ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ནས་ཟ་ཧོར་གྱི་རྒྱལ་བོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་ལོན་པ་ནས་ཆོས་གསུང་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་ཞིག་ཡིན། དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད། བླ་མ་ཛེ་ཏཱ་རི། རིགས་པའི་ཁྱུ་བྱུག ཤཱི་ལ་རཀྵི་ཏ། བླ་མ་གསེར་གླིང་བ་སོགས་བླ་མ་སུམ་ཅུ་སོ་བཞི་ཙམ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་གཞུང་སོགས་སྦྱངས་པ་མཐའ་འཁྱོལ་བ་མཛད། པཎྜི་ཏ་ཆེན་པོའི་མཚན་ཐོགས། བོད་དུ་བཞུགས་རིང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྔོགས་ལོ་ཙཱ་བ་ལེགས་པའི་ཤེས་རབ། དགེ་བཤེས་འབྲོམ་སྟོན་པ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་སོགས་སློབ་མ་མཁས་མཛངས་ལྡན་པ་མང་དུ་བྱུང་། བསྟན་བཅོས་བྱང་ཆུབ་ལམ་སྒྲོན་སོགས་ཤིན་ཏུ་མང་མཛད་ནས་མཐར་དགུང་ལོ་དོན་གསུམ་པ་བཞེས་པ་ཤིང་ཕོ་རྟ་སྟེ། སྤྱི་ལོ1054ལོའི་བོད་ཟླ་དགུ་བའི་ཚེ་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

མིང་གཞན།
ཟླ་བའི་སྙིང་བོ། དཱ་བཾ་ཀ་ར་ཤྲཱི་ཛྙཱ་ན། དཔལ་ལྡན་མར་མེ་མཛད་ཡེ་ཤེས། ཡེ་ཤེས་གསང་བའི་རྡོ་རྗེ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(982—1054)
འཁྲུངས་ཡུལ།
རྒྱ་གར་བྷང་གྷ་ལ།
རིགས།
རྒྱལ་རིགས།
ཡབ།
རྒྱལ་བོ་དགེ་བའི་དཔལ།
ཡུམ།
དཔལ་མོ་འོད་ཟེར་ཅན།
སློབ་མ།
ཁུ་རྔོག་འབྲོམ་གསུམ་སོགས།
འཐུས་ཚབ་བརྩམས་ཆོས།
《བྱང་ཆུབ་ལམ་སྒྲོན》
1 ངོ་སྤྲོད།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ནས་ཟ་ཧོར་གྱི་རྒྱལ་བོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  དགུང་ལོ་ལྔ་ལོན་པ་ནས་ཆོས་གསུང་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་ཞིག་ཡིན།  དགུང་ལོ་བཅུའི་བར་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས་ཤིང་།  དེ་ནས་ཕྱི་རོལ་མུ་སྟེགས་པ་དང་སངས་རྒྱས་ཆོས་ལུགས་ཀྱི་སྒྲ་རིག་པ་དང་།  ཚད་མ་རིག་པ་ལ་སློབ་གཉེར་གནང་།  དགུང་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་བའི་རྟོག་གེ་པ་མཁས་པར་གྲགས་པ་ཞིག་དང་རྩོད་པས་དེ་ཕམ་པར་མཛད་ནས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་པར་གྱུར།  དགུང་ལོ་ཉི་ཤུ་ལྷག་ཙམ་བཞེས་པ་ན་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་འཛིན་པའི་རེ་བ་བྱས་ཏེ་རྒྱལ་རིགས་ཀྱི་བུ་མོ་མཛེས་མ་མང་བོ་བདམ་ནས་གཉེན་སྒྲིག་གནང་བར་ཞུས་ཀྱང་གཏན་ནས་ཞལ་བཞེས་མ་གནང་བར།  མཐར་དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད།  བླ་མ་ཛེ་ཏཱ་རི།  རིགས་པའི་ཁྱུ་བྱུག  ཤཱི་ལ་རཀྵི་ཏ།  བླ་མ་གསེར་གླིང་བ་སོགས་བླ་མ་སུམ་ཅུ་སོ་བཞི་ཙམ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་གཞུང་སོགས་སྦྱངས་པ་མཐའ་འཁྱོལ་བ་མཛད།  པཎྜི་ཏ་ཆེན་པོའི་མཚན་ཐོགས།  མངའ་རིས་གུ་གེ་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མངགས་ཏེ་བོད་དུ་གདན་འདྲེན་པར་བཏང་ཡང་གདན་འདྲེན་ཞུ་མ་ཐུབ།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་གདན་དྲངས།  བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས།  འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས་ནས་དེར་ལོ་དགུ་དང་། འཕན་པོ་དང་།  ཡེར་བ། ལྷ་ས་སོགས་སུ་ལོ་ལྔ་བཅས་ལོ་བཅུ་བདུན་གྱི་རིང་ཆོས་གསུངས་པ་དང་།  བོད་དུ་བཞུགས་རིང་ཁུ་སྟོན་བརྩོན་འགྲུས་གཡང་དྲུང་།  རྔོགས་ལོ་ཙཱ་བ་ལེགས་པའི་ཤེས་རབ།  དགེ་བཤེས་འབྲོམ་སྟོན་པ།  འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་སོགས་སློབ་མ་མཁས་མཛངས་ལྡན་པ་མང་དུ་བྱུང་།  བསྟན་བཅོས་བྱང་ཆུབ་ལམ་སྒྲོན་སོགས་ཤིན་ཏུ་མང་མཛད་ནས་མཐར་དགུང་ལོ་དོན་གསུམ་པ་བཞེས་པ་ཤིང་ཕོ་རྟ་སྟེ།  སྤྱི་ལོ1054ལོའི་བོད་ཟླ་དགུ་བའི་ཚེ་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས། 

