གནའ་དཔེའི་བརྟག་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེའི་བརྟག་ཐབས།
གནའ་དཔེའི་དཔར་གཞི་བརྟག་པའི་དམིགས་ཡུལ་ནི་གནའ་དཔེ་དེའི་མཛད་པ་པོ་དང་ཡིག་མཁན། དཔར་བརྐོ་མཁན། དབུ་ཞབས་ཀྱི་ལྷ་འབྲི་མཁན། འབྲི་བཞེངས་ཀྱི་དུས་ཚོད་དང་དཔེ་རྒྱུན་ཇི་ལྟར་འཕེལ་ཡོད་མེད་སོགས་གོ་ཤེས་ཐུབ་པ་བྱས་ཏེ་གནའ་དཔེའི་རིན་ཐང་གཏན་ལ་དབབ་རྒྱུ་དེ་ཡིན། གནའ་དཔེ་བརྟག་ཐབས་ཀྱི་སྐོར་ལ་དེང་གི་གནའ་དཔེ་ཞིབ་འཇུག་པ་ནུབ་ཕྱོགས་ཀྱི་མཁས་པ་དག་གིས་བཞེད་པ་ཇི་སྙེད་ཅིག་གསུང་ཡོད་པ་དེ་དག་རྨང་གཞིར་བྱས་ཏེ། དཔེ་རྙིང་གི་སྤྱིའི་ཁྱད་ཆོས་ཏེ་གླེགས་ཤིང་དང་གདོང་དར། དཔེ་རབ་དང་ཞལ་ཁེབས། གླེགས་ཐག་དང་། གླེགས་བམ་གྱི་ཤོག་རྒྱ། སྣག་ཤོག ཡིག་གཟུགས། ཡིག་ཕྲེང་བཅས་ཕྱིའི་ཁྱད་ཆོས་དེ་དག་བསྣན་ཏེ་རང་ཉིད་དཔེ་རྙིང་ཡོངས་བཤེར་དང་ཐོ་འགོད། བརྟག་དཔྱད་བཅས་གནའ་དཔེ་བརྟག་ཐབས་ཅུང་ཟད་ཅིག་བརྗོད་པར་བྱ།
1 སྒོར་ཐིག་ལས་བརྟག་པ།

སྤྱིར་བཏང་བྱས་ན་གནའ་དཔེ་བྲིས་མ་དང་དཔར་མ་གང་ཞིག་ཡིན་པ་ནི་གནའ་དཔེའི་ཤེས་བྱ་ཕྲན་བུ་ཡོད་པའི་སྐྱེ་བོ་ཞིག་གི་ངོས་ནས་འཆད་ན་དབྱེ་འབྱེད་བྱ་རྒྱུ་དེ་ལས་སླ་མོ་ཞིག་ཡིན་མོད། འོན་ཏེ་དུས་རབས13པའི་ནང་དུ་བཞེངས་པའི་དཔར་མ་འགའ་ཞིག་བྲིས་མ་དང་གཅིག་མཚུངས་སུ་སྣང་། དཔེར་ན་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ས་པཎ་གྱི་ཚད་མ་རིགས་གཏེར་ལྟ་བུར་ཆ་མཚོན་ན། ཚད་མ་རིགས་གཏེར་དེ་ཐོག་མར་འཇལ་བའི་སྐབས་སུ་གནའ་དཔེའི་ཤེས་བྱ་མི་དམན་པའི་མི་མང་པོ་ཞིག་གིས་ཀྱང་དེ་བྲིས་མ་ཡིན་པ་ངོས་འཛིན་བྱས་འདུག་ལ།  མ་ཟད་རྒྱལ་ཁབ་རིམ་པའི་གནའ་དཔེའི་མིང་མཛོད་དུའང་དཔར་མ་དེ་བྲིས་མ་ཡིན་པར་ཐག་བཅད་དེ་བཞག་འདུག  