ཕྱྭ་བ་ཆོས་ཀྱི་སེང་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ནི་གསང་ཕུ་ནེའུ་མཁན་པོ་མཛད་མཁན་གྱི་གྲས་སུ་ཆེས་ཕུལ་དུ་བྱུང་བའི་ཕྱག་རྗེས་བླ་མེད་གནང་བ་ཞིག་ཡིན་ལ། གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན། ལྷག་པར་དུ་ཁོས་བོད་ཀྱི་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་གནང་བ་ནས་བོད་ཀྱི་ཆོས་དང་རིགས་གནས་གང་ལའང་ཡར་ཟླའི་དཔལ་བཞིན་ད་ལྟའི་བར་དུ་མ་ཉམས་པར་གནས་པ་དེ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1209—མི་གསལ)
འཁྲུངས་ཡུལ།
ལྷ་ས་སྟག་རྩེ་རྫོང་ཁོངས།
སློབ་མ།
རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད།
གྲུབ་མཐའ།
བཀའ་གདམས་པ།
འཐུས་ཚབ་བརྩམས་ཆོས།
《བྱམས་ཆོས་སྡེ་ལྔའི་འགྲེལ་བ》
མཛད་རྗེས།
གདན་སའི་སློབ་གཉེར་སྲོལ་གཏོད་གནང་བ།
1 ངོ་སྤྲོད།

སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ནི་རབ་བྱུང་གཉིས་པའི་ས་གླང་སྤྱི་ལོ1209ལོར་ཕྱྭ་ཞེས་པའི་ཡུལ་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་ལ་མོ་ཆུས་ཀྱི་ཁོངས་སུ་སྐུ་བལྟམས། སྐུ་ན་ཕྲ་མོའི་དུས་ནས་མགུར་མ་སྣ་ཚོགས་གསུང་ཐུབ་མཁན་ཞིག་ཡིན་པས། དགེ་བཤེས་རྒྱ་དམར་བས་ཕ་མ་གཉིས་ལ་སློང་སྟེ་ཞབས་ཕྱིར་ཁྲིད། དེ་ནས་དགེ་བཤེས་རྒྱ་དམར་བའི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱོང་གནང་། ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། ཉན་བྲན་ཆོས་ཀྱི་ཡེ་ཤེས་གཉིས་ཀྱི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་ཀྱི་སྐོར་གསན། གསང་ཕུ་ནེའུ་ཐོག་དགོན་པར་མཚན་ཉིད་ཀྱི་སྲོལ་གཏོད་པ་དང་། གདན་ས་ལོ་བཅོ་བརྒྱད་ཀྱི་བར་མཛད།

2 གདན་སའི་སློབ་གཉེར་སྲོལ་གཏོད་གནང་བ། 

སློབ་དཔོན་འདི་ཉིད་ཀྱིས་གསང་ཕུ་ནེའུ་དགོན་པར་མཚན་ཉིད་ཀྱི་སྲོལ་གཏོད་པ་དང་དེ་ནས་སློབ་གཉེར་གྱི་ལམ་ལུགས་གསར་དུ་བཙུགས་པ་ནི། གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ་དང་སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ། དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་ཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་གཏོད་ཅིང་། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་ཁེལ་གནང་བ། ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། འཛིན་གྲྭ་ཕན་ཚུན་རྩོད་པའི་གཏུགས་རེས་དང་འགྲན་བསྡུར་བྱས་པའི་ཐབས་ལམ་གསར་དུ་གཏོད་པ། ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ། སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ། སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ། ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། མཚད་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང་། རྩོད་གླེང་གཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐྱུར་འབེབས་ནས་སྐད་གསུང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་དྷི་སྐད་གཏོང་བ་དང་། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གསར་གཏོད་གནང་ནས། བོད་ཀྱི་གདན་ས་ཁག་ཏུ་ཁོང་གི་སྲོལ་གཏོད་དེ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་བ་ཡིན་ནོ། །

3 སློབ་མའི་སྡེ།

སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེ་ལ་སློབ་མའི་སྡེ་གྲངས་ཀྱིས་མི་ལངས་པ་ཡོད་པ་ལས། གཙོ་ཆེ་བ་ནི་རིགས་པའི་དབང་ཕྱུག་སེང་ཆེན་བརྒྱད་ཡིན་སྟེ། དེ་དག་ནི། གཙང་ནག་པ་བརྩོན་འགྲུས་སེང་གེ། དར་བག་སྨྲ་བའི་སེང་གེ། བྲུ་ཤ་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ། རྩེགས་དབང་ཕྱུག་སེང་གེ། ཉ་བྲན་ཆོས་ཀྱི་སེང་གེ། འདན་མ་དཀོན་མཆོག་སེང་གེ། གཉལ་བ་ཡོན་ཏན་སེང་གེ་བཅས་ཡིན། 

4 བརྩམས་ཆོས།

བདག་ཉིད་ཆེན་པོ་འདིའི་གསུང་རྩོམ་ཐད་ལ《བྱམས་ཆོས་སྡེ་ལྔའི་འགྲེལ་བ》དང《ཚད་མ་རྣམ་ངེས་ཀྱི་འགྲེལ་བ》《ཚད་མ་ཡིད་ཀྱི་མུན་སེལ》《ཤེས་བྱ་གཞི་ལྔའི་རྣམ་གཞག་རྒྱས་བསྡུས》《དབུ་མ་བདེན་གཉིས་ཀྱི་འགྲེལ་བ》《དབུ་མ་སྣང་བའི་འགྲེལ་བ》《སྤྱོད་འཇུག་ཆེན་མོའི་འགྲེལ་བ》རྣམས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།