ཉིའུ་ཏུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིའུ་ཏུན།
ཉིའུ་ཏུན་ནི་དབྱིན་ཇིའི་གོང་མ་ཚང་གི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། དབྱིན་ཇིའི་རླབས་ཆེ་བའི་དངོས་ལུགས་རིག་པ་བ་དང་རྩིས་རིག་པ་བཅས་ཡིན། ཁོང་ལ་ཉེ་རབས་དངོས་ལུགས་རིག་པའི་ཡབ་ཆེན་ཞེས་པའི་མཚན་སྙན་གནང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
艾萨克•牛顿
ཕྱི་ཡིག་གི་མིང་།
Isaac Newton
མཚན་ཧྲིལ་བོ།
ཨའེ་སཱ་ཁུ•ཉིའུ་ཏུན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1643.1.4-1727.3.31)
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
དངོས་ལུགས་རིག་པ་བ། རྩིས་རིག་པ།
འཐུས་ཚབ་བརྩམས་ཆོས།
《རང་བྱུང་མཚན་ཉིད་རིག་པའི་རྩིས་རིག་གཞུང་ལུགས》《འོད་རིག་པ》
བྱས་རྗེས་གཙོ་བོ།
ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་དང་ཀུན་ལྡན་འགུག་ཤུགས་གཏན་སྲོལ་བཏོན་པ། ལའེ་པུའུ་ཉི་ཚི་དང་མཉམ་དུ་ཆ་ཕྲན་བསགས་གསར་ཏུ་བཏོད་པ། ལྡོག་འཕྲོ་རང་བཞིན་གྱི་རྒྱང་ཤེལ་དང་འོད་གྱེས་པའི་རྩ་བའི་རིག་པ་བཏོན་པ།ཉེ་རབས་དངོས་ལུགས་རིག་པའི་ཡབ་ཆེན་གྱི་མཚན་སྙན་གནང་བ།
ཞིབ་འཇུག་ཁྱབ་ཁོངས།
དངོས་ལུགས་རིག་པ། རྩིས་རིག གནམ་དཔྱད་རིག་པ། ཚན་རིག་སོགས།
གཟི་བརྗིད་མཚན་སྙན།
དབྱིན་ཇིའི་གོང་མ་ཚང་གི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ།
1 ཉིའུ་ཏུན་དང་འཁྱམས་ཕྲུག

ཉིའུ་ཏུན་ནི་དབྱིན་ཀེ་ལན་གྱི་གྲོང་གསེབ་ཅིག་ཏུ་འཚར་ལོངས་བྱུང་བའི་ངོ་ཚ་ཆེ་ལ་ཁ་ཁུ་སིམ་པའི་བྱིས་པ་ཞིག་ཡིན། ཆུང་དུས་སློབ་གྲྭའི་ནང་དུ་ཁོང་ནི་བྱིས་པ་ཕལ་པ་ཞིག་ཡིན་པས་ཚང་མས་དེ་ཙམ་ཀྱི་དོ་སྣང་བྱེད་ཀྱི་མེད། འོན་ཀྱང་སློབ་གྲྭའི་ནང་རྟག་ཏུ་གཞན་ལ་དབང་ཡོད་ཤོད་མཁན་འཁྱམས་ཕྲུག་འགའ་ཡོད་པ་དེ་ཚོས་ཁོང་ལ་ཐུབ་ཚོད་གཏོང་རྒྱུ་དེ་བརྗེད་མེད། ཉིན་ཞིག་འཁྱམས་ཕྲུག་གིས་ཁོང་གི་གྲོད་ཁོག་ལ་ཁུ་ཚུར་བཞུས། དེ་ལྟ་བུའི་ན་ཟུག་དང་དབང་ཡོད་ལ་ཉིའུ་ཏུན་གྱི་ཁོང་ཁྲོའི་མེ་ལྕེ་འབར་ཞིང་ཁོང་གིས་གཟུགས་པོ་ཡར་ལ་འགྲེང་སྟེ་ཕར་རྒོལ་བྱས། ཉིའུ་ཏུན་གྱིས་འཁྱམས་ཕྲུག་དེར་འབུད་རྒྱག་བཏང་སྟེ་ས་སྟེང་དུ་བསྒྱེལ་ནས་ཁོ་བོའི་ངོ་གདོང་འདམ་ལ་འབྱར། བྱིས་པ་གཞན་ཚོ་འཁྱམས་ཕྲུག་གི་སྤྱོད་པར་ཞེན་པ་གཏིང་ནས་ལོག་ཡོད་པས་ཚང་མ་དེར་འདུས་ནས་ཉིའུ་ཏུན་ལ་སེམས་ཤུགས་སྤྲད།

དེ་ལྟར་ཉིའུ་ཏུན་གྱིས་འཁྱམས་ཕྲུག་ཚོར་སྣ་སུན་ཆེན་པོ་ཞིག་སྤྲད། འོན་ཀྱང་ཁོང་རང་ཉིད་ནི་དེ་ཙམ་གྱིས་ཡིད་ཚིམ་པ་ཞིག་མ་བྱུང ཁོང་གི་བསམ་པར་ངས་ངེས་པར་དུ་ཕྱོགས་གང་ཅིའི་ཐད་ལ་ཁོ་ཚོ་ལས་ལེགས་པ་ཞིག་བྱས་ནས་ཚང་མར་བལྟ་རུ་བཅུག་དགོས་སྙམ། དེ་ནས་བཟུང་ཉིའུ་ཏུན་གྱིས་སློབ་སྦྱོང་ལ་བརྩོན་འགྲུས་བྱས། དུས་ཡུན་རིང་པོ་མ་ཕྱིན་པར་ཁོང་གི་སྦྱངས་འབྲས་འཛིན་གྲྭའི་རྩེ་མོར་བསླེབས། གནས་ཚུལ་དེས་ཁོང་ནི་འཁྱམས་ཕྲུག་དེ་ཚོ་ལས་སྤྱང་གྲུང་ལྡན་པ་ཡོད་པར་ར་སྤྲོད་ཀྱང་བྱུང་།  ཁོང་གིས་སློབ་སྦྱོང་ལ་བརྩོན་འགྲུས་བར་མི་ཆད་པར་བྱས་པས་རང་ལོ་ནར་སོན་དུས་ཁེམ་པུ་རིས་ཅིས་སློབ་གྲྭ་ཆེན་མོའི་རྩིས་རིག་དགེ་རྒན་ཆེན་མོར་བསྐོས། ཁོང་གིས་གནས་ལུགས་གལ་ཆེན་པོ་མང་པོ་ཞིག་གསར་རྟོགས་ཐུབ་པར་བརྟེན་ད་བར་འཛམ་གླིང་གྲགས་ཅན་ཚན་རིག་པའི་བཙུག་རྒྱན་ཞིག་ཏུ་གྱུར་ཡོད།

2 ཉིའུ་ཏུན་དང་རླུང།

ཉིའུ་ཏུན་ནི་སྤྱང་གྲུང་ལྡན་པའི་བྱིས་པ་ཞིག་ཡིན། འོན་ཀྱང་སློབ་གྲྭའི་ནང་ཁོང་གི་སྣང་ཚུལ་རྟག་ཏུ་ཞན་པོ་ཞིག་ཡིན། བརྟག་དཔྱད་ཡག་པོ་ཞིག་བྱས་ན་ང་ཚོའི་གཡས་གཡོན་དུའང་དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་མཐོང་རྒྱ་ཡོད། མི་འགའ་རེ་སློབ་གྲྭའི་ནང་དུ་བྱ་སྤྱོད་ལེགས་པོ་ཡོད་རུང་དེ་ནི་མི་དེའི་མི་ཚེ་ཧྲིལ་པོའི་སྒྲུང་གཏམ་ནི་མ་ཡིན། དེ་བཞིན་དུ་ཤེས་དགོས་པ་ཞིག་ལ་མི་ཁ་ཤས་སློབ་གྲྭའི་ནང་རྟག་ཏུ་སྙོག་དྲ་འབའ་ཞིག་སློང་མཁན་ཡིན་རུང་དེ་ཚོ་ལྐུགས་པ་རང་རེད་ཟེར་ན་ག་ལ་ཐད། རྒྱུ་མཚན་ནི་ཉིའུ་ཏུན་གྱིས་ར་སྤྲོད་བྱས་པའི་ཕྱིར།