རྒྱུ་མཚན་ནི་རིགས་གཏེར་དེར་དུས་ཕྱིས་ཀྱི་དཔར་མ་ཇི་བཞིན་གཡས་གཡོན་གཉིས་ཐིག་དང་གོང་འོག་གི་སྣེ་ཐིག་རྒྱ་བཏབ་མེད་པ་དང་གཅིག  གཉིས་ཡིག་གཟུགས་ཀྱི་ཐད་ནས་བརྗོད་ན་ཡང་དཔར་གྱི་རྗེས་ཤུལ་ཡེ་ནས་མེད་པར་ཡི་གེའི་འདུ་བྱེད་ལ་མཁས་པ་ཞིག་གིས་ཤོག་བུའི་ཐད་དུ་བྲིས་པ་ལྟ་བུ་ཞིག་སྣང་། དེ་དང་འདྲ་བར་སྔོན་དགའ་ལྡན་དཔར་རྙིང་དུ་གྲགས་པ་དེའང་ཡིག་གཟུགས་དཔེ་ཆ་ལག་བྲིས་མ་དང་ནོར་འགྲོ་བ་ལྟ་བུའི་པར་རྐོའི་ལག་རྩལ་ཧ་ལས་པ་ཞིག་འདུག་ཅེས་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་པ་ལ་ཐུགས་ཤིན་ཏུ་མད། རྗེས་སུ་ཚད་མ་རིགས་གཏེར་དེ་མཇལ་བའི་སྐལ་བ་ཐོབ་པ་དང་བསྟུན། གནའ་དཔེ་དེའི་མཛད་བྱང་ལ་བལྟ་དུས། དེ་ནི་ཡོན་རྒྱལ་རབས་ཀྱི་བཙུན་མོ་བོལ་གན་དང་བཙུན་མོ་གོ་གོ་ཅན་གྱིས་དཔར་པོད་གཉིས་བརྒྱ་བཏབ་སྟེ་ནང་བསྟན་ལ་འཆད་ཉན་སྤེལ་བའི་ཕྱིར་ཕུལ་བ་དེའི་གྲས་ཤིག་རེད་འདུག  དེར་བརྟེན་བྲིས་མ་དང་དཔར་མ་བརྟག་ཐབས་དེའང་བརྗོད་ན་བརྗོད་རིན་ཆོག་པ་ཞིག་འདུག  དེས་ན་ཐོག་མར་བྲིས་མ་དང་དཔར་མའི་དབྱེ་བ་དེ་ནི་སྒོར་ཐིག་ལས་འཆད་ན་དོན་གོ་ཆེ་བ་ཞིག་ལགས། 

གནའ་དཔེའི་ལྡེབ་གྲངས་ཀྱི་ཉིན་སྲིབ་ཏུ་སྒོར་ཐིག་བྲིས་ཡོད་པ་དེ་དག་ནི་སྤྱིར་བཏང་བྲིས་མ་དང་སྒོར་ཐིག་མེད་པ་དེ་ནི་སྤྱིར་བཏང་བརྒྱ་ཆ་བདུན་ཅུ་ཡན་དཔར་མ་ཡིན་པ་ཐག་བཅད་ཆོག  གང་ཡིན་ཟེར་ན། སྤྱི་ལོ1407ལོར་སི་ཏུ་ཆོས་ཀྱི་རིན་ཆེན་གྱི་དགོངས་རྫོགས་ལ་དམིགས་ཏེ་སྲས་ལྷ་བཙན་སྐྱབས་ཀྱིས་ལ་སྟོད་ཤེལ་དཀར་རྫོང་དུ་དཔར་བཏབ་པའི་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་དྲི་མེད་འོད་དཔར་མ་ཞིག་ཡོད་པ་དེའི་སྟེང་དུ་སྔོན་གྱི་བྲིས་མ་ཇི་བཞིན་སྒོར་ཐིག་གསལ་བའི་རྐྱེན་གྱིས་གོང་ལྟར་འཆད་པ་ལགས། དུས་རབས13-14ནང་བོད་ཀྱི་ཡུལ་དེར་དཔལ་གྱི་རིག་པ་