2 རྒྱལ་སྲིད་སྤོང་བ།

རྒྱལ་བུ་དེ་ཉིད་ནར་སོན་ནས་ཐུགས་ལ་འདི་ལྟར་དགོངས་ཏེ།  འཁོར་བའི་ཕུན་ཚོགས་གང་ལའང་མ་ཆགས་པར་རྒྱལ་བའི་བསྟན་པ་ཡོངས་རྫོགས་ལ་བསླབས་ཏེ་ས་ལམ་མཐར་ཕྱིན་པ་ཞིག་ཅིས་ཀྱང་བྱེད་དགོས།  དེ་ལྟར་འབྱུང་བ་ལ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་ཞིག་གིས་རྗེས་སུ་གཟུང་དགོས་པར་འདུག་པས་བཤེས་གཉེན་དམ་པ་སུ་བརྟེན་དགོངས་པ་ན།  ཕོ་བྲང་དང་ཧ་ཅང་མི་རིང་བའི་གནས་ཞིག་ན།  ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་བཞུགས་པར་ཐོས་ནས།  ཕོ་བྲང་གི་མི་རྣམས་ལ་རི་བྲག་བསྐོར་དུ་འགྲོ་ཞེས་བསྙད་བཏགས་ནས་དམགས་ཆས་སུ་ཞུགས་པའི་རྟ་སུམ་བརྒྱ་ཙམ་དང་བཅས་ཛེ་ཏཱ་རིའི་དྲུང་དུ་ཕེབས་ནས་ཞབས་སྤྱི་བོར་བླངས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས།  ཛེ་ཏཱ་རིས་རེ་ཤིག་ནཱ་ལེནྡྲར་བླ་མ་བྱང་ཆུང་བཟང་པོའི་སྤྱན་སྔར་སོངས་ཞེས་ལུང་བསྟན། དེ་ནས་ནཱ་ལེནྡྲར་བླ་མ་བྱང་ཆུང་བཟང་པོའི་ཞབས་སྤྱི་བོར་བླངས་ཏེ་སེམས་བསྐྱེད་ཞུས།  བླ་མས་ནཱ་ལེནྡྲའི་བྱང་ཕྱོགས་ན་ཚེའི་རིག་འཛིན་བརྙེས་ཤིང་སྤྲོས་བྲལ་དབུ་མའི་དོན་གཟིགས་པའི་རྒྱལ་སྲས་རིགས་པའི་ཁུ་བྱུག་བཞུགས་པས་དེའི་དྲུང་དུ་སོངས་ཞེས་བཏང་།  དེ་ནས་རིག་པའི་ཁུ་བྱུག་གི་ཞབས་ལ་བསྙེན་ཏེ་གསོལ་བ་བཏབ་པས།  རིག་པའི་ཁུ་བྱུག་གིས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་སྤྱི་དང་།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ལྟ་བའི་མན་ངག་རྣམས་ཞིབ་པར་གནང་སྟེ།  ད་དུང་བླ་མ་ཨ་ཝ་དྷུ་ཏི་པ་ཞེས་བྱ་བ་དབུ་མའི་ལམ་ལ་མངའ་བརྙེས་པ་ཞིག་ཡོད་པས་དེའི་དྲུང་དུ་སོངས་ཞེ་བཏང་།  བཀའ་ལུང་ལྟར་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་དྲུང་དུ་ཕེབས་ནས་རྗེས་སུ་འཛིན་པར་ཞུས་པ་ན།  བླ་མ་ཨ་ཝ་བདྷུ་ཏི་པས་ཆོས་རྣམ་དག་བྱེད་པ་ལ་རྒྱལ་སྲིད་བློས་ཐོངས་ལ་དེ་ནས་ཚུར་ཤོག་ཅེས་ལུང་བསྟན།  བླ་མས་ཇི་ལྟར་ལུང་བསྟན་པ་ལྟར་ཕོ་བྲང་དུ་ཕེབས་ནས་ཡབ་ཡུམ་ལ་གནང་བ་ནན་གྱིས་ཞུས་ཏེ།  རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་གཏུགས།  ཨ་ཝ་དྷུ་ཏིས་ལུང་བསྟན་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣམ་འབྱོར་གྱི་དབང་ཕྱུག་དཔལ་ཀྱེེ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུབྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང་།  གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏེགས།  ལོ་བདུན་གྱི་རིང་ལ་བླ་མ་ཨ་ཝ་དྷུ་ཏི་པ་གཙོ་བོར་བསྟེན་ཞིང་།  གཞན་ཡང་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར། 