ངས་བལྟ་ན་ཁོང་གིས་དུས་ཡུན་རིང་པོ་ཞིག་གི་ནང་དུ་ཡག་པོ་དེ་ཙམ་བྱས་མེད་པའི་རྒྱུ་རྐྱེན་གཅིག་ནི་ཁོང་གིས་རྟག་ཏུ་བྱ་དངོས་ལ་བསམ་བློ་གཏོང་གིན་ཡོད་པ་དེ་རེད། དེ་ཡང་ཁོང་གིས་རྒྱུན་དུ་བརྩོན་པར་བྱ་བ་དེ་དག་ནི་གཞན་གྱིས་ཁོང་ལ་བཏོན་པའི་རེ་བ་དེ་ཚོ་མ་ཡིན་པའི་རྐྱེན་གྱིས་རེད།

དཔེར་ན་ཐེངས་ཤིག་ཁོ་ཚོའི་ཞིང་རར་རླུང་ཆེན་པོ་ཞིག་བྱུང་། རླུང་གིས་སྒོ་དང་སྒེ་ཁུང་སོགས་གཅོག་ཡོང་དོགས་ནས་ཨ་མས་སེམས་ཁྲལ་ངང་ཉིའུ་ཏུན་ཕྱི་ལ་བལྟ་བར་བཏང་། ཁོང་སྒོ་ནས་ཐོན་ཏེ་ཡུན་རིང་སོང་ཡང་ཁྱིམ་དུ་ད་དུང་བསླེབས་མེད། དྲག་ཚུབ་ཆེ་བའི་རླུང་འཁོར་གྱི་ཁྲོད་དུ་ཁོང་གི་ཡིད་དབང་ཡོངས་སུ་འདུས། ཁོང་ནི་རླུང་གིས་འཁྱེར་བའི་ཅ་དངོས་ལ་བལྟ་བཞིན་སེམས་ལ་དེ་ནི་དེ་འདྲའི་ཁྱད་མཚར་བ་ལ་ཨང་།

ཨ་མས་གཅིག་བསྒུགས་གཉིས་བསྒུགས་ཉིའུ་ཏུན་ད་དུང་མཐོང་རྒྱུ་མེད། དེ་ནས་ཨ་མ་སོང་སྟེ་ཁོང་བརྩལ་བར་ཕྱིན། ཨ་མས་མཐོང་དུས་ཁོང་ནི་ར་བའི་ལྡེབས་ལས་ཕར་མཆོང་ཚུར་མཆོང་བྱེད་བཞིན་ཡོད། ཁོང་ནི་རླུང་གིས་ཁོ་རང་ཇི་ལྟར་འཁྱེར་འགྲོ་བ་ལ་བལྟ་བཞིན་ཡོད། ཁོང་གིས་བསམ་བློ་ཚང་མ་དྲག་རླུང་ལ་བཏང་ནས་དེ་མིན་གཞན་ཐམས་ཅད་གཙང་མར་བརྗེད།

ཉིའུ་ཏུན་རླུང་བུར་ཧ་ཅང་དགའ་ལ་ཤོག་བྱ་གཏོང་རྒྱུར་དེ་བས་དགའ་པོ་ཡོད། དེ་སྔོན་སྐབས་ཤིག་རིང་ཁོང་གིས་མཚན་མོའི་དུས་སུ་ཡང་ཤོག་བྱ་བཏང་གི་ཡོད། མུན་ནག་ཁྲོད་དུ་ཁོང་གིས་ཤོག་བྱའི་མཇུག་མར་སྒྲོན་མེ་ཆུང་ཆུང་ཞིག་བཏགས་ནས་མཁའ་དབྱིངས་སུ་ཤོག་བྱའི་གནས་ས་ཤེས་པར་བྱེད། འོན་ཀྱང་ཉིའུ་ཏུན་གྱི་དུས་སུ་མི་རྣམས་རྨོངས་དད་ཆེ་ཞིང་རྣམ་རྟོག་ཚ་བས་མི་ཚོས་མཚན་མོའི་མཁའ་དབྱིངས་སུ་འོད་འགྲོ་བ་མཐོང་དུས་གདོན་འདྲེ་སོགས་མི་ཡོང་ངམ་བསམ་བཞིན་སེམས་ཁྲལ་བྱེད་ཀྱི་ཡོད། ཉིའུ་ཏུན་གྱིས་དེ་ཚོ་ཐོས་པ་དང་གད་མོ་དབང་མེད་དུ་ཤོར། དེ་ནས་བཟུང་ཁོང་གིས་ཤོག་བྱ་མཚན་མོར་བཏང་གི་མེད།