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་རྗེས་སུ་གནའ་དཔེ་བཞེངས་དགོས་བྱུང་ཡོད། དུས་རབས13-14པའི་མཚམས་སུ་སླེབས་དུས་གནའ་དཔེའི་སྟེང་གི་སྒོར་ཐིག་གི་བྱེད་ནུས་དེའང་ཡོངས་སུ་ཤོར་ཏེ་མེད་པར་འགྱུར་ཟིན་པའི་རྐྱེན་གྱིས་དཔར་ཤིང་གི་སྟེང་དུའང་གསལ་མེད། དེར་བརྟེན་གནའ་དཔེ་བྲིས་དཔར་གྱི་དབྱེ་བ་དེ་སྒོར་ཐིག་ལ་ཚད་འཛིན་ཏེ་བཤད་པ་ཡིན། 

དེ་ཡང་བྲིས་མའི་སྒོར་ཐིག་གི་ཁྱད་ཆོས་ལས་འཆད་ན་སྔོན་དུ་ཞུས་པ་བཞིན་སྤྱི་ལོའི་དུས་རབས13སྔོན་གྱི་བྲིས་མར་ལྡེབ་གྲངས་ཀྱི་ཉིན་སྲིབ་ངོས་སུ་སྒོར་ཐིག་བྲིས་ཡོད། དུས་རབས8པའི་ཡར་སྔོན་གྱི་གནའ་དཔེ་བྲིས་མ་ཞིག་ཡིན་ཕྱིན་བྲིས་མ་དེ་དག་གི་ལྡེབ་གྲངས་ངོས་སུ་སྒོར་ཐིག་གཉིས་རེ་ཡོད་པ་མ་ཟད།  སྒོར་ཐིག་དེར་མིག་བུ་ཕུག་སྟེ་དེ་དག་གི་ནང་དུ་རྒྱུན་བུའམ་འགྲེང་པོ་བརྒྱུས་ཡོད་པ་སྟེ། ཏུན་ཧོང་ནས་ཐོན་པའི་ཤེར་ཕྱིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་པ་དེ་ནི་གསུང་རབ་སྨྲ་བའི་དབང་པོ་རྣམས་ཀྱིས་ཡིག་གཟུགས་དང་སྣག་ཤོག་ལ་ཚན་རིག་གྱི་ཐབས་ལམ་ལས་བརྟག་དཔྱད་བྱས་པ་བརྒྱུད། གནའ་དཔེ་དེ་ནི་དུས་རབས8པའི་ནང་གི་གནའ་དཔེ་བྲིས་མ་ཞིག་ཡིན་པ་ཐག་གཅོད་གནང་འདུག  གནའ་དཔེ་དེའི་སྟེང་དུ་སྒོར་ཐིག་གཉིས་གསལ་ཡོད་པ་མ་ཟད། དེའི་མིག་ཕུའི་ནང་དུ་འགྲེང་བུ་བརྒྱུས་ཡོད་གཤིས་དུས་རབས8པའི་ཡར་སྔོན་གྱི་གནའ་དཔེ་ཡིན་པ་ཐག་བཅད་ཆོག  

དེ་རྗེས་དུས་རབས9-11པའི་གནའ་དཔེ་ཡིན་ན། གནའ་དཔེ་དེ་དག་གི་སྟེང་དུ་སྔར་བཞིན་སྒོར་ཐིག་གཉིས་རེ་གསལ་ལ་མིག་ཕུ་ཡང་ཕུག་ནས་སྣང་། འོན་ཏེ་མིག་བུ་དེ་གཉིས་ཀྱི་ནང་དུ་སྔོན་གྱི་ལམ་སྲོལ་བཞིན་འགྲེང་བུ་དང་རྒྱུན་བུ་བརྒྱུས་མེད་པ་སྟེ། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