གུ་ཤྲི་ཤཱཀྱ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུ་ཤྲི་ཤཱཀྱ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་གཉིས་པ་ཡིན་ལ། ཁོང་གིས་སྤྱི་ལོ1365ནས་སྤྱི་ལོ1373བར་སྲིད་ལོ་དགུ་ལ་བསྐྱངས། མིང་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཀྭ་ཏིན་གུ་ཤྲི(灌顶国师)སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཞེས་པའི་ཆོ་ལོ་དང་དམ་ཁ་གནང་། དེ་ནས་བཟུང་ཁོང་གི་མཚན་ལའང་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་བྱུང་།
གཞི་རྩའི་གནས་ཚུལ།

མིང་གཞན།
འཇམ་དབྱངས་ཤཱཀྱ་རྒྱལ་མཚན། གྲགས་པ་བཟང་པོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1340—1373)
ཡབ།
དྲུང་ཆེན་བསོད་ནམས་བཟང་བོ།
ཡུམ།
བདག་མོ་ཉེ་རུ་མ།
མཛད་རྗེས་གཙོ་བོ།
ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་གཉིས་པའི་འགན་བཞེས་པ།
1 ངོ་སྤྲོད།

གུ་ཤྲི་ཤཱཀྱ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་གཉིས་པ་ཡིན་ལ། དྲུང་ཆེན་བསོད་ནམས་བཟང་བོ་དང་བདག་མོ་ཉེ་རུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ1340ལོར་འཁྲུངས། གཞོན་ནུའི་དུས་ནས་བླ་མ་ཀླུ་ལུང་བ་ལས་ཀློག་བསླབས་ཤིང་ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་པར་མཚན་ལ་གྲགས་པ་བཟང་བོར་བཏགས། དགུང་ལོ་དགུའི་སྟེང་མཁན་ཆེན་གཞོན་ནུ་དབང་ཕྱུག་དང་། གཞོན་ནུ་ཚུལ་ཁྲིམས་གཉིས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་ཤཱཀྱ་རྒྱལ་མཚན་ཞེས་གསོལ། ཚེས་བཞི་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་འབྲུ་གུང་དང་ཕག་གྲུའི་ཆོས་སྐོར་ཆ་ཚང་བར་གསན། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་སྤྱི་ལོ1352ལོར་རྩེད་ཐང་གདན་སར་ཕེབས། གཞུང་ཆེན་པོ་ལྔ་ལ་སྦྱངས་པ་མཐར་ཕྱིན་པར་བྱས་ནས་བཤད་པ་ཡང་མཛད་པས་མཁས་པའི་གྲགས་སྙན་རྒྱས། དེ་རྗེས་བུ་སྟོན་རིན་ཆེན་གྱི་དྲུང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་དང་བཅས་པ་གསན་བཞེས་རྒྱ་ཆེར་མཛད་པས་རྒྱུད་སྡེ་དཀྱིལ་འཁོར་གྱི་བདག་པོར་གྱུར། དགུང་ལོ་བཅུ་དགུ་བར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་མདུན་ནས་བསྙེན་རྗོགས་མཛད་ནས་ལྷ་སར་ཆོས་འཁོར་དང་རྩེད་ཐང་གི་ཚོགས་པ་ལོ་ངོ་བཅུ་གསུམ་རིང་བསྐྱངས་པ་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་བླ་མེད་བསྐྱངས་པའོ། །

2 ཕག་གྲུ་སྡེ་སྲིད་ཀྱི་འགན་བཞེས་པ།

ཤཱཀྱ་རྒྱལ་མཚན་དགུང་ལོ་ཉེར་དྲུག་པ་སྤྱི་ལོ་སྤྱི་ལོ1365ལོར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་བསྙུན་གཞིས་རྐྱེན་པས་ཐོག་ཤཱཀྱ་རྒྱལ་མཚན་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དེ་ནས་རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ1372ལ་མིང་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་སྡེ་སྲིད་འདི་བར་ཀྭ་ཏིན་གུ་ཤྲི(灌顶国师)སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཞེས་པའི་ཆོ་ལོ་དང་དམ་ཁ་གནང་ཐོག  བོད་ཆོལ་ཁ་གསུམ་ལ་ཤེས་སུ་འཇུག་པའི་འཇའ་ས་གནང་བ་དང་དེ་ནས་བཟུང་ཁོང་གི་མཚན་ལའང་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་བྱུང་། འདི་ནི་ཏཱ་མིང་རྒྱལ་བོས་བོད་ཀྱི་སྡེ་སྲིད་ཕག་མོ་གྲུ་བར་འཇའ་ས་དང་ཆོ་ལོ་གནང་བའི་ཐོག་མ་ཡིན་ཞིང་མིང་རྒྱལ་རབས་སྐབས་བོད་རྒྱའི་དབང་སྒྱུར་གྲལ་རིམ་བར་གྱི་འབྲེལ་གཏུག་གི་མགོ་ཡང་འདི་ནས་བཟུང་མགོ་བརྩམས་པ་ཡིན་ནོ། །གུ་ཤྲི་ཤཱཀྱ་རྒྱལ་མཚན་གྱིས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་འགན་བཞེས་སྐབས་སྲིད་དབང་སྐྱོང་ཐབས་ཐད་ལ་རང་གི་ཁུ་བོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་ལ་ཕབ་ཅིང་། ཇི་ལྟར་གདམས་པ་རྒྱུན་འཛིན་མཛད་པ་ལས་དམིགས་བསལ་གྱི་འགྱུར་ལྡོག་གང་ཡང་མ་བཏང་པ་ཡིན། གཙང་ཕྱོགས་ཀྱི་སྡེ་དཔོན་འགའ་ཞིག་གིས་བྱེད་པ་མི་བཟང་བའི་སྟེང་དཔུང་གི་སྦྱོར་བ་བཤམས་ཏེ་ཟིང་ཆ་ལྷོད་འཇགས་གཏོང་དགོས་བྱུང་བ་ཙམ་ལས། དེ་མིན་སྡེ་གཟར་སོགས་འཁྲུག་ལོང་བྱུང་མེད་པས་ཕག་གྲུའི་སྲིད་དབང་ཡར་རྒྱས་ཀྱི་ངང་ལོ་ངོ་དགུའི་རིང་བསྐྱངས་ཏེ་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ1373ལ་སྐུ་གཤེགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།