3 རབ་ཏུ་བྱུང་བ།

ནུབ་གཅིག་རྨི་ལམ་དུ།  བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་འདུན་མང་པོའི་འཁོར་དང་བཅས་ནས། གདུགས་ཚོད་གསོལ་གྱིན་འདུག་པར།  དེའི་གྲལ་ཞབས་ན་ཇོ་བོ་རྗེ་རང་ཉིད་ཀྱང་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ཇོ་བོ་ལ་གཟིགས་ནས།  མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་།  ཞེས་གསུང་བ་རྨིས་པ་ན་ད་ངེས་པར་རབ་ཏུ་འབྱུང་བར་བྱའོ་སྙམ་དུ་དགོངས་ནས།  དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེར་སྡེ་བ། དེའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་རྒྱུད།  ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་།  མཚན་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བར་བཏགས།  མཚན་ཉིད་ཀྱི་ཐེག་པའི་སྡེ་སྣོད་གསུམ་ག་ལ་ཞིབ་ཏུ་སྦྱངས་ཤིང་།  བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་འདུལ་བ་ལུང་སྡེ་བཞིའི་གནད་ཀུན་བསྡུས་ཤིང་།  མངོན་པ་སྡེ་བདུན་གྱི་གནད་ཀུན་བསྡུས་པའི་བསྟན་བཅོས་བྱེ་བྲག་བཤད་པ་ཆེན་པོ་ཞེས་པ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་ཆེན་པོ་དེ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས།  སྡེ་བ་བཅོ་བརྒྱད་པོ་སོ་སོའི་བྱིན་ལེན་དང་རུང་ཆུ་སོགས་ཕྱག་ལེན་ཕྲ་མོ་མཐའ་དག་མ་འདྲེས་པར་མཁྱེན་ནས་འཕགས་ཡུལ་གྱི་སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་གྱུར་ཏོ། །

