ཐལ་ཀ་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐལ་ཀ་རྡོ་རྗེ།
ཐལ་ཀ་རྡོ་རྗེ་ནི་ས་བབ་ཅུང་དམའ་ཞིང་དྲོད་ཚད་ཆེ་བའི་རི་ཐང་མཚམས་དང་། ལམ་གྱི་ཟུར། ཤིང་ལྡུམ་གྱི་གསེབ། ཆུ་འགྲམ། ཞིང་གི་མཐའ་སོགས་སུ་སྐྱེ་བ་མང་། འདེབས་འཛུགས་བྱས་ཏེ་སྐྱེ་བ་ཞིག་ཀྱང་ཡིན། སྤྱི་ཟླ་དགུ་བ་དང་བཅུ་བའི་བར་རམ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་འབྲུ་གུ་འམ་ས་བོ་བླངས་ནས་སྐམ་གསེད་བྱས་ནས་འབྲས་བུ་སྨན་ཏུ་སྤྱོད་ན། གྲུམ་བུ་ཆུ་སེར་གྱི་ནད་དང་། པགས་པར་ཤུ་ཐོར་སྐྱེ་བ། ཟ་འཕྲུག་ལངས་པ། ལུས་སྟོབས་ཉམས་པ་སྲིན་ནད་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
草决明
ཕྱི་ཡིག་གི་མིང་།
Cassia tora L.
མིང་གཞན།
ཨོ་ཊི།  ཤ་རི་རཾ།   ཤ་རི་རམ།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།  

《འཁྲུངས་དཔེ》ལས།  ཐལ་ཀ་རྡོ་རྗེས་ཞེས་བྱ་བ། །ཤིང་ཕུང་ཕྲ་ཞིང་ཆུང་བ་ལ། །མེ་ཏོག་སེར་པོ་སུལ་ཅན་ཏེ། །ལོ་མ་འབྲས་བུ་ཆུང་བ་ཡིན། །གང་བུ་རིང་ལ་འབྲས་བུ་ནི། །ཁྱི་ཡི་ཕོ་མཚན་འདྲ་བ་ཡོད། །རོ་ནི་ཡི་ཙམ་ཁ་བ་ཡིན། །རང་གི་ནུས་པས་ཆུ་སེར་སྐེམ། ། 

2 རིགས་དབྱེ།  

《ཤེལ་ཕྲེང》ལས།  འདི་ལ་ཕོ་མོ་རིགས་གཉིས་ཏེ།  ཕོ་རིགས་གང་བུ་ཕྲ་མོའི་ནང་ནས་འབྲས་བུ་སེར་འཇོང་ཅན་དང་།   མོ་ནི་རིགས་དེ་ལས་ཆེ་བའི་ཀྲི་ཀ་ཡོད་པ་ཞིག་ཡོད་ལ།  གཉིས་ཀ་ས་མཁྲེགས་འོག་ཏུ་འབར་བའོ། །  ཞེས་དང་།  《སྐྱེམས་འགྲེལ》ལས།  རིགས་ཕོ་མོ་གཉིས་ཏེ།  མོ་རིགས་ནི་གང་བུ་ལས་འབྱུང་བའི་འབྲས་བུ་སེར་ཆུང་རྩེ་རྣོ་བ་དང་།  ཕོ་ཊི་ཀ་ཡོད་པ་ལ་ཁྱིའི་ཕོ་མཚན་འདྲ་ཞེས་དང་།  ཨི་ཤྭ་ར་ལིང་ག་དབང་ཕྱུག་གི་མཚན་ཞེས།  གསུངས་སོ། །  ཞེས་དང་།  《བཻ་སྔོན》ལས།  འདི་ལ་རིགས་མཆོག་དམན་གཉིས་ཏེ།  འབྲས་བུ་དུ་ཁ་ཁྱིའི་ཕོ་མཚན་གྱི་རྩེ་འདྲ་བ་མཁྲེགས་པ་མཆོག་དང་།  དམན་པ་ནི་གོང་བུ་ཕྲ་མོ་འབྲས་བུ་འབོལ་བ་ཀྲི་ཁ་ཅན་ཡིན།  ཞེས་དང་།  ཁྲོག་སྨན་གྱི《འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང》ལས།  ཐལ་ཀ་རྡོ་རྗེ་མཆོག  ཐལ་ཀ་རྡོ་རྗེ་དམན་པ།

3 སྐྱེ་གནས།  

བོད་ལྗོངས་ཀྱི་མེ་ཏོག་རྫོང་དང་།  སྐྱིད་གྲོང་།  བལ་ཡུལ།  འབྲུག་ཡུལ།  རྒྱ་གར་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1700ནས2900བར་གྱི་ས་བབ་ཅུང་དམའ་ཞིང་དྲོད་ཚད་ཆེ་བའི་རི་ཐང་མཚམས་དང་།  ལམ་གྱི་ཟུར།  ཤིང་ལྡུམ་གྱི་གསེབ།  ཆུ་འགྲམ།  ཞིང་གི་མཐའ་སོགས་སུ་སྐྱེ་བ་མང་།  འདེབས་འཛུགས་བྱས་ཏེ་སྐྱེ་བ་ཡོད། 

4 བཏུ་དུས་དང་ཕན་ཡོན།  

སྤྱི་ཟླ་དགུ་བ་དང་བཅུ་བའི་བར་རམ།  འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་འབྲུ་གུ་འམ་ས་བོ་བླངས་ནས་སྐམ་གསེད་བྱེད་དགོས།

5 རོ་ནུས་ཞུ་རྗེས།  

རོ་ཁ་བ་དང་།  ཞུ་རྗེས་ཁ་བ།  ངོ་བོ་སྙོམས།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་ཅུང་ཁ་ཞིང་བསྐ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ཞིང་རྩུབ་ལ་སྐམ་པའོ། ། 

6 རྐྱང་བའི་ཕན་ཡོན།  

གྲུམ་བུ་ཆུ་སེར་གྱི་ནད་དང་།  པགས་པར་ཤུ་ཐོར་སྐྱེ་བ།  ཟ་འཕྲུག་ལངས་པ།  ལུས་སྟོབས་ཉམས་པ་སྲིན་ནད་སོགས་ལ་ཕན།

7 སྨན་སྦྱོར།

ཐལ་རྡོར་གསུམ་པའི་བྱུགས་པ།  ཐལ་ཀ་རྡོ་རྗེ་ཞོ 7 དང་།  གཡེར་མ་ཞོ 6  མར་ཞོ 7 བཅས་སྦྱར་བ་བྱུག་ན།   པགས་ནད་དང་།  ཆུ་སེར་གྱི་ནད་སོགས་ལ་ཕན།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-09

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།