སྤྱན་ཁྱེར་རྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱན་ཁྱེར་རྒྱ།
སྤྱིར་གྱི་ཆ་ནས་སྔོན་གྱི་མེས་པོ་དག་གི་གསུང་རབ་མི་འཁྲུགས་པའི་ཆེད་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ཡོད་པ་སྟེ། ཚེག་གི་རྒྱ་དང་། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་བཅས་གསུང་ཡོད་ཀྱང་། ཆོས་ཚན་ཇི་སྙེད་ཅིག་བཞུགས་པའི་གླེགས་བམ་དང་པོད་མང་པོ་ཞིག་དུས་རབས་དང་ལོ་རྒྱུས་དབང་གིས་དཔེ་རྙོག་ཏུ་སོང་ཡོད་སྟབས། དེ་དག་གོ་རིམ་བསྒྲིགས་པའི་སྐབས་ལ་གཙོ་བོ་གང་ཞིག་ལ་མགོ་བཏགས་བཅོལ་ཏེ་བསྒྲིགས་དགོས་སམ་ཞེ་ན། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་དེ་ལ་བཅོལ་ནས་གོ་རིམ་བསྒྲིགས་ན་འཐུས་སྒོ་ཚང་པོ་ཞིག་སྒྲིག་ཐུབ། བོད་ཀྱི་གསུང་རབ་ཀྱི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་བོད་གྲངས་དེ་མཚོན་བྱེད་ཀྱི་ཀ་མད་གོ་རིམ་དང་། པོད་དེའི་ལྡེབ་གྲངས། པོད་དེའི་མཚན་བྱང་བཅས་སྤྱན་ཁྱེར་གྱི་རྒྱའི་ནང་དུ་བྲིས་ཡོད་ཙང་། སྤྱན་ཁྱེར་གྱི་རྒྱ་དེར་མགོ་བཏགས་བཅོལ་ནས་ལེགས་བསྒྲིགས་བྱས་ཚེ་སྤུས་དག་པོ་ཞིག་བྱ་ཐུབ།
1 བྱུང་བ།