4 ལྷ་དང་བླ་མའི་ལུང་བསྟན།

ཇོ་བོ་རྗེས་འཕགས་ཡུལ་དུ་བཞུགས་པ་མདོ་སྔགས་ཀྱི་ཆོས་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་མྱུར་དུ་འཚང་རྒྱ་བ་ལ་ལམ་གང་ཞིག་མྱུར་སྙམ་པ་པ་ནར་མར་ཡོད་པ་ན།  བླ་མ་རཱ་ཧུ་ལ་གུབྟས་མངོན་པར་ཤེས་པས་མཁྱེན་ཏེ།  ཇོ་བོ་ལ་གསུངས་པ།  ཡི་དམ་ཀྱི་ལྷ་ཞལ་མཐོང་བ་དང་།  དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་མངོན་དུ་གྱུར་བ་དང་།  ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་།  ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན།  བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས།  ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས།  འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག་གསུངས།  ཡང་རྡོ་རྗེ་གདན་གྱི་གནྡྷོ་ལ་བསྐོར་བ་མཛད་པའི་ཚེ།  བྱ་འདབས་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས།  ཧེ་བྷ་དནྡ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱལ་བར་འདོད་པས།  བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས།  དེ་ནས་ཉིན་གཅིག་རྡོ་ར་ཁང་བུ་ལ་སྐོར་བ་མཛད་པའི་ཚེ་ན།  བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་བཞུགས་འདུག་པ་དེའི་ཞལ་ནས།  ཛོ་ཀི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་སྦྱོངས་གསུང་།  ཡང་ཉིན་ཞིག་རྡོ་རྗེ་གདན་གྱི་ཁོར་ས་ཞིག་ན་ཕར་སྐོར་བ་འགྲོ་བའི་ཚེ།  ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་ཡོད་པ། གཅིག་གིས་དྲི་བའི་ཚུལ་དུ།  མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱའོ། །ཞེས་གསུངས་ནས།  བྱང་ཆུབ་ཀྱི་སེམས་སྦྱངས་ཐབས་བཟང་བ་ཅིག་གསུང་གིན་འདུག་པ་ལ།  སྐོར་བ་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་ཐུགས་སུ་ཆུད་པ་སོགས་ལྷ་དང་བླ་མ་སོགས་ཀྱི་ལུང་བསྟན་དུ་མ་མཐོང་ངོ་། །