3 སྐར་མ་དུ་བ་མཇུག་རིང་དང་ཀུ་ཤུའི་སྡོང་པོ། 

ཉིན་ཞིག་ཉིའུ་ཏུན་ཞིང་རའི་ཀུ་ཤུའི་སྡོང་པོ་ཞིག་གི་འོག་ཏུ་དཔེ་དེབ་ཀློག་བཞིན་བསྡད་ཡོད། གློ་བུར་དུ་ཀུ་ཤུ་ཞིག་རྡིག་སྒྲ་དང་བཅས་ས་ལ་ལྷུང་། མི་མང་ཆེ་བའི་ངོས་ནས་བཤད་ན་སྒྲུང་དེ་ནི་དེ་ནས་མཇུག་སྒྲིལ་སྲིད། འོན་ཀྱང་ཉིའུ་ཏུན་ལྟ་བུའི་རྟག་ཏུ་རང་གིས་རང་ལ་དེ་ནི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲི་བ་འདོན་མཁན་ཞིག་གི་ངོས་ནས་བཤད་ན་དེ་ལྟར་མིན།mp16924070_1432877287929_4.jpeg.jpeg

ཀུ་ཤུ་སྡོང་པོ་ལས་མར་ས་ལ་ལྷུང་བའི་རྒྱུ་མཚན་གང་ཡིན་ནམ། དངོས་པོ་ཐམས་ཅད་ལྟུང་སྲིད་དམ། ཅི་ཞིག་གིས་དངོས་པོ་ལྷུང་བར་བྱས་པ་ཡིན་ནམ། བྱ་དངོས་གང་ཞིག་གིས་ལྟུང་བཞིན་པའི་དངོས་པོ་ཞིག་དེ་ལས་འགོག་པར་ནུས་སམ། ནམ་མཁའི་ཉི་མ་དང་ཟླ་བ། སྐར་མ་རྣམས་ཀྱང་ད་ལྟ་ལྟུང་བཞིན་པ་ཡིན་ནམ། གལ་ཏེ་ཡིན་ན་དེ་ཚོ་ས་གཞིར་ནམ་ཡང་མ་ཐུག་པའི་རྒྱུ་མཚན་ཅི་ཡིན་ནམ།

དེ་ལྟ་བུའི་དྲི་བ་ནི་ཤིན་ཏུ་མང་།  ཁོང་གིས་ལོ་མང་རིང་བསམ་བློ་བཏང་བ་དང་ཚོད་ལྟ་བྱས་ཏེ་དྲི་བ་དེ་དག་ལ་ལན་བཏབ། ཁོང་གིས་ཀུན་ལྡན་འགུགས་ཤུགས་ངེས་སྲོལ (law of gravity) ཞེས་པ་དེ་གསར་དུ་རྙེད། ངེས་སྲོལ་དེ་གཞིར་བཟུང་ན་དངོས་པོ་ཐམས་ཅད་ཀྱིས་དངོས་པོ་གཞན་ཐམས་ཅད་ཀུན་ལྡན་འགུགས་ཤུགས་ཞེས་པའི་ཤུགས་ཤིག་ལ་བརྟེན་ནས་རང་གི་སར་ཚུར་འཐེན་གྱི་ཡོད། དངོས་པོ་ཇི་ཙམ་གྱིས་ལྕི་བ་དང་ཕན་ཚུན་ཇི་ཙམ་གྱིས་ཉེ་བ་ཡོད་ན་ཤུགས་དེ་དེ་ཙམ་གྱིས་ཆེ་བ་ཡོད། 

ཀུ་ཤུ་གཉིས་ཀྱང་ཕན་ཚུན་འཐེན་གྱི་ཡོད། དེ་འདྲ་བའི་འཐེན་ཤུགས་ནི་ཤིན་ཏུ་ནས་ཆུང་བས་གཟབ་ནན་གྱི་ཚོད་ལྟ་ལ་བརྟེན་ན་གཞི་ནས་ཚད་འཇལ་ཐུབ། དངོས་པོ་ས་ཡི་ཕྱོགས་སུ་ལྷུང་བའི་རྒྱུ་མཚན་ནི་ང་ཚོ་འཚོ་སྡོད་བྱ་ཡུལ་ས་གོ་ལ་འདི་ཤིན་ཏུ་ནས་ལྕི་ཞིང་ང་ཚོ་དང་ཤིན་ཏུ་ནས་ཉེ་བས་ཡིན།

ཉིའུ་ཏུན་གྱི་ཀུན་ལྡན་འགུགས་ཤུགས་ངེས་སྲོལ་གྱིས་དངོས་པོ་ས་གཞིར་ལྷུང་པར་གསལ་བཤད་བྱེད་ཐུབ་པ་མ་ཟད། ད་དུང་རྒྱུ་སྐར་ཉི་མར་སྐོར་བ་འཁོར་བ་དང་ཟླ་བ་རྒྱུ་སྐར་ལ་སྐོར་བ་འཁོར་བའི་སྣང་ཚུལ་ལ་འགྲེལ་བཤད་བྱེད་ཐུབ། ཨད་ད་མན་ད་ཧ་ལི(Edmund Halley) ནི་ཉིའུ་ཏུན་གྱི་གྲོགས་པོ་ཞིག་ཡིན།  ཁོང་གིས་ཉིའུ་ཏུན་གྱི་ངེས་སྲོལ་སྐར་མ་དུ་བ་མཇུག་རིང (Halley's Comet) གི་སྟེང་དུ་བེད་སྤྱོད་བྱས།

QQ截图20160325100800.png.pngམིའི་རིགས་ཀྱིས་ལོ་ངོ་རྒྱ་ཕྲག་རིང་ལ་སྐར་མ་དུ་བ་མཇུག་རིང་ལ་ཞིབ་འཇུག་བྱས་མོད། འོན་ཀྱང་ད་དུང་ཐག་གཅོད་མ་ཐུབ། མི་ཚོས་དུ་བ་མཇུག་རིང་ནི་འོངས་མྱོང་ལ་ཕྱིན་ཡང་ཚར་སོང་བ་ལས་དུས་གང་ཞིག་ལ་འོང་མིན་དང་རྒྱུ་མཚན་ཅི་ཞིག་ཡིན་མིན་ནི་ཤེས་མེད། ཁོང་གིས་ད་ཡོད་གཞན་གྱི་བརྟག་དཔྱད་ཡིག་ཆ་རྣམས་ལ་ཞིབ་འཇུག་བྱས་པ་མ་ཟད་དེ་དག་དང་ཉིའུ་ཏུན་གྱི་ངེས་སྲོལ་ཕན་ཚུན་སྡུར་བ་བྱས། ཨད་ད་མན་ད་ཧ་ལིས་ཉིའུ་ཏུན་གྱི་ཀུན་ལྡན་འགུགས་ཤུགས་ངེས་སྲོལ་ལ་བརྟེན་ནས་དུ་བ་མཇུག་རིང་གི་འགྲོ་སྐྱོད་གནས་ལུགས་བསྟན།  ཁོང་གིས་སྐར་མ་དུ་བ་མཇུག་རིང་ནི་ལོ75 རེ་ལ་ཐེངས་རེ་འོང་བ་ཤེས་པ་མ་ཟད་ད་དུང་ཐེངས་རྗེས་མ་དེ་ག་དུས་ཡིན་མིན་ལ་སྔོན་དཔག་བྱས།

གལ་སྲིད་མི་སུ་ཞིག་གིས་ཉིའུ་ཏུན་ལ་ད་དུང་ཡིད་མ་ཆེས་ན་ཨད་ད་མན་ད་ཧ་ལིས་ཉིའུ་ཏུན་གྱི་བསམ་བློ་བེད་སྤྱད་ནས་དུ་བ་མཇུག་རིང་གི་སྣང་ཚུལ་ལ་སྔོན་དཔག་བྱས་པ་ལས་ར་སྤྲོད་བྱེད་ཐུབ། ད་བར་དུ་བ་མཇུག་རིང་ཐེངས་ཁ་ཤས་བསླེབས་ཡོད་པ་ཚང་མ་དུས་ཐོག་ཏུ་ཁེལ་ཡོད། གལ་ཏེ་ཁྱེད་རང་རྒན་རྒོན་ཚེ་རིང་བར་དུ་འཚོ་ཐུབ་ན་སྤྱི་ལོ2061ལོར་དུ་བ་མཇུག་རིང་གི་སྐོར་སྐྱོད་དེ་ཉི་མ་དང་ས་གོ་ལའི་ཉེ་འཁོར་དུ་གཅར་བས་དེ་དུས་ཁྱེད་ནས་ཕལ་ཆེར་མཐོང་ཐུབ།

