་བྱུང་ཚུལ།

ཁོ་མོ་སླར་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་རྣམ་གསུམ་སོགས་ལ་སྐུ་དཀར་གསོལ། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དཀར་ཆག་པར་དུ་བརྐོས། དེ་ནས་ཕྱིར་ཕེབས་ཀྱིས་དིང་རིར་ཤྲི་རྩིབས་རི་དང༌། བདེ་ཆེན་ཕུག གྲམ་མཚོ། ས་སྐྱ། བཀྲ་ཤིས་ལྷུན་པོ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས། རྩེ་ཕོ་བྲང༌། འཕན་གནས་བྱིན་ཅན་དུ་གྲགས་སོ་ཅོག་མཇལ་རྗེས་ལྷ་སའི་འཇའ་ཚོན་ཆུ་མིག་ཏུ་མཚམས་སྒྲུབ་ཀྱིས་བཞུགས། དགུང་ལོ་སོ་དྲུག་པ་ས་གླང་སྤྱི་ལོ1889ལོར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྤྲུལ་སྐུས་རིག་འཛིན་ཆོས་དབྱིངས་བཟང་མོ་ཞེས་པའི་མཚན་གསོལ། ཡང་ཏི་རིན་པོ་ཆེའི་དྲུང་ནས་སྤྱོད་འཇུག་གི་ཊཱིཀ་དང་། སྡོམ་གསུམ་རབ་དབྱེ། བཟང་སྤྱོད། བཤེས་སྤྲིངས་སོགས་ཁྲིད་ལུང་གསན་ཏེ་སྒྲུབ་པ་མཛད། མཁན་ཆེན་ངག་དབང་བསྟན་པའི་ཉི་མའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས།

4 སྒྲུབ་པ་མཛད་ཚུལ།

ཁོ་མོ་གང་ཐོད་དུ་བཞུགས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གང་ཐོད་ནས་ལྷ་སར་སྐད་ཅིག་ལ་བྱོན་པ་སོགས་རྩ་རླུང་གི་སྒྲུབ་རྟགས་ཀྱང་མང་དུ་སྟོན་པར་མཛད། དེ་ནས་ལྷོ་གནས་སུ་བྱོན་ཏེ་སྲིད་པའི་གངས་རི་ཡར་ལྷ་ཤམ་བུར་རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་སྐུ་མཚམས་ལ་བཞུགས། དགུང་ལོ་ལྔ་བཅུ་ང་བཞི་པ་ནས་ལོ་མང་རིང་ཤུག་གསེབ་ཏུ་སྒྲུབ་པ་ཁོ་ན་མཛད་དེ་བཞུགས་པས་སྐྱེ་བོ་དྲག་འབྲིང་མཐའ་གསུམ་གྱིས་ཤུག་གསེབ་རྗེ་བཙུན་རིན་པོ་ཆེ་ཞེས་དད་གུས་ཆེན་པོ་ཞུ་ཡུལ་ཞིག་ཏུ་གྱུར། དགུང་གྲངས་དྲུག་ཅུར་ཕེབས་སྐབས་འདུས་པ་བརྒྱ་ཕྲག་སྐོར་ལ་མ་གཅིག་ལབ་ཀྱི་སྒྲོན་མའི་གཅོད་དབང་བསྩལ། དེ་ནས་དུར་ཁྲོད་དང་ཆུ་མིག་བརྒྱ་རྩར་གཅོད་ཁོ་ན་བཏང་སྟེ་དུས་འདའ་བར་མཛད་པས། ཀུན་གྱིས་མ་གཅིག་ལབ་སྒྲོན་གྱི་སྤྲུལ་པར་ངོས་འཛིན་ཞིང༌། རྗེ་བཙུན་གྱི་མཚན་སྙན་བོད་གངས་ཅན་གྱི་ཡུལ་ཕྱོགས་ཀུན་ཏུ་ཁྱབ། འོན་ཀྱང་ཟང་ཟིང་གི་མཐུན་རྐྱེན་གྱིས་དབུལ་བས་ཐ་ན་སྒྲུབ་ཆོས་ཀྱི་མཐུན་རྐྱེན་ཙམ་ཡང་ཕྱག་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན། དགུང་ལོ་གྱ་གསུམ་ལོར་རྨེ་རྙིང་གྲུབ་ཆེན་ཟླ་བ་རྡོ་རྗེའི་དྲུང་ནས་རྙིང་མའི་ཆོས་བསྐོར་མང་པོ་གསན། དེ་ལྟར་རྗེ་བཙུན་འདི་ཉིད་སྐུ་ཚེ་ཧྲིལ་པོར་འཁོར་བའི་ཕུན་ཚོགས་སྤངས་ཏེ་དམ་པའི་ཆོས་འབའ་ཞིག་དོན་གཉེར་མཛད་མཐར་དགུང་གྲངས་གོ་བརྒྱད་པར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་སྤྱི་ལོ1951ལོའི་བོད་ཟླ་གསུམ་པའི་ཆོས་བཅུ་གསུམ་ཉིན་ངོ་མཚར་གྱི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།