བོད་ཀྱི་གསུང་རབ་དེ་ཀ་མད་ཀྱི་གོ་རིམ་ལ་བཅོལ་བའི་ལམ་སྲོལ་དེ་དུས་ཅི་ཙམ་ཞིག་ལ་དར་ཡོད་པའི་སྐོར་ལ་གདེང་འཁེལ་བའི་ཁ་ཚོན་གཅིད་མ་ཐུབ་ཀྱང་། བཙན་པའི་སྐབས་སུ་བཏབ་པའི་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་ཀྱི་ནང་དུ་གསུང་འབུམ་གྱི་པོད་གྲངས་དེ་ཀ་མད་ཀྱི་གོ་རིམ་ལ་བཅོལ་གནད་ཡོད་པ་མཇལ་ཡུལ་དུ་མ་མཆིས། འོན་ཏེ་ཏུན་ཧོང་ནས་ཐོན་པའི་ཤེར་ཕྱིན་སྟོང་ཕྱག་བརྒྱ་པ་དང་ཚེ་དཔག་མེད་མདོ་སོགས་ཀྱི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་པོད་གྲངས་ཀྱི་གོ་རིམ་དེ་ཀ་མད་ཀྱི་གོ་རིམ་ལ་བཅོལ་པ་མཇལ་རྒྱུ་འདུག་ལ། རྒྱ་མཚོ་གྲོ་མཁར་ཆོས་སྡེར་བཞུགས་པའི་བཙན་པོའི་བླ་འབུམ་ཡིན་ངེས་པའི་ཤེར་ཕྱིན་པོད་ལྔ་ཙམ་བཞུགས་པ་དེ་དག་གི་སྤྱན་ཁྱེར་དུའང་པོས་གྲངས་ཕན་ཚུན་མི་འཁྲུག་པའི་ཆེད། པོད་གྲངས་ཀྱི་གོ་རིམ་དེ་ཀ་མད་ལ་བཅོལ་ཡོད་པ་དངོས་སུ་མཇལ་རྒྱུ་འདུག དེས་ན་གསུང་པོད་ཕན་ཚུན་མི་འཁྲུགས་པ་དང་མ་འཛིང་པའི་ཆེད་དུ་ཀ་མད་ཀྱི་གོ་རིམ་ལ་བཅོལ་བའི་སྲོལ་དེ་དུས་རབས8-9པའི་སྐབས་ནས་ཡོད་པ་ད་ཤེས་ཐུབ། དེ་རྗེས་དུས་རབས13པའི་ནང་དུ་བྱོན་པའི་གསུང་རབ་སྨྲ་བ་བཅོམ་ལྡན་རིགས་པའི་རལ་གྲིས་བཀའ་འགྱུར་པོད102ལ་ཉེ་བ་དེ་དག་གི་གོ་རིམ་ཀ་མད་ཀྱི་གོ་རིམ་མ་བཅོལ་ཏེ་ཁོང་གིས་བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པའི་ཉིན་བྱེད་ཅེས་མཛད་པ་དེ་ནས་བཟུང་། ཕྱིས་རབས་ཀྱི་མཁས་པ་རྣམས་ཀྱིས་བཀའ་བསྟན་ཙམ་མ་ཡིན་པར་བོད་ཀྱི་མཁས་པའི་གསུང་རབ་ཀྱི་གོ་རིམ་དེའང་ཀ་མད་ལ་བཅོལ་བའི་སྲོལ་དེ་རྒྱ་ཁྱབ་ཏུ་འཕེལ་ཞིང་།  གསུང་རབ་ཀྱི་གོ་རིམ་ཀ་མད་ལ་བཅོལ་པ་དེས་བོད་ཀྱི་བཀའ་བསྟན་གྱི་སྒྲིག་གཞི་དེ་འཐུས་སྒོ་ཚང་པོ་ཞིག་ཏུ་སླེབས་ཐུབ་པ་ནི་ཁོང་གིས་བཀའ་དྲིན་ལགས། བོད་ཀྱི་གསུང་རབ་ཀྱི་གོ་རིམ་ཀ་མད་ལ་བཅོལ་སྲོལ་དེའང་ཐོག་མར་རྒྱ་གར་འཕགས་པའི་ཡུལ་གྱི་གླེགས་བམ་གྱི་གོ་རིམ་བཅོལ་སྲོལ་ལ་ལད་མོ་བགྱིས་ནས་བྱུང་བ་ཞིག་ཡིན་སྙམ། རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་སྐུ་མྱ་ངན་ལས་འདས་པའི་རྗེས། བཀའ་བསྡུ་ཐེངས་གསུམ་ཙམ་ཞིག་བྱུང་བ་ལ་གཞིགས་ན། བཀའ་བསྡུ་བགྱིས་པའི་ནང་དུ་གསུང་པོད་ཀྱི་གོ་རིམ་མི་འཁྲུགས་པའི་སླད། རྒྱ་གར་གྱི་ཡི་གེའི་གོ་རིམ་ལ་བརྟེན་ནས་བསྡུ་སྒྲིག་གནང་ཡོད་ངེས་ལགས། ད་ལྟ་རང་རེ་རྣམས་ཀྱིས་མཇལ་ཡུལ་དུ་མཆིས་པའི་རྒྱ་དཔེ་ཤེར་ཕྱིན་སོགས་ཀྱི་སྟེང་དུའང་བོད་གྱི་གསུང་རབ་ཀྱི་སྤྱན་ཁྱེར་གྱི་རྒྱ་དང་འདྲ་བའི་པོད་གྲངས་རྒྱ་གར་གྱི་ཡི་གེ་དང་མཚན་བྱང་། ལྡེབ་གྲངས་བཅས་བྲིས་ཡོད་པ་མངའ་རིས་མཐོ་ལྡོང་དགོན་དུ་བཞུགས་པའི་རྒྱ་དཔེ་ཤེར་ཕྱིན་སྟག་ཤུན་མ་སོགས་འདུག རྒྱ་དཔེ་སྟག་ཤུག་མ་དེ་དག་ནི་དུས་རབས11པའི་ནང་དུ་བྱོན་པའི་ལོ་ཆེན་རིན་ཆེན་བཟང་པོས་ཁ་ཆེའི་ཡུལ་ནས་བསྣམས་ཕེབས་པའི་རྒྱ་དཔེའི་གྲས་ཤིག་ཡིན་པ་ཁོང་གི་རྣམ་ཐར་འབྲིང་པོ་རུ་གསལ། རྒྱ་ནག་གི་ཡུལ་ལས་བརྗོད་ན་ཏུན་ཧོང་ནས་གསུང་རབ་མདོ་སྙིང་རྗེ་པད་མ་དཀར་པོ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་ནི་ནང་བསྟན་གྱི་རྒྱུན་མཁོའི་མཆོད་བརྗོད་དང་ཞལ་འདོན་སོགས་མ་མགོ་བཏགས་བཅོལ་ཡོད་པ་དང་དེ་མིན་རྒྱ་ནག་གི་བཀའ་བསྟན་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་བྱིས་པ་བདེ་བླག་ཏུ་འཇུག་པའི་ཡི་གེ་སྟོང་ཅན་ལ(千字文)གོ་རིམ་བཅོལ་ནས་བསྒྲིགས་ཡོད་པ་བཅས་ཡིན། ཡི་གེ་སྟོང་ཅན་དེ་ནི་རྒྱ་ཡིག་སྟོང་གཅིག་ཙམ་གོ་རིང་ལྡན་ཞིང་། བསྐྱར་ཟློས་མེད་པ། རང་བྱུང་ཁམས་དང་ལོ་རྒྱུས། སྤྱི་ཚོགས། མི་ཆོས་སློབ་གསོ་སོགས་ཤེས་བྱ་མང་པོ་འདུས་ཤིང་བྱིས་པ་བདེ་བླག་ཏུ་འཇུག་ཐུབ་པའི་གཞུང་ཞིག་ཡིན།  དེ་ནི་ཆེད་མངགས་བཀའ་བསྟན་གྱི་གོ་རིམ་ལ་བཟོས་པ་ལྟ་བུ་ཞིག་འདུག  རྒྱ་ནག་གི་ཡི་གེ་སྟོང་ཅན་དེ་ནི་ཏུན་ཧོང་ནས་ཐོན་པའི་ཡི་གེར་བལྟས་ན། སུང་བྱང་བའི་དུས་ཀྱི་གསུང་རབ་བྲིས་མ་ཞིག་དང་ད་དུང་དུས་རབས་ཀྱི་བྲིས་མ་ཡིན་ངེས་པ། དེ་དག་ལ་བལྟས་ན་ཏུན་ཧོང་ཀྲང་དབྱི་ཁྲོའོ་ཡིས་མངའ་དབང་བསྒྱུར་བའི་རྗེས་སུ། རྒྱ་ཡིག་གི་བཀའ་བསྟན་དེ་རྒྱ་ཡིག་སྟོང་ཅན་གྱི་གོ་རིམ་ལ་བཅོལ་བའི་སྲོལ་དེ་དར་ཁྱབ་བྱུང་། ཡི་གེ་སྟོང་ཅན་གྱི་རྒྱ་དེ་ནི་ཐང་གི་དུས་རབས་ཕྱི་མ་བྱུང་ནས་ཐང་རྒྱལ་རབས་ལྔ་བའི་བར་ལ་དར་སྲོལ་ཆེན་པོ་བྱུང་འདུག་ཅེས་རྒྱ་ནག་གི་ཏུན་ཧོང་ཡིག་རྙིང་སྨྲ་བ་མཁས་པ་ཧྥང་ཀོང་ཁྲའོ་ཡིས་གསུངས། དེས་ན་གོང་དུ་བརྗོད་པའི་སྤྱན་ཁྱེར་གྱི་རྒྱ་དེ་དག་ནི་མི་རིགས་སོ་སོའི་ཡི་གེ་དང་རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས་གོ་རིམ་བཅོལ་སྲོལ་མི་འདྲ་བ་བྱུང་ཡོད་པ་དེ་དག་ཡིན།

2 གཞན་བཤད་པ།

དེ་མིན་གོང་དུ་བརྗོད་པའི་སྤྱན་ཁྱེར་གྱི་རྒྱ་ཕུད་པའི་རྒྱ་གཞན་དག་ཡང་ཡོད་པ་མཇལ་རྒྱུ་ཡོད་པ་སྟེ། བོད་ཀྱི་གསུང་རབ་ལས་འཆད་ན་སྤྱན་ཁྱེར་གྱི་རྒྱ་རུ་ཀ་མད་མ་ཡིན་པའི་ནང་བསྟན་གྱི་ཆོས་པ་ཁག་གི་ཞལ་དུ་ཡོད་པའི་མཆོད་བརྗོད་དང་མ་ཎི་ཡིག་དྲུག་སོགས་ལ་གོ་རིམ་བཅོལ་པ་ཡང་འདུག  སྤྱན་ཁྱེར་གྱི་རྒྱ་དེ་ནི་གཙོ་བོ་གསུང་འབུམ་གྱི་པོད་གྲངས་མང་པོ་མེད་པ་པོད་དྲུག་ཟིན་པ་སོགས་ཡིན་ན་གོ་རིམ་མ་ཎི་ཡིག་དྲུག་ལ་བཅོལ་ཡོད་པ་སྟེ། སྔགས་འཆང་ངག་དབང་ཀན་དགའ་རྣམ་རྒྱལ་གྱི་གསུང་པོད་ཁ་ཤས་ཤིག་གི་གོ་རིམ་དེ་ཨོྃ་མ་ཎི་པད་མེ་ཧུཾ་ཡིན། དེ་དང་འདྲ་བར་རྒྱ་མི་རིགས་ཀྱི་གནའ་དཔེའི་གོ་རིམ་དེ་ཡང་གོང་དུ་བརྗོད་པའི་ཡི་གེ་སྟོང་ཅན་ཁོ་ན་མ་ཡིན་པར། ཆོས་པ་རྣམས་ཀྱི་རྒྱུན་དུ་ཞལ་དུ་ཡོད་པའི་མཆོས་བརྗོད་དང་ཞག་འདོན་ལ་བཅོལ་ཡོད་པ་སྟེ། དཔེར་ན་རྒྱ་ནག་གི་སྐད་དུ།

《无常》:诸行无常,是生灭法,生灭灭已,寂灭为乐.诸行无常等四《摩诃般若经》一部四十卷。

འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་བརྒྱུད་དུ་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་ཡོང་སླ་བའི་ཚིག་དག་ལ་གོ་རིམ་བཅོལ་བའང་འདུག  མདོར་ན་དགེ་འདུན་པ་རྣམས་ཀྱི་ཞ་ན་ཡོད་པའི་ཚིག་དག་ལ་གོ་རིམ་བཅོལ་ན་གནའ་དཔེ་བདག་གཉེར་སླ་པོ་ཡོད་མ་ཟད། གླེགས་བམ་གྱི་གོ་རིམ་དེ་མི་རིགས་སོ་སོའི་རྩ་བའི་ཤེས་བྱའི་རྨང་གཞིར་མགོ་བཏགས་བཅོལ་གནང་ཡོད་ཙང་། ཡིག་ངོ་ཤེས་པའི་མི་རྣམས་ཀྱིས་ནང་བསྟན་ཁྱད་བསྒྲགས་བྱེད་པར་ཡང་ནུས་པ་བླ་ལྷག་ཐོན་ཡོད།

3 ཕན་ནུས།

བོད་ཀྱི་གསུང་རབ་ཁག་གི་གོ་རིམ་དེ་ཀ་མད་ལ་བཅོལ་ཡོད་པ་ཞིག་ཡིན། ཀ་མད་ལ་གོ་རིམ་བཅོལ་པ་དེས་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་ལ་ཕན་པ་བླ་ན་མེད་པ་ཞིག་བསྐྲུན་ཡོད། གཅིག་བོད་ཀྱི་དགོན་སྡེ་དང་རི་ཁྲོད་ཁག་ཏུ་གསུང་རབ་མང་པོ་ཞིག་ཉར་ཚགས་གནང་ཡོད་རུང་། དེ་དག་ལོ་རྒྱུས་དང་དང་དུས་ཀྱིས་དབང་གིས་དཔེ་རྙོགས་སུ་ཕྱིན་པ་མང་པོ་ཞིག་འདུག དེ་དག་དུས་ཐུང་ཞིག་གི་ནང་དུ་ལེགས་བསྒྲིགས་བྱ་སྐབས་ཐབས་ཤེས་ཕུལ་དུ་བྱུང་བ་ནི་སྤྱན་ཁྱེར་དུ་བྲིས་པའི་ཀ་མད་དང་དཔེ་རྙིང་གི་མཚན་བྱང་ལ་མགོ་བཏགས་བཅོལ་ཏེ་ལེགས་བསྒྲིགས་བྱས་པ་ཡིན་ན་ལས་ཤོག་ཆེ་ཞིང་ཅུང་ཟད་ཡང་དག་པར་སྣང་། མངའ་རིས་ཕྱི་དབང་དགོན་དུ་དཔེ་རྙོགས་གཏོས་ཤིན་ཏུ་ཆེ་བ་ཞིག་ཉར་ཚགས་བྱས་འདུག  དེ་དག་ལ་སྔོན་གླེགས་བམ་ཇི་ཙམ་ཞིག་བཞུགས་པའི་སྐོར་ལ་ལྡེབ་གྲངས་རེ་རེ་བཞིན་གྲངས་སུ་བགྲང་རྒྱུ་བྱུང་ན་ལེགས་མོད་ཀྱང་། དུས་ཚོད་ཀྱིས་རྐྱེན་པས་བསྒྲུབ་ཐབས་བྲལ། དེར་བརྟེན་ང་ཚོས་དཔེ་རྙོགས་དེའི་ཁྲོད་ཀྱི་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ཉམས་ཞིབ་བྱ་སྐབས། ཀ་ནས་ཀྔ་བར་ཐོན་ཡོང་གི་འདུག་པ་ལ་གཞིགས་ན་དཔེ་རྙོགས་སུ་མ་སོང་བའི་སྔོན་དུ་དགོན་དེར་ཉུང་ཤོས་ལའང་པོད120ཙམ་བཞུགས་ཡོད་པ་མྱུར་རྩིས་བྱ་ཐུབ། དུང་ཐུང་གཅིག་གི་ནང་དུ་དེར་སྔོན་པོད120ཙམ་བཞུགས་པ་རྟོགས་པ་དེ་ཡང་སྤྱན་ཁྱེར་གྱི་རྒྱའི་དྲིན་ཡིན། བོད་ཡིག་ལ་ཀ་མད་སུམ་ཅུ་ཡོད་པ་དེ་བེད་སྤྱོད་ཟིན་རྗེས་གཞི་ནས་ཀ་མད་རེས་མོས་ཀྱིས་མཚམས་སྦྱོར་བྱས་དེ་བེད་སྤྱོད་བྱ་ཡི་ཡོད། དེས་ན་ཀྔ་ཞེས་པ་ཐོན་པའི་སྐབས་ལ་པོད120ཐོན་ཟིན་པ་དེ་རང་བཞིན་གྱིས་རྟོགས། སྤྱིར་ན་སྤྱན་ཁྱེར་གྱི་རྒྱའི་ནང་དུ་ཀ་མད་ཀྱི་གོ་རིམ་བྲིས་པ་གཅིག་མཚུངས་ཡིན་ཡང་དཔེ་རྙིང་གི་ནང་དོན་དང་བྲིས་བཞེངས་ཀྱི་ཁྱད་པར་མི་འདྲ་བའི་དབང་གིས་མཚན་བྱང་་མི་འདྲ་བ་དང་ཀ་མད་ཀྱི་གོ་རིམ་དེ་ཡང་སྣག་མདོག་མི་འདྲ་བས་བྲིས་པ་ཡོང་གི་འདུག   དཔེར་ན་འཁོར་ཆགས་དགོན་དུ་ཉར་བའི་གསུང་རབ་ཁག་གཅིག་གི་གཞུང་གི་ནང་དོན་སྣག་ཚ་ནག་པོ་བྲིས་ཡོད་ཀྱང་ཀ་མད་ཀྱི་གོ་རིམ་དེ་མཚལ་གྱིས་བྲིས་པ་ཤ་སྟག་ཏུ་སྣང་། དེ་དག་དོད་མཚུངས་པའི་སེ་ར་དགོན་དུ་ཉར་བའི་གཙང་པའི་བཀའ་འགྱུར་དང་རྒྱལ་རྩེ་དཔལ་འཁོར་དགོན་དུ་ཉར་བའི་བསྟན་འགྱུར་དཔེ་ཚུགས་ཅན་དེ་དག་ཚང་མ་གཞུང་དངོས་སྣག་བྲིས་ཡིན་ནའང་པོ་ཏིའི་ཀ་མད་ཀྱི་གོ་རིམ་དེ་མཚལ་གྱིས་བྲིས་འདུག  དེ་དག་གི་ཁྱད་ཆོས་ལག་ནང་དུ་ཡོད་ན་གླེགས་བམ་གྱི་གོ་རིམ་སྒྲིག་ཐབས་ལ་ཕན་པ་ཆེན་པོ་ཡོད།

སྤྱན་ཁྱེར་གྱི་ཀ་མད།         གཞུང་དངོས།          ཡིག་ཕྲེང་།                 གསལ་བཤད།                                       བདག་གཉེར་ཚན་པ།

ད། རེ་གཉིས།                   ཤེར་ཕྱིན།                10ཅན།                    སྤྱན་ཁྱེར་གྱི་ད་ཡིག་དེ་མཚལ་བྲིས་ཡིན།       རྭ་ལུང་དགོན།

ག གོ་གསུམ།                   ཤེར་ཕྱིན།                 8ཅན།                      སྤྱན་ཁྱེར་གྱི་ག་ཡིག་དེ་མཚལ་བྲིས་ཡིན།       འོན་ཀེ་རུ་ལྷ་ཁང་།

དྔ། ཉེར་དྲུག                   ཤེར་ཕྱིན།                 9ཅན།                      སྤྱན་ཁྱེར་གྱི་ཀྔ་ཡིག་དེ་མཚལ་བྲིས་ཡིན།       འཁོར་ཆགས་དགོན།

ཅྨ། གཅིག                      ཤེར་ཕྱིན།                 10ཅན།                     ཅྨ་ཡིག་མཚམས་བྲིས།                               དུང་དཀར་ཕྱི་དབང་།

ཉྣ། སོ་བཞི།                     ཤེར་ཕྱིན།                 11ཅན།                    ཉ་ཡིག་མཚལ་བྲིས།   ན་ཡིག་ནག་བྲིས།          དུང་དཀར་ཕྱི་དབང་།

ཨི། གོ་བཞི།                     བསྟན་འགྱུར།            5ཅན།                      ཨི་མཚལ་བྲིས།                                        རྒྱལ་རྩེ་དཔལ་ཆོས་དགོན།

ཁ+།གོ་གསུམ།              ཤེར་ཕྱིན།                 7ཅན།                      ཁ་ཡིག་ནག་བྲིས།                                     ཞ་ལུ་དགོན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།