5 བླ་མ་གསེར་གླིང་བསྟེན་པ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་མཐར་ཕྱིན་པའི་ཕྱིར་དེའི་མན་ངག་ཡོངས་སུ་རྫོགས་པ་སུ་ལ་ཡོད་སྙམ་ནས་དཔྱད་པ་ན།  དེའི་ཚེ་བླ་མ་གསེར་གླིང་བ་བྱང་ཆུབ་ཀྱི་སེམས་ཀྱི་བདག་པོར་གྲགས་པས།  བླ་མ་གསེར་གླིང་བའི་ཞབས་དྲུང་དུ་བྱང་ཆུབ་སེམས་ཀྱི་གདམས་ངག་གསན་པའི་ཕྱིར་གསེར་གླིང་དུ་མ་འབྱོན་པར་བཞེད།  ཚོང་མགྲོན་མང་པོ་དང་ལྷན་གྲུ་གཟེངས་བཅས་ནས་ཟླ་བ་བཅུ་གསུམ་གྱི་རིང་མཚོའི་སྟེང་ལ་བྱོན།  དེའི་ཚེ་བདུད་ཀྱི་བར་ལ་སོགས་པས་རླུང་བཏབ་སྟེ་གྲུ་གཟེངས་ལམ་ལོག་པར་བསྒྱུར་པ་དང་།  ཆུ་སྲིན་ཆེན་པོས་གྲུ་གཟེངས་ཀྱི་མདུན་བཀག་པ།  ནམ་མཁའ་ལས་ཐོག་བབས་པ་སོགས་གནོད་པ་ཆེན་པོ་བྱས་པར།  རྗེ་ཉིད་ཀྱིས་གཤིན་རྗེའི་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་སྒོ་ན་ས་བདུད་སྡེ་དཔུང་བཅས་བཏུལ་ཏེ་རིམ་གྱིས་གསེར་ལུང་གླིང་དུ་ཕེབས།  གསེར་གླིང་གི་སྣེ་ཟིན་མ་ཐག་བླ་མ་གསེར་གླིང་བའི་སློབ་མ་བསམ་གཏན་པ་འགའ་ཞིག་དང་མཇལ།  ཞག་བཅུ་བར་དུ་བླ་མ་གསེར་གླིང་བ་གང་དུ་བཞུགས་པ་དང་རྣམ་ཐར་ཇི་ལྟར་ཡོད་པ་རྣམས་དྲི་གཏུགས་མཛད།  དེ་ནས་བསམ་གཏན་པ་དེ་དག་གིས་བླ་མ་གསེར་གླིང་བ་ལ་འདི་སྐད་གསོལ་ཏོ། །ཀྱེ་བླ་མ་དམ་པ་གསན་དུ་གསོལ།  གླིང་འདིར་རྒྱ་གར་གྱི་མཁན་པོ་དཱི་བཾ་ཀཱ་ར་ཤྲི་ཛྙ་ན་བྱ་བ་དེ།  སློབ་མ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཚོགས་དང་ལྷན།  རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་གྱི་བར་བྱོན་དེར་ལྷགས་སོ། །ཐུགས་རྗེ་ཆེན་པོས་གོ་སྐབས་དབྱེ་ཞིག་ཅེས་ཞུས།  དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་བླ་མ་གསེར་གླིང་བ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཕེབས་ནས་བླ་མ་གང་དུ་བཞུགས་པ་དེར་ཕྱིན་པ་དང་།  བླ་མ་གསེར་གླིང་བའི་གཟིམ་ཁང་ཕོ་བྲང་གསེར་གདུགས་ཅན་གྱི་ནང་དུ་ཕེབས་ཏེ།  ཕྱག་དང་མཎྜལ་ཕུལ་ནས།  དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བ་དང་།  དེའི་ཐབས་སུ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་གནང་དགོས་ཚུལ་ཞུས་པ་ན།  བླ་མ་གསེར་གླིང་བས་དེ་ལ་ལོ་མང་པོ་འགོར་བས།  ཉིད་རང་གིས་བཞུགས་ནུས་ན་ཅིས་ཀྱང་འབུལ་ཞེས་གསུངས།  དེ་ལ་ཇོ་བོ་རྗེས་ལོ་ཅི་ཙམ་འགོར་ཡང་ཡོངས་སུ་རྫོགས་པ་ཞིག་ཅིས་ཀྱང་ཞུ་ཞེས་གསོལ་བ་བཏབ་ནས་ལོ་བཅུ་གཉིས་ཀྱི་རིང་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་སྤྱི་དང་།  ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན།  དེ་ནས་རྒྱ་མཚོར་འཇུག་པའི་དེད་དཔོན་གྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་རང་ཡུལ་དུ་ལྡོག་པ་ལྟར་ཇོ་བོ་རྗེ་ཡང་ཐུགས་ལེགས་པར་ཚིམ་ནས་རྒྱ་གར་དུ་ཕེབས་པར་གཤེགས་པ་ན།  བླ་མ་གསེར་གླིང་ཆེན་པོས་ཁོང་རང་ལ་ཆུང་ངུའི་དུས་ནས་རྙེད་པའི་ཐུབ་དབང་གི་གསེར་སྐུ་དེ་ཇོ་བོ་རྗེའི་ཕྱག་ཏུ་ཕུལ་ནས།  སངས་རྒྱས་ཀྱི་བསྟན་པའི་བདག་པོར་བྱིན་གྱིས་བརླབས་སོ། །

