སྒྲོན་ཤིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲོན་ཤིང་།
སྒྲོན་ཤིང་ནི། ཚ་གྲང་ཅུང་སྙོམས་པའི་རི་ཀླུང་གི་ཡུལ་ཕལ་མོ་ཆེའི་ནགས་དང་། ཨེ་ཤ་ཡའི་ཡུལ་གྱི་ནུབ་བྱང་ཕྱོགས་སུ་མང་དུ་སྐྱེས། དེ་མིན་ཡོ་རོབ་ཁུལ་དུ་ཡང་སྐྱེས་ཡོད། རླུང་དང་སྐྱ་རྦབ་རིགས་ཀྱིས་ལུས་ཁམས་སྐྲངས་པ་དང་། ཡན་ལག་དང་རུས་ཚིགས་ལ་ཆུ་སེར་འཁོར་བར་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松树
ཕྱི་ཡིག་གི་མིང་།
Pinus
མིང་གཞན།
ཤེལ་ཏ་དང་།   གར་ཙནྡན།   ཐང་མ་སྒྲོན་ཤིང་།  སྒྲོན་མེ་ཤིང་།  ར་སྣ།  ར་རྣ་མུ་ལ།
སྨན་དུ་སྦྱར་བྱ།
སྡོང་བོ་དང་། ཤེལ་ཏ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

《སྒྲོལ་མའི་སྔོ་འབུམ》ལས།  སྒྲོན་ཤིང་ལྷོ་བལ་རོང་ནས་སྐྱེ། །དབྱིབས་ནི་རིན་ཆེན་མཆོད་སྡོང་འདྲ། །མེ་ཏོག་དམར་པོ་མེ་ལྕེ་མཆེད་པ་འདྲ། །  ཞེས་དང་།  《ཤེལ་ཕྲེང》ལས།  འདི་དབྱིབས་ཚད་སོགས་སོམ་ཐང་ཤིང་འདྲ་ལ་ལོ་མ་དེ་ལས་རིང་ལ་ཕག་རྒོད་ཀྱི་ཟེ་བ་གཤིབས་པ་ལྟ་བུ།  འབྲས་བུ་ཐང་ཤིང་འབོས་བྱིས་ལས་ཆེ་ལ་སྲ་མཁྲེགས་ཆངས་པར་ཚུད་ཙམ་ཡོད་པ།  སྡོང་པོ་ཐང་ཆུས་ཟིན་པས་སེར་ལ་དྭངས་པ།  ཀུན་གྱིས་མེ་སྒྲོན་བྱེད་པ་ཤིང་སྣུམ་ཅན་ཛཱ་ཏིའི་དྲི་བྲོ་བ་དེའོ། །

2 རིགས་དབྱེ།  

འདི་ལ་རིགས་གཉིས་ཏེ།  ཐང་མ་སྒྲོན་ཤིང་།  ཤེལ་ཏ་ནི་གོང་དུ་བཤད་པའི་ཐང་མ་སྒྲོན་ཤིང་གི་ཐང་ཆུ་དང་ཚི་བའི་ནུས་པ་བསྟན་པ་ཡིན།

3 སྐྱེ་གནས།  

བོད་ལྗོངས་ཀྱི་ཉིང་ཁྲི།  སྤོ་ཡུལ།  རྫ་ཡུལ་དང་།  འབྲུག་ཡུལ།  བལ་ཡུལ།  འབྲས་ལྗོངས།  རྒྱ་གར་གྱི་མངའ་སྡེ་ཕལ་མོ་ཆེའི་ནགས་དང་།  ཧི་མ་ཅལ་མངའ་སྡེ་སོགས་སའི་མཐོ་ཚད་སྨི2900ཡས་མས་ཀྱི་ཚ་གྲང་ཅུང་སྙོམས་པའི་རི་ཀླུང་གི་ཡུལ་ཕལ་མོ་ཆེའི་ནགས་དང་།  ཨེ་ཤ་ཡའི་ཡུལ་གྱི་ནུབ་བྱང་ཕྱོགས་སུ་མང་དུ་སྐྱེས།  དེ་མིན་ཡོ་རོབ་ཁུལ་དུ་ཡང་སྐྱེས་ཡོད།  འདེབས་འཛུགས་བྱས་ཏེ་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན། 

སྨན་དུ་སྡོང་བོ་དང་།  ཤེལ་ཏ་ཤེས་པའི་ཐང་ཆུ་བབས་པ་བསགས་ཏེ་སྐམ་པོར་འགྱུར་བ་གཉིས་དུས་ཚོད་ངེས་མེད་དུ་བཏུས་ནས་སྤྱོད་རྒྱུ།

5 རོ་ནུས་ཞུ་རྗེས།  

རོ་མངར་བ་དང་ཁ་བ།  ཞུ་རྗེས་མངར་བ།  ངོ་བོ་དྲོ་ཞིང་སྐམ་པ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་མངར་བ།  ཞུ་རྗེས་མངར་བ།  ནུས་པ་ཚ་ལ་སྐམ་པའོ། །  ཞེས་གསུངས།

6 རྐྱང་བའི་ཕན་ཡོན།  

རླུང་དང་སྐྱ་རྦབ་རིགས་ཀྱིས་ལུས་ཁམས་སྐྲངས་པ་དང་།  ཡན་ལག་དང་རུས་ཚིགས་ལ་ཆུ་སེར་འཁོར་བ་དང་།  དམུ་ཆུ་བསགས་པ།  གྲང་བའི་ནད་རིགས།  རྨ་ཤུ་སོགས་པགས་ནད་ཀྱི་རིགས་དང་།  རླུང་ནད་སོགས་ལ་ཕན།

7 སྨན་སྦྱོར།

སྒྲོན་ཤིང་ངམ་ཤེལ་ཏ་ཁེ 10 དང་། རེ་ལྕག་པའི་རྩ་བ་ཁེ 10  དུད་པ་རལ་བ་ཁེ 10  ལན་ཚྭ་ཁེ 10 བཅས་སྦྱར་ཏེ་མར་རྙིང་བུ་རམ་འོ་མ་གསུམ་གང་རུང་ལ་སྦྱར་ནས་བྱུགས་པས་པགས་པའི་ནད་རིགས་དང་ཡན་ལག་སོགས་སྐྲངས་པ།  ཆུ་སེར་འཁོར་བར་ཕན་པ་མྱོང་གྲུབ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།