4 ཉིའུ་ཏུན་དང་ཧུག་ག

ཁྱེད་ཀྱིས་མི་འདི་འདྲ་ཞིག་ངོ་ཤེས་སམ། མི་དེ་ནི་ནམ་ཡང་རང་ཉིད་སོ་སོས་ཨང་དང་པོ་ལེན་དགོས་ཀྱི་ཡོད། མི་དེ་ནི་ཁྱེད་ཀྱི་གཅེན་པོའམ་གཅེན་མོ་ཡང་ན་གྲོགས་པོ་ཞིག་ཡིན་སྲིད། ཁྱེད་ཀྱིས། ངས་གཅིག་ཤེས་སོང་།  ཟེར་སྐབས་མི་དེས་དེ་འཕྲལ།  དེ་ངས་སྔ་ས་ནས་ཤེས་ཀྱི་ཡོད། ཟེར། ཁྱེད་ཀྱིས། ང་གཅིག་འགྲུབ་དགོས་བསམ། ཟེར་སྐབས་མི་དེས་དེ་འཕྲལ། དེ་ངས་སྔ་ས་ནས་བསྒྲུབས་ཟིན། ཟེར།

རོ་པ་ཐ་ཧུག་ག (Robert Hooke) ཟེར་བའི་ཚན་རིག་པ་ཞིག་ཡོད། ཁོང་གིས་ཉིའུ་ཏུན་ལ་ཕྲག་དོག་ཆེན་པོ་བྱེད་ཀྱི་ཡོད། ཉིའུ་ཏུན་གྱིས་རང་གི་གསར་དུ་རྟོགས་པ་ཞིག་གསལ་བསྒྲགས་བྱེད་སྐབས་ཧུག་གས། དེ་ངས་སྔ་ས་ནས་ཨང་དང་པོར་གསར་རྙེད་བྱས་མོད། འོན་ཏེ་ངས་མི་གཞན་ལ་ད་དུང་བཤད་མེད། ཅེས་ཟེར། དེས་རྐྱེན་པས་ཉིའུ་ཏུན་ཡང་སེམས་མང་པོ་འཁྲུགས་མྱོང་།

མི་ཚང་མར་ནོར་འཁྲུལ་ཡོད་པ་བཞིན་སྤྱང་གྲུང་ལྡན་པའི་ཉིའུ་ཏུན་ལ་ཡང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད། ཐེངས་ཤིག་ཉིའུ་ཏུན་ལ་ནོར་འཁྲུལ་ཞིག་བྱུང་།  དེ་ཧུག་གས་ཨང་དང་པོར་ཤེས་ནས་དེའི་སྐོར་ཚང་མ་མི་ལ་བཤད། དེར་བརྟེན་ཉིའུ་ཏུན་ངོ་ཚ་པོ་བྱུང་བས་ཁོང་ཁྲོ་ཆེན་པོ་ལངས། རང་ཉིད་ལ་ནོར་འཁྲུལ་བྱུང་བར་སེམས་མི་བདེ་མོད། འོན་ཀྱང་ཧུག་ག་ནི་དེ་ཤེས་མཁན་མི་ཨང་དང་པོ་དེ་ཡིན་པས་དེ་བས་མ་སྐྱིད་པ་བྱུང  ཁོང་གིས་ད་ནས་བཟུང་རང་གི་གསར་རྟོགས་སྐོར་མི་གཞན་ལ་རྩ་བ་ནས་འཆད་ཀྱི་མིན་ཞེས་བཤད། ཁོང་གི་བསམ་པར་དེ་ལས་གལ་ཆེ་བ་ནི་ཧུག་གས་རང་ཉིད་ཀྱི་སྐྱོན་ཆ་འཛིན་དུ་བཅུག་མི་རུང་སྙམ། ཡིན་ན་ཡང་དུས་ཚོད་གང་མཚམས་སོང་རྗེས་ཉིའུ་ཏུན་གྱིས་དེ་ནི་ཅི་འདྲའི་ཀླེན་རྟགས་ཤིག་རེད་ཨང་སྙམ་ཞིང་ཚང་མར་རང་ཉིད་ཀྱི་གསར་རྟོགས་སྐོར་སླར་འཆད་པའི་འགོ་བཙུགས།

ཉིའུ་ཏུན་གྱིསPrincipia (Mathematical Principles of Natural Philosophy རང་བྱུང་ཁམས་ཀྱི་རྩིས་རིག་ལྟ་གྲུབ་རྣམ་བཞག) ཅེས་པའི་དཔེ་དེབ་ཆེན་པོ་ཞིག་བརྩམས། དེབ་འདིའི་ནང་དུ་ཉིའུ་ཏུན་གྱིས་དངོས་པོ་ཕན་ཚུན་ཤུགས་ཀྱིས་ཇི་ལྟར་འབུད་འཐེན་བྱེད་པའི་སྐོར་ལ་གསལ་བཤད་བྱས་ཡོད་པ་དང་།  དཔེར་བརྗོད་བརྒྱུད་ནས་འཕྲུལ་འཁོར་གྱིས་ལས་ཀ་ཇི་ལྟར་བྱེད་པ་དང་།  རྒྱུ་སྐར་ཇི་ལྟར་རྒྱུ་བ་སོགས་ལ་འགྲེལ་བཤད་བྱས་ཡོད། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་དཔེ་དེབ་ཞིག་ཡིན། ལོ་ངོ300 ལྷག་ཙམ་ཕྱིན་པའི་ད་ལྟའི་དུས་སུའང་ཚན་རིག་པས་དེབ་དེ་ཀློག་རྒྱུར་དགའ་པོ་བྱེད།

འོན་ཀྱང་ཉིའུ་ཏུན་གྱིས་དེབ་དེ་རྩོམ་སྐབས་གནས་ཚུལ་གང་འདྲ་ཞིག་བྱུང་ཡོད་དམ། ཁྱེད་ནས་ཚོད་དཔག་ཅིག་བྱོས་དང་།  དེ་ཡང་ཧུག་གས་ཉིའུ་ཏུན་གྱིས་གང་རྩོམ་བཞིན་ཡོད་པ་ཤེས་ནས་སླར་ཡང་། དེ་ངས་སྔ་ས་ནས་གསར་དུ་རྙེད་བྱུང་། ཞེས་བཤད། ཉིའུ་ཏུན་སླར་སེམས་འཁྲུགས་ནས་དེབ་དེ་མུ་མཐུད་མི་བྲི་རྒྱུའི་སེམས་ཐག་བཅད།

དགའ་འོས་པ་ཞིག་ལ་ཁོང་གིས་མི་གཞན་གྱི་དབང་གིས་རང་ཉིད་སེམས་འཁྲུགས་པ་དེ་ནི་ཅི་འདྲའི་ལྐུགས་རྟགས་ཤིག་རེད་ཨང་བསམ་ནས་དེབ་དེ་ལེགས་སྒྲུབ་མཛད་པ་མ་ཟད་ད་དུང་དེབ་ནང་དུ་ཧུག་གའི་གསར་རྙེད་སྐོར་ལའང་གསལ་བཤད་བྱས།

