རྭ་ལོ་ཙཱ་པ་རྡོ་རྗེ་གྲགས་པ།

རྗེ་འདི་ཉིད་ཡབ་སྔགས་པའི་རྒྱུད་རྭ་སྟོད་དཀོན་མཆོག་རྡོ་རྗེ་དང་ཡུམ་རྡོ་རྗེ་དཔལ་འཛོམས་གཉིས་ཀྱི་སྲས་སུ་བོད་མེ་འབྲུག་སྤྱི་ལོ(1016)ལོའི་ཧོར་ཟླ12ཚེས10ཉིན་སྟོད་ལྷོའི་ཆ་སྙེ་ནམ་གླང་ཡུལ(གཉའ་ནམ་ཡང་ཟེར)དུ་སྐུ་འཁྲུངས། མཚན་ལ་ངོ་མཚར་འབྱུང་གནས་ཅེས་བཏགས།དགུང་ལོ་དྲུག་པ་ལ་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བརྒྱད་ལ་དབུ་ཅན་དང་། དབུ་མེད། ལཉྩ། ཝརྟུ། རྒྱ་བལ་གྱི་ཡི་གེ་སོགས་བསླབས། གསེར་དངུལ་རྡོ་ལྕགས་ཀྱི་བཟོ་དང་། འཐག་ཚེམ། ལྷ་བྲིས། འབུར་བཟོ། པི་ཝང་། གླིང་བུ། གླུ་གར་སོགས་ཀྱང་ཚེགས་མེད་དུ་མཁྱེན་ནས་མཚན་ལ་ཤེས་རབ་འབྱུང་གནས་ཅེས་བཏགས།དགུང་ལོ་དགུ་བའི་ཚེ་ཡབ་ཀྱིས་ཡང་དག་ཕུར་བུའི་དབང་བསྐུར་ནས་དེའི་རྒྱུད་ལས་གཞུང་འགྲེལ་ཊཱིཀྐ་མཆན་བུ་དང་བཅས་པ་ལ་སྦྱངས། དགུང་ལོ་བཅུ་གཅིག་པར་ཡབ་ཀྱི་བཀའ་ལྟར་ཇོ་མོ་དགེ་མ་ལྕམ་ཁབ་ཏུ་བཞེས།དགུང་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་ཡང་དག་ལ་བསྙེན་པ་བསྐྱལ།
དེ་ནས་བལ་ཡུལ་དུ་ཕེབས་ཏེ་བླ་མ་བྷ་རོ་དང་། བལ་བོའི་པཎ་གྲུབ་གཞན་དུ་མ་ལུས་ཆོས་མང་དུ་གསན། བལ་བོའི་ལོ་ཙཱ་བ་དང་ལྷན་དུ་བོད་ལ་ཕེབས་ཏེ་དབང་ལུང་སོགས་མང་བོ་གནང་རྗེས་ཕྱིར་རྒྱ་གར་དུ་ཕེབས། ཡངས་པ་ཅན་ནས་པཎྜི་ཆེན་པོ་མནྫ་གླིང་དང་མཇལ། དཔལ་ན་ལེནྡའི་གཙུག་ལག་ཁང་དུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་ཏེ་མཚན་ཤྲཱི་བཛྲ་ཀི་ཏེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། དེར་རྭ་ལོ་ཆེན་པོས་མཁན་པོའི་དྲུང་དུ་ཚད་མ་སྡེ་བདུན་དང་།བྱམས་པའི་ཆོས་ལྔ་དང་མདོ་སྡེ།མངོན་པའི་གཞུང་ལ་སོགས་པ་མང་དུ་གསན།དེ་ནས་བོད་དུ་བྱོན་ཏེ་དབུས་གཙང་ཁམས་གསུམ་དུ་འདུས་པའི་སློབ་མའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།འབུལ་བས་གླང་ཡུལ་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་བཏབ།རྟེན་བཞེངས།ལྷ་ཁང་རྙིང་བ་གསར་བཞེངས་མཛད། དབུས་གཙང་དུ་ཕེབས་ཏེ་བུ་སློབ་དག་ལ་དབང་ལུང་མང་དུ་མཛད། དགུང་ལོ་རེ་གཅིག་པར་རྒྱ་གར་དུ་བྱོན་ཏེ་བླ་མ་མནྫ་གླིང་བ་བོད་དུ་གདན་དྲངས་ནས་དབུས་གཙང་སོགས་ཕྱོགས་ཀུན་ལ་བྱོན། སློབ་མའི་ཚོགས་ཀྱིས་ས་ཆེན་ཁྱབ། གསང་སྔགས་ཀྱི་ཆོང་དུ་བསྒྱུར་ཅིང་དག་མ་དག་ཤན་སོ་སོར་ཕྱེ། རྒྱུད་སྒྲུབ་ཐབས་མང་བོ་ལ་འགྱུར་བཅོས་དང་འགའ་ཞིག་གསར་འགྱུར་མཛད།ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། རྟོག་པ་བཞི་པ་སོགས་རྒྱུད་རྒྱ་གཞུང་ཐམས་ཅད་བསྒྱུར། སྐུ་ཚེ་ཧྲིལ་བོར་རྒྱ་གར་དང་བལ་ཡུལ་ལ་ལན་བཞི་ཕེབས། བོད་ཁམས་ཀྱི་ས་ཆ་སོ་སོར་ཡང་ཞབས་ཀྱིས་བཅགས། མཐར་དགུང་གྲངས་བརྒྱ་དང་བཅུའམ་བརྒྱ་དང་བརྒྱད་ཅུ(གསུང་ཚུལ་མི་འདྲ་བ་མཆིས)སྐུ་གཤེགས།
1 གླང་ཡུལ་བདུད་འདུལ་ལྷ་ཁང་གི་གཙུག་ལག་ཁང་བཏབ། རྟེན་བཞེངས། ལྷ་ཁང་རྙིང་བ་གསར་བཞེངས་མཛད།
2 བླ་མ་མནྫ་གླིང་བ་བོད་དུ་གདན་དྲངས།
3 མདོ་དང་འདུལ་བ།གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར།རྒྱུད་དང་སྒྲུབ་ཐབས་མང་བོ་འགྱུར་བཅོས་དང་གསར་འགྱུར་མཛད།
4 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ།རྟོག་པ་བཞི་བ་སོགས་རྒྱ་གཞུང་དུ་བསྒྱུར།
- 1 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི 《དུང་དཀར་ཚིག་མཛོད་ཆེན་མོ 》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2014ལོའི་ཟླ1པའི་པར་གཞི་གཉིས་པ་དཔར་ཐེངས་གསུམ་པ་བཏབ། ཤོག་ངོས1965ན་གསལ།
- 2 རྭ་ཡེ་ཤེས་སེང་གེས་མཛད་པའི 《རྭ་ལོ་ཙཱ་བའི་རྣམ་ཐར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2012ལོར་དཔར་ཐེངས་དང་པོ་དཔར། ཤོག་ངོས1ན་གསལ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-04-11
གསར་སྤེལ་མཁན། :གངསསྨྱུག་སྲས།