བཙོད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཙོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

བཙོད།
བཙོད་ནི། ཚ་དྲོད་ཆུང་བའི་ནགས་འགྲམ་དང་རི་ལྡེབས། ཤིང་ཕྲན་གྱི་གསེབ་དང་སྡོང་ཐུང་སོགས་ལ་འཁྲིལ་ནས་སྐྱེ་བའི་ཤིང་སྨན་ཞིག་ཡིན། ཁྲག་ནད་དང་མཁལ་མའི་འགྲམས་ཚད། དེ་མིན་རྒྱུ་ལོང་གི་ཚད་པ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
茜草
ཕྱི་ཡིག་གི་མིང་།
Rubia cordifolia Linn.
མིང་གཞན།
མཉྫི་ཁ། ར་ཀྟ། ཏྭསྨྲ། མྰུ་ལ། ཧ་སྣ། མདོག་བསྒྱུར། མར་བཙོད། བཙོད་མདུད།
སྨན་དུ་སྦྱར་བྱ།
ཡལ་ཕྲན།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《ཤེལ་ཕྲེང》ལས། ལོ་མ་ལྗང་གུ་ཉག་མེད་རྐང་ཕྲ་མོ་སྦུག་ཅན་ས་ལ་མཁྲང་པོར་འབྱར་ནས་སྐྱེ་བས་ནོར་འཕྲང་ཆུང་། ཞེས་གསུངས་པ་ལྟར། འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བའི་མདོག་དམར་ཞིང་རིང་ལ་ཚིགས་པ་མང་བའི་དཀྱིལ་དུ་བུ་ག་ཡོད་པ་དང་། ཕྱི་སྐྱི་ལྤགས་དཀར་བོས་བཏུམས་ནས་ཡོད། སྡོང་བོ་གྲུ་བཞི་ལྗང་ལ་ཅུང་རིང་བར་སྤུ་དཀར་རྩུབ་པོས་ཁྱབ་པ་ས་ལ་ཉལ་ཏེ་སྐྱེ་བ་དང་། ཤིང་ཕྲན་སོགས་ལ་འཁྲིལ་ཏེ་སྐྱེ་བ་མང་། མེ་ཏོག་སེར་སྐྱ་ཆུང་བ་འདབ་མ་ལྔ་ལྡན་སྡོང་བོའི་རྩེ་ནས་འཆར། འབྲས་བུ་ཆུང་ལ་སྲན་མ་ཙམ་ཡོད།

2 རིགས་དབྱེ།

《ཤེལ་ཕྲེང》ལས། ཡོངས་གྲགས་ལ་ཕྲུགས་དམར་ཚོས་བྱེད་པའི་ཤིང་ཕྲན་དམར་བོ་སྟེ། འདི་ལྭ་བའི་ཚོས་ལ་གང་བཟང་སྨན་ལ་བཟང་བས་ཆེ་ཆུང་འབྲིང་གསུམ་ལས།  ཕྱི་མ་ལ་ཕྲན་མ་ཞེས་འབྲིང་བོ་བཅག་འཕྲོ་དམར་ལ་ཁུ་བ་བཟང་བ་དེ་ལེགས།  དེའི་ཚོས་མདུད་རྩ་ཐོ་སོགས་གཏོང་བའོ། ། ཞེས་དང་། 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས། བོད་ནས་འོང་བ་མཆོག་དང་ཕལ་བ་ཡང་སྔར་ལྟར་རམ་གྲུ་བཞི་ལ་ལོ་མ་ཕྲ་མོ་ཕྱོགས་བཞིར་རེ་རེ་གྱེས་བའི་རྩ་མདུད་པ་ཚོས་མི་རུང་བའོ། །

3 སྐྱེ་གནས།

བོད་ལྗོངས་ཀྱི་ཀོང་པོ་དང་གྲོ་མོ། སྐྱིད་གྲོང་འབྲས་ལྗོངས། རྒྱ་གར་ཧི་མ་ཅྰལ་མངའ་སྡེའི་སོགས་ཀྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2750ཡས་མས་ཀྱི་ཚ་དྲོད་ཆུང་བའི་ནགས་འགྲམ་དང་རི་ལྡེབས་ཤིང་ཕྲན་གྱི་གསེབ། སྡོང་ཐུང་སོགས་ལ་འཁྲིལ་ནས་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་དགུ་བ་དང་བཅུ་བའམ་སྟོན་ཁའི་དུས་ལ་རྩ་བ་བསྔོགས་ཏེ་གཙང་མར་བཀྲུས་རྗེས་དུམ་བུར་གཏུབས་ནས་བསིལ་གྲིབ་ཏུ་སྐམ་དགོས།

5 རོ་ནུས་ཞུ་རྗེས།

རོ་དང་ཞུ་རྗེས་ཁ་བ། ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་ཁ་ལ་ཚ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་ལྕི་བའོ། །

6 རྐྱང་བའི་ཕན་ཡོན།

ཁྲག་ནད་དང་མཁལ་མའི་འགྲམས་ཚད།  དེ་མིན་རྒྱུ་ལོང་གི་ཚད་པ་སོགས་ལ་ཕན།

7 སྨན་སྦྱོར།  

མན་ངག་གམ་ཕྱེ་དམར་པོ།   བཙོད་ཚིགས་སྲང 1 དང་ཞོ 5 དང་།    ཡུང་བ་སྲང 1   བོང་ང་འབྲི་ཚིལ་མ་ཞོ 5  ཨ་རུ་ར་ཞོ 5     གླ་རྩི་ཞོ 1  གུ་གུལ་ཞོ 5  ཚེར་སྔོན་ཞོ 5   རྒྱ་སྐྱེགས་ཞོ 5     བྲག་ཞུན་ཁྜཎ་ཞོ 5 བཅས་སྦྱར་བ་རྩི་བཞིན་བཏགས་པ་ཕྱེ་རིལ་གང་རུང་བཏང་ན།   རིམས་ཚད་རྒྱུ་ལོངས་བབས་པ་དང་། །གཉན་ཚད་ཁྲག་དང་བསྡོངས་པ་དང་། །དྲེག་གྲུམ་གཉན་དང་བསྡོངས་པ་དང་། །ཆུ་སེར་མཁམ་འགྲམ་དཔྱི་མིག་གཟེར། །མ་ལུས་སེལ་བྱེད་ཁྱད་ཆོས་ཡིན། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-15

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།