བློ་བཟང་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བློ་བཟང་རྡོ་རྗེ་མཆོག་ནི་བོད་ལྗོངས་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁོངས་སུ་འཁྲུངས་ཤིང་། སྐུ་ན་ཕྲ་མོའི་དུས་ནས་ཟློས་གར་སྒྱུ་རྩལ་ལ་དུང་ཟབ་པ་དང་། ཕྱིས་ཏཱ་ལའི་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། འགྲོ་བ་བཟང་མོ་ཞེས་པའི་ནང་གི་གཟེ་མ་ར་མགོ་འཁྲབ་སྟོན་མཛད་པར་དམིགས་བསལ་གྱི་ཁྱད་ཆོས་མངའ་པས། གཙང་མོ་རྒྱའུ་ཞེས་པའི་མཚན་ཐོགས་ཤིང་སྐད་གྲགས་ཆེན་པོར་གྱུར། རིག་གནས་སྒྱུ་རྩལ་ཐད་བོད་ཀྱི་རྒྱུན་སྲོལ་ལྷ་མོ་གཟུགས་ཀྱི་ཉི་མ་ལ་རོལ་དབྱངས་སྡེབ་སྦྱོར་གྱི་བཅོས་སྒྲིག་གནང་བ་སོགས་མཛད་རྗེས་ཧ་ཅང་ཆེའོ། །
གཞི་རྩའི་གནས་ཚུལ།

མིང་གཞན།
གཙང་མོ་རྒྱའུ། ཟློས་གར་པཱ་ལགས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1928—1990)
འཁྲུངས་ཡུལ།
བོད་ལྗོངས་ལྷོ་ཁ་སྣ་དཀར་རྩེ་རྫོང་།
འཐུས་ཚབ་བརྩམས་ཆོས།
《བོད་ཀྱི་ལྷ་མོའི་འབག་གི་སྐོར་ཅུང་ཟད་གླེང་བ》
མཛད་རྗེས།
བོད་ཀྱི་རྒྱུན་སྲོལ་ལྷ་མོ་གཟུགས་ཀྱི་ཉི་མ་ལ་རོལ་དབྱངས་སྡེབ་སྦྱོར་གྱི་བཅོས་སྒྲིག་གནང་བ།
1 ངོ་སྤྲོད།

བློ་བཟང་རྡོ་རྗེ་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ1928ལོར་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁོངས་སུ་འཁྲུངས་པ་དང་། ས་གླང་སྤྱི་ལོ1949ལོར་རྩེ་སློབ་གྲྭ་ནས་ཐོན། ཤིང་རྟ་སྤྱི་ལོ1954ལོར་རྩེ་ཡིག་ཚང་ལས་ཁུངས་སུ་ཕྱག་ལས་གནང་རིང་ཏཱ་ལའི་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ལྷ་མོའི་སློབ་སྟོན་པ་གནང་མྱོང་ཞིང་། སྐུ་ན་གཞོན་དུས་འགྲོ་བ་བཟང་མོ་ཞེས་པའི་ནང་གི་གཟེ་མ་ར་མགོ་འཁྲབ་སྟོན་མཛད་པར་དམིགས་བསལ་གྱི་ཁྱད་ཆོས་ཧ་ཅང་ཆེ་བས་གཙང་མོ་རྒྱའུ་ཞེས་པའི་མཚན་ཐོགས་ཤིང་ལྷ་སར་སྐད་གྲགས་ཧ་ཅང་ཆེན་པོ་ཡོད། རྗེས་སུ་བོད་ཀྱི་ལྟ་སྐོར་ཚོགས་པའི་ཁོངས་སུ་ནང་སར་ལྟ་སྐོར་དུ་ཕེབས་ནས་སློབ་གསོ་ཐོབ་ཡོད་པ་དེ་ནི་ཁོང་གི་སྐུ་ཚེའི་ནང་གི་ཁ་ཕྱོགས་འགྱུར་མཚམས་ཡིན་ཞིང་། ལོ་དེར་གསར་བརྗེའི་ནང་བཞུགས་ཐོག་ཀྲང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱའི་སྐད་ཡིག་སློབ་གཉེར་མཛད། ལོ་རབས་དྲུག་ཅུ་བའི་དུས་འགོར་ཁོང་གིས་གང་ཅིའི་དཀའ་ངལ་ཁྱད་བསད་ཀྱིས་གཉེར་སྐྱོང་གནང་བའི་གྲོང་ཁྱེར་ལྷ་ས་ཤར་ཕྱོགས་ལས་ཞོར་དྲིལ་བསྒྲགས་རུ་ཁག་དོན་དངོས་ཐོག་གྲོང་ཁྱེར་ལྷ་སའི་ཟློས་གར་ཚོགས་པ་སྔ་མ་དེ་ཡིན་ལ་ཁོང་གིས་ལྷ་ས་གྲོང་ཁུལ་གྱི་མང་ཚོགས་རིག་གནས་སྒྱུ་རྩལ་བྱེད་སྒོར་ནུས་པ་ཤིན་དུ་ཆེན་པོ་བཏོན་གནང་སྟབས་མི་རྣམས་ཀྱིས་ཟློས་གར་པཱ་ལགས་ཞེས་འབོད། མེ་སྤྲུལ་སྤྱི་ལོ1956ལོ་ནས་བཟུང་སྐུ་མ་གཤེགས་བར་སྔ་རྗེས་སུ་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་ཁག་དང་། ཀྲོང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་། ལྷ་ས་ཤར་ཕྱོགས་ལས་ཞོར་དྲིལ་བསྒྲགས་རུ་ཁག བོད་སྐྱོང་ལྗོངས་རིག་གནས་ཐིང་བཅས་སུ་ཕྱག་ལས་གནང་རིང་ཐུགས་ནུས་ཡོད་ཚད་བཏོན་ནས་བོད་ཀྱི་སློབ་གསོའི་ལས་དོན་དང་རིག་གནས་སྒྱུ་རྩལ་གྱི་སྲོལ་བཟང་རྒྱུན་འཛིན་བླ་མེད་གནང་། དགུང་གྲངས་རེ་གཉིས་ལ་ཕེབས་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྤྱི་ལོ1990ལོའི་ཟླ་2པའི་ཚེས28ཉིན་གློ་བུར་སྙིང་གི་ཤ་གནད་འགག་པའི་རྐྱེན་གྱིས་ནམ་ཕྱེད་ཆུ་ཚོད་དང་པོའི་ཐོག་ལྷ་སར་ལྗོངས་རིགས་གནས་ཐིང་གི་ལས་ཤག་ཏུ་སྐུ་གཤེགས།

2 མཛད་རྗེས་གཙོ་བོ།

ལྷག་པར་རིག་གནས་སྒྱུ་རྩལ་ཐད་ཀྱི་མཛད་རྗེས་གཙོ་བོ་ནི། བོད་ཀྱི་རྒྱུན་སྲོལ་ལྷ་མོ་གཟུགས་ཀྱི་ཉི་མ་ལ་རོལ་དབྱངས་སྡེབ་སྦྱོར་གྱི་བཅོས་སྒྲིག་གནང་བ་ལེགས་འགྲུབ་བྱུང་སྟེ་བོད་ཀྱི་རྒྱུན་སྲོལ་ལྷ་མོར་རོལ་དབྱངས་སྡེབ་སྦྱོར་བྱེད་སྲོལ་གསར་གཏོད་མཛད་པ། དེ་སྔའི་སྤྲང་སློང་གི་སྒྱུ་རྩལ་འབྲས་དཀར་ལ་ནང་དོན་གསར་བ་བཅུག་པ་དང་རོལ་མོས་རམ་འདེགས་བྱེད་པའི་རྣམ་པ་གསར་གཏོད་ཅིང་། སྐུ་ངོ་མས་འཁྲབ་སྟོན་མཛད་དེ་སྒྱུ་རྩལ་གར་སྟེགས་ཐོག་དར་ཁྱབ་ཏུ་བཏང་གནང་བ། བོད་སྐད་དགོད་བྲོའི་གཏམ་གླེང་ཐོག་མར་རང་རྩོམ་རང་འཁྲབ་མཛད་དེ་སྐད་རིགས་ཀྱི་དབྱེ་མཚམས་ལས་བརྒལ་བ་དེས་བོད་མི་རིགས་ཀྱི་སྒྱུ་རྩལ་ཐད་རྣམ་གྲངས་གསར་བ་ཞིག་ཁ་སྣོན་མཛད་པ་བཅས་ཡིན་ལ། གཞན་ཡང་ད་དུང་བོད་ཀྱི་གྲགས་ཆེའི་གནའ་རྩོམ་དེབ་ཐར《བཀའ་བློན་རྟོགས་བརྗོད》དང《བོད་ས་གནས་སྲིད་གཞུང་གི་ཆབ་ཤོག་ཡིག་ཚགས》ལ་བོད་ཡིག་མཆན་འགྲེལ་འགོད་གནང་མཛད་ཡོད་པ་དང་། མི་རིགས་སྒྱུ་རྩལ་གྱི་རིག་པའི་གཞུང་ལུགས་ཞིབ་འཇུག་ཐད་རིན་ཐང་ཆེ་ཞིང་རྒྱལ་ཁབ་ཕྱི་ནང་ཚང་མར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པའི་དཔྱད་རྩོམ་རབ་དང་རིམ་པ་རྩོམ་འབྲི་གནང་བ་དཔེར་ན《བོད་ཀྱི་ལྷ་མོའི་སྒྱུ་རྩལ་སྐོར་གླེང་བ》ཞེས་པ་དེ་ཆུ་ཁྱི་སྤྱི་ལོ1982ལོར་སྤེལ་རྗེས་རྒྱ་ཡིག་ཏུ་ཐེངས་གཉིས་བསྒྱུར་ཏེ་བརྒྱུད་སྤེལ་བྱས་པ་དང་ཕྱི་རྒྱལ་དུ་དབྱིན་ཡིག་ལ་བསྒྱུར་ཐོག་གདན་ཞུས་ལྟར་ཧྥ་རན་སིའི་པ་ལིར་བོད་རིག་པའི་ཚོགས་འདུའི་ཐོག་དཔྱད་རྩོམ་དེ་སྒྲོག་སྦྱོངས་གནང་བ་དང་། འཇར་པན་དུ་མཚམས་འདྲིར་ཕེབས་སྐབས་ཨེ་ཤ་ཡའི་འབག་གི་སྒྱུ་རྩལ་དུས་ཆེན་ཐོག《བོད་ཀྱི་ལྷ་མོའི་འབག་གི་སྐོར་ཅུང་ཟད་གླེང་བ》ཞེས་པའི་དཔྱད་རྩོམ་སྒྲོག་སྦྱངས་མཛད་པར་རྒྱ་ཁབ་བཅུ་གཅིག་གི་སྒྱུ་རྩལ་འཐུས་མི་ཚོགས་པས་ཚད་མཐོའི་གདེང་འཇོག་གནང་ཞིང་ཕྱིས་སུ་བོད་དུ་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་སྤེལ་བ་སོགས་མཛད་རྗེས་ཤིན་ཏུ་ཆེའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།