5 ཉི་འོད་ཀྱི་ཚོན་མདོག

ཉིའུ་ཏུན་གྱིས་བསྒྲུབས་པའི་གལ་ཆེན་བྱ་བ་གཞན་ཞིག་ནི་ཉི་འོད་ཀྱི་བྱེད་ལས་སྐོར་ལ་ཞིབ་འཇུག་བྱས་པ་དེ་རེད། ཉིན་ཞིག་ཁོང་གིས་ཚོང་ཁང་ནས་འཇའ་ཤེལ་ཞིག་ཉོས། དེ་ནི་ཤེལ་ལས་བཟོས་པའི་ཟུར་གསུམ་དབྱིབས་ཤིག་ཡིན། ཁོང་གིས་འཇའ་ཤེལ་དེ་ཅོག་ཙེའི་སྟེང་དུ་བཞག་ནས་ཉི་འོད་འཕོག་ཏུ་བཅུག  ཡ་མཚར་བ་ཞིག་ལ་འཇའ་ཤེལ་ལས་ཕྱིར་བྱུང་བའི་ཉི་འོད་ནི་ཚོན་མདོག་མི་འདྲ་བར་སྣང་།  དེ་ནི་འཇའ་ཤེལ་གྱིས་འོད་ལ་འགྱུར་ལྡོག་བཏང་ནས་བྱུང་བ་ཡིན་ནམ་ཡང་ན་མ་གཞི་ནས་ཉི་འོད་ལ་ཚོན་མདོག་མང་པོ་ཡོད་པ་དང་འཇའ་ཤེལ་གྱིས་དེ་ཚོ་ཁག་ཁག་སོ་སོར་ཕྲལ་བ་ཡིན་ནམ།  ཡང་སྙིང་འཇའ་ཤེལ་གྱིས་དེ་འདྲ་ཇི་ལྟར་བྱས་ནས་བསྒྲུབས་པ་ཡིན་ནམ།QQ截图20160325102013.png.png

དྲི་བ་དེ་དག་ལ་ལན་ཡག་པོ་ཞིག་འདེབས་པའི་ཆེད་དུ་ཁོང་གིས་ཚོད་ལྟ་ཐེངས་མང་བྱེད་དགོས་བྱུང་།  ཁོང་གིས་ཐབས་སྣ་ཚོགས་སྤྱད་དེ་འཇའ་ཤེལ་ངོས་གཅིག་ཏུ་འོད་ཕྲ་མོ་ཞིག་འཕོག་ཏུ་བཅུག དེ་ནི་ཤིན་ཏུ་ནས་གལ་ཆེ་བའི་བྱ་བ་ཞིག་ཡིན། དེ་ལྟར་བྱས་ན་ཁོང་གིས་གཞི་ནས་བརྟག་དཔྱད་དེ་ཐོག་མར་གནས་ཚུལ་གང་འདྲ་ཞིག་ལས་འགོ་བརྩམས་པ་དེ་གསལ་པོར་རྟོགས་ཐུབ། འཇའ་ཤེལ་གྱིས་ཕྲལ་བའི་འོད་དེ་ཚོ་སྔར་ལས་དྭངས་བར་གྱུར།  འོད་དེ་ཚོ་ནི་རིམ་པ་བཞིན་དང་པོ་དམར་པོ་དང་གཉིས་པ་ལི་ཁྲི་གསུམ་པ་སེར་པོ་བཞི་པ་ལྗང་ཁུ་ལྔ་པ་སྔོན་པོ་བཅས་ཡིན། ང་ཚོ་བོད་པ་ཚོས་ཀྱང་རྒྱུན་དུ་འཇའ་ཚོན་སྣ་ལྔ་ཞེས་འཇའ་ཚོན་ལ་ཁ་དོག་མི་འདྲ་བ་ལྔ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དེང་དུས་ཀྱི་ལག་རྩལ་ལ་བརྟེན་ན་འཇའ་ཚོན་ནམ་ཉི་འོད་ལ་ཚོན་དོག་བགྲང་དུ་མེད་པ་ཡོད་པ་དང་ང་ཚོས་མཐོང་ཐུབ་པ་དང་མིང་བཏགས་ཐུབ་པའི་ཚོན་དོག་ནི་ཁ་ཤས་ཙམ་ཡིན་ནོ། །

ཉིའུ་ཏུན་གྱིས་གསལ་པོར་ཤེས་པར་ཉི་འོད་ལ་དང་ཐོག་མ་ནས་ཚོན་དོག་ཚང་མ་ཡོད་པ་དང་། འཇའ་ཤེལ་གྱིས་དེ་དག་ཕྲན་ཙམ་མི་གཅིག་པའི་ཁ་ཕྱོགས་སོ་སོར་བཀུག་ནས་འགྲོ་རུ་བཅུག རྒྱུན་དུ་ང་ཚོས་ཉི་འོད་ཀྱི་ཁ་དོག་དཀར་པོར་མཐོང་བ་ནི་དེར་ཚོན་མདོག་རྣམས་ཡོངས་སུ་འདུས་ཡོད་པས་ཡིན།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-28

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།