6 བོད་ལ་ཕེབས་པ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་འཕགས་པའི་ཡུལ་དུ།  གཙུག་ལག་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་ཚེ།  མངའ་རིས་གུ་གེ་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་མང་བོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མངགས་ཏེ། བོད་དུ་གདན་འདྲེན་པར་བཏང་ཡང་གདན་དྲངས་མ་ཐུབ།  ད་དུང་ལྷ་བླ་མ་ཡིད་ཐང་མ་ཆད་པར་གསེར་འཚོལ་དུ་ཕེབས་པས་མུ་སྟེགས་མཐའ་འཁོབ་ཀྱི་རྒྱལ་བོས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག སྐུ་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་འོག་ཏུ་སྐུ་གཤེགས།  ཁོང་གི་ཞལ་ཆེམས་ལྟར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས།  བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་བོ་དང་བྲི་ཀ་མ་ལ་ཤི་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ།  ཇོ་བོ་རྗེས་རྗེ་བཙུན་སྒྲོལ་མའི་རྟེན་གྱི་སྤྱན་སྔར་མཆོད་པ་དང་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། བོད་དུ་བྱོན་ན་བསྟན་པ་དང་འགྲོ་བར་ཕན་ཐོགས་པ་སོགས་ལུང་དུ་བསྟན། དེ་ནས་དགུང་ལོ་ང་དགུ་བཞེས་པ་སྤྱོ་ལོ1040ལོར་བལ་ཡུལ་བརྒྱུད་ནས་མངས་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས།  མངའ་རིས་སུ་ལས་རྒྱུ་འབྲས་དང་སེམས་བསྐྱེད་ལས་བརྩམས་པའི་ཆོས་གཙོ་བོར་གསུངས་ཤིང་།  བྱང་ཆུབ་ལམ་གྱི་སྒྲོལ་མ་རང་འགྲེལ་དང་བཅས་པ་མཛད།  སྤྱི་ལོ1043ལོར་རྒྱ་གར་དུ་ཕྱིར་ཕེབས་རྩིས་བྱེད།  སྐབས་དེར་བལ་ཡུལ་མཐའ་མཚམས་སུ་འཁྲུག་པ་ལངས་ནས་ཕེབས་མ་ཐུབ་པར་གནས་སྐབས་ཕྱིར་འགྱངས་གནང་སྟེ་བཞུགས་མས་ལ་འབྲོམ་སྟོན་པ་ཕེབས་ཏེ་བོད་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས།  དེ་ནས་ཡར་ལུང་སོགས་སུ་ཟླ་ཁ་ཤས་བཞུགས་ནས་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས།  དེར་ལོ་དགུ་དང་།  འཕན་པོ་དང་།  ཡེར་བ།  ལྷ་ས་སོགས་སུ་ལོ་ལྔ་བཅས་ལོ་བཅུ་བདུན་གྱི་རིང་ཆོས་གསུངས་པ་དང་།  བསྒྱུར་པ།  སྒྱུར་བཅོས་སོགས་གནང་ནས་བསྟན་པ་དང་འགྲོ་དོན་རྒྱ་ཆེན་པོ་བསྐྱངས།  མཐར་དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་ཤིང་རྟ་སྤྱི་ལོ1054ལོའི་བོད་ཟླ་དགུ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་གཟུགས་སྐུའི་བཀོད་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། 

7 སློབ་མའི་སྡེ། 

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ལོ་བཅུ་བདུན་བཞུགས་པའི་རིང་མཁས་མཛངས་གཉིས་ལྡན་གྱི་སློབ་རྒྱུན་མང་དུ་བྱུང་བ་སྟེ།  མངའ་རིས་ནས་ལྷ་བླ་མ་བྱང་ཆུང་འོད།  ལོ་ཙཱ་བ་རིན་ཆེན་བཟང་བོ། རྨ་དགེ་སློང་།  ནག་ཚོ་ལོ་ཙཱ་བ་སྟེ།  གཙང་ནས་འགར་འགོས་ཡོལ་གསུམ།  ལེང་འབྲིང་གཉིས།  སེ་སྟོན་སྒྲ་འཛིན།  ཟངས་གཞོན་ནུ་འབར་ཏེ་བདུན།  ལྷོ་བྲག་ནས་ཆག་ཁྲི་མཆོག་དང་བཙུན་པ་དགེ་སྦྱོང་གཉིས། དབུས་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།  རྔོག་ལེགས་པའི་ཤེས་རབ།  འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཁམས་ནས་རྣལ་འབྱོར་བ་ཆེན་པོ་ཨ་མེས་བྱང་ཆུབ།  འཛེང་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་བ་ཤེས་རབ་རྡོ་རྗེ།  ཕྱྭ་དར་སྟོན་པ་སོགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-29

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།