ཏང་ཀུན་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་ཀུན་ནག་པོ།
ཏང་ཀུན་ནག་པོ་ནི། རྫ་དང་ཆུ་ཤགས། བྲག་གསེབ། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བ་དང་། འདེབས་འཛུགས་བྱས་ཏེ་སྐྱེ་བའང་ཡོད། སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་དུ་རྩ་བ་བཏུས་ཏེ་གཙང་མར་བཀྲུས་རྗེས་དུམ་བུར་གཏུབས་ནས་བསིལ་སར་སྐམ་ཏེ་སྤྱོད་ན། སྙིང་ལ་ཚ་བ་ཞུགས་པ་དང་། དུག་ཚད་བྱེར་བ། རླུང་འཕེལ་བ། དེ་མིན་བད་རླུང་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
当归
ཕྱི་ཡིག་གི་མིང་།
Angelica sinensis
མིང་གཞན།
འདྲེ་དུག    ལྕ་རྒོད།
སྨན་དུ་སྦྱར་བྱ།
རྩ་བ།
སྡེ་ཁོངས།
ལྡུམ་བུ་ཐང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《འཁྲུངས་དཔེ》ལས། དྲི་མཆོག་རྒྱལ་བོ་ཏང་ཀུན་ནི། །སྲིབ་ལ་རི་ཁ་ཀླུང་ཁར་སྐྱེས། །ཕོ་རིགས་མོ་རིགས་གཉིས་སུ་ཡོད། །ལོ་མ་སྔོ་ནག་མདངས་དང་ལྡན། །སྡོང་བོ་སྦོམ་ལ་མེ་ཏོག་དཀར། །རྩ་བ་སྤྲུ་བ་དཀར་བོ་འདྲ། །མོ་རིགས་དེ་ལས་ལོ་མ་ཕྲ། །མེ་ཏོག་དག་ནི་མེད་པ་ཡིན། །  ཞེས་དང་།  《མེས་ཞལ》ལས། དབྱིབས་ལྕ་བ་འདྲ་བ་དེ་ལས་ལོ་མ་ནག་ཅིང་རྩ་བ་དྲི་མ་ཆེ་བ་དེ་བའོ། ། ཞེས་དང་། 《གཡུ་ཐོག་སྔོ་འབུམ》ལས། མིང་ནི་ཏང་ཀུན་ཞེས་བྱ་སྟེ། ལོ་མ་ཕྲ་སིབ་སྨུག་ནག་ལ། སྡོང་བོ་རིང་ལྡེམ་ཡལ་ག་ཆུང་། མེ་ཏོག་དབྱིབས་ནི་སྤྲུ་ནག་འདྲ། ཞེས་དང་། 《བེ་སྔོན》ལས།  ནག་པོ་ལོ་སྡོང་རྩ་བ་སོགས། ལྕ་བ་འདྲ་བ་མེ་ཏོག་སེར་བོ་དྲི་ཆེ་བ་སྤྲུ་ནག་འདྲ་བ། ཞེས་གསུངས་སོ། །

2 རིགས་དབྱེ།

《ཤེལ་ཕྲེང》ལས། འདི་ལ་རིགས་གཉིས་ཏེ། ཕོ་ནག་པོ་དང་མོ་དཀར་བོ་བྱེད་པ་སྟེ་དོན་ལ་སྐྱ་ནག་ཡིན་པར་བཤད།  《སྐྱེམས་འབྲེལ》ལས། རིགས་མེ་ཏོག་ཡོད་མེད་ཀྱི་ཕོ་མོ་གཉིས།  དེ་ཡང་མེ་ཏོག་ཡོད་པ་ཕོ་དང་མེད་པ་མོ། ཞེས་དང་། 《རྒྱུད་བཞིའི་འགྲེལ་ཆེན》ལས། ལྕ་བའི་རིགས་མེ་ཏོག་ཡོད་མེད་ཀྱིས་ཕོ་ནག་པོ་དང་མོ་དཀར་བོར་བྱེད།

3 སྐྱེ་གནས།

བོད་ལྗོངས་དང་བལ་ཡུལ། འབྲས་ལྗོངས། རྒྱ་གར་ཧི་མ་ཅལ་མངའ་སྡེའི་རི་རྒྱུད་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2900ནས4500བར་གྱི་སྲིབ་རི་དང་རྫ་དང་ཆུ་ཤགས།  བྲག་གསེབ།  ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བ་དང་། འདེབས་འཛུགས་བྱས་ཏེ་སྐྱེ་བའང་ཡོད།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་དུ་རྩ་བ་བཏུས་ཏེ་གཙང་མར་བཀྲུས་རྗེས་དུམ་བུར་གཏུབས་ནས་བསིལ་སར་སྐམ་ཏེ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་ཚ་བ་དང་ཞུ་རྗེས་ཁ་བ།  ངོ་བོ་བསིལ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་བསྐ་ལ་ཚ་བ་དང་། ཞུ་རྗེས་ཁ་བ།  ནུས་པ་ལྕི་ལ་རྟུལ་ཞིང་སྐམ་ལ་དྲོ་བའོ། །

6 རྐྱང་བའི་ཕན་ཡོན།

སྙིང་ལ་ཚ་བ་ཞུགས་པ་དང་།  དུག་ཚད་བྱེར་བ།  རླུང་འཕེལ་བ།  དེ་མིན་བད་རླུང་སོགས་ལ་ཕན།

7 སྨན་སྦྱོར།

ཏང་ཀུན་བརྒྱད་པ།   ཏང་ཀུན་འབྲུ་གུའམ་རྩ་བ་ཞོ 2 དང་།  གུར་ཀུམ་ཞོ 1  སྤང་དཀར་སྐར་ཞོ 3 རུ་རྟ་ཞོ 1 སྙིང་ཞོ་ཤ་ཞོག 1 དང་སྐར 5  ཀོ་བྱི་ལ་སྐར 5  ཨ་གར་ནག་པོ་ཞོ 1 དང་སྐར 5  ཚེར་སྔོན་ཞོ 1 དང་སྐར 3 བཅས་སྦྱར་ཏེ་རྩི་བཞིན་བཏགས་པ་ཕྱེ་རིལ་གང་རུང་བཏང་ན་སྙིང་ལ་ཁྲག་ཚད་རྒྱས་ནས་གཟེར་རྒྱག་པ་དང་།  སྙིང་གི་གཡུགས་པ།  སྙིང་རྒྱས་པ།  རླུང་ཁྲག་འཁྲུགས་ནས་སྟོད་གཟེར་བ།  དབུགས་འགགས་པ།  ཁ་ལྕེ་སྐམ་པ།  རྒྱབ་འདུན་སྦྲགས་ནས་གཟེར་བ།  མཚན་མོར་དབུགས་རྔམས་པ།  ཡན་ལག་རེངས་པ་སོགས་འདོར་ན་ཁྲག་རླུང་གི་སྙིང་ནད་ལ་ཕན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-09

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།