་ཁྲི་རལ་པ་ཅན་གྱི་བླ་འབུམ་དུ་གྲངས་པ་དཔལ་ལྡན་འབྲས་སྤུངས་དགོན་དང་གྲོ་མཁར་ཆོས་སྡེ། ཆབ་མདོ་ཁུལ་དུ་བཞུགས་པའི་གནའ་དཔེ་བྲིས་མ་དུས་རབས9-10པར་བྲིས་པ་དེ་དག་གི་སྟེང་དུ་སྒོར་ཐིག་ལ་མིག་ཕུ་ཕུག་ཡོད་ཀྱང་དེ་དག་གི་ནང་དུ་རྒྱུན་བུ་སོགས་བརྒྱུས་མེད། 

དུས་རབས14-15ནང་དུ་བྲིས་བཞེངས་གནང་བའི་གནའ་དཔེ་ཡིན་ན།  གནའ་དཔེ་དེ་དག་གི་ལྡེབ་གྲངས་ངོས་སུ་སྒོར་ཐིག་གཉིས་རེ་སྔར་བཞིན་གསལ་རུང་། མིག་ཕུ་མ་ཕུག་པར་དེའི་རྣམ་པ་མཚོན་ཆེད་ཙམ་དུ་མཚལ་གྱི་སྒོར་ཐིག་དེ་བྲིས་ནས་ཡོད་པ་ལྷོ་ཁའི་འོན་ཀེ་རུ་ལྷ་ཁང་དང་མངའ་རིས་འཁོར་ཆགས་དགོན།  དུང་དཀར་ཕྱི་དབང་། གོང་དཀར་ཆོས་སྡེ་སོགས་སུ་ཉར་ཚགས་གནང་བའི་དཔེ་རྙིང་དེ་དག་ཡིན། 

དེ་རྗེས་དུས་རབས15པའི་རྗེས་ཀྱི་གནའ་དཔེར་མཚལ་གི་སྒོར་ཐིག་དེ་དག་གསལ་རུང་སྒོར་ཐིག་དེ་སྟོང་པར་བཞག་ན། མིག་ལ་མཛེས་ཆ་མི་ལྡན་པ་དང་ཕན་མེད་དུ་ལུས་པ་ལྟ་བུའི་ཚོར་སྣང་ཞིག་རང་བཞིན་གྱིས་སྐྱེས་སྟབས། བོད་ཀྱི་མཛེས་ཆོས་དང་བསྟུན་ཏེ་སྒོར་ཐིག་དེའི་ནང་དུ་གཞུང་དེ་དང་འབྲེལ་བའི་སྐུ་བརྙན་བྲིས་པའི་གནའ་དཔེ་གཡའ་མ་རི་དགོན་གྱི་ཤེར་ཕྱིན་དང་མངའ་རིས་དགའ་ལྡན་བཤག་འཕེལ་གླིང་གི་མདོ་སྐལ་བཟང་སོགས་དང་། སྒོར་ཐིག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་བྲིས་པ་མངའ་རིས་ས་ཁུལ་དུ་བཞུགས་པའི་ཤེར་ཕྱིན་ཡུམ། དུས་རབས17པར་མི་དབང་སངས་རྒྱས་རྒྱ་མཚོས་བཞེངས་པའི་རྒྱལ་བའི་བཀའ་འགྱུར་མཐིང་ཤོག་གསེར་བྲིས་མའི་སྒོར་ཐིག་ཏུ་མུ་ཏིག་གིས་ཕྲ་བརྒྱན་བཏབ་པ་ནོར་གླིང་དུ་བཞུགས་པ་བཅས་སོ། །ལྷག་དོན་དུ་སྒོར་ཐིག་གིས་གནའ་དཔེ་དེ་བྲིས་བཞེངས་གནང་སྐབས་རྩ་འཛུགས་གང་ཞིག་གིས་འབྲི་བཞེངས་བགྱིས་པ་སྟེ། གནའ་དཔེའི་སྒོར་ཐིག་དེ་ལྡེབ་གྲངས་ཀྱི་ངོས་སུ་ནག་ནོག་གིས་མ་འགོས་པར་ངོས་གཙང་ཞིང་། སྒོར་ཐིག་གི་མཚམས་དེར་སླེབས་སྐབས་གཞུང་གི་རྗོད་བྱེད་ཀྱི་ཚིག་དོན་ལ་མ་ལྟོས་པར་སྔོན་འཇུག་དང་རྗེས་འཇུག་ཡ་ཕྲལ་ནས་བྲིས་པ་ལྟ་བུ་ཞིག་ཡིན་ན། གཞུང་ས་ཁག་གིས་ཆེད་མངགས་གནའ་དཔེ་འབྲི་བཤུ་མཁན་སྒྲིག་འཛུགས་བྱས་ནས་འབྲི་བཤུས་གནང་བ་མཚོན་པ་དང་། གལ་ཏེ་འབྲི་ཤོག་གི་སྟེང་དུ་སྒོར་ཐིག་གཉིས་གསལ་རུང་། སྔོན་གྱི་གོམས་སྲོལ་ཇི་བཞིན་མེད་པར་སྒོར་ཐིག་གི་ནང་དུ་སྐབས་འབབ་ཀྱི་བརྗོད་དོན་དང་འབྲེལ་ཏེ་སྒོར་ཐིག་གིས་ཟིན་པའི་ས་དེ་སྟོང་པར་མ་བཞག་པར་བརྗོད་དོན་དཀྱུས་གཅིག་ཏུ་བྲིས་ཡོད་ན། གནའ་དཔེ་དེ་ནི་གཞུང་སའི་འབྲི་བཤུ་ནས་མ་ཡིན་པར་མི་སྒེར་གྱིས་རང་རང་གི་སློབ་གཉེར་ལ་མཁོ་བའི་གནའ་དཔེ་འབྲི་བཤུ་བྱས་པ་དེ་ཤེས། དེས་ན་སྒོར་ཐིག་ལས་གནའ་དཔེ་དེ་དུས་རབས་དང་བྲིས་མ་དང་དཔར་མ་གང་ཞིག་ཡིན་མིན་བརྟག་ཐུབ་བོ།

2 མཇུག་བྱང་ལས་བརྟག་པ།

བོད་ཡིག་གནའ་དཔེར་མཇུག་བྱང་མང་ཉུང་ལ་མ་ལྟོས་པའི་གཞུང་དེའི་རྫོགས་མཚམས་སུ་མཇུག་བྱང་ཞིག་སྦྱར་ཡོད་ངེས་ལགས། དེས་ན་མཇུག་བྱང་ལས་གནའ་དཔེའི་དུས་རབས་ཤེས་པ་སྟེ། དེ་ཡང་དུས་རབས9པའི་སྐབས་སུ་སྦྱར་བའི་མཇུག་བྱང་ཞིག་ཡིན་ཕྱིན། དེ་དག་ལ་ཚིག་གི་རྒྱས་སྤྲོས་མེད་པར་ཏུན་ཧོང་གི་ཡིག་རྙིང་ཁྲོད་དུ་བཞུགས་པའི pt1286ནང་དུ་བྱུང་བའི་ཚིག་ཉམས་ཏེ། རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ། ཞེས་པ་དང་། གནམ་གྱྀ་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་། གངས་ཀྱི་ནྀ་ར་བ། ཆུ་བ་ཀུན་གྱི་ནི་མགོ་བོ། ཞེས་པ་ལྟ་བུ་དང་ཤེར་ཕྱིན་ཡུམ་བྲིས་མའི་ལེའུ་མཚམས་སུ་ཡིག་མཁན་གྱི་མཚན་དང་། ཞུས་དང་ཞུས་གཉིས་ཞུས་སུམ་ཞུས་ཀྱི་མཚན་སྟེ་ཇེའུ་སྟག་ལེགས་བྲིས། དཔལ་དབྱངས་ཞུས། ཕབ་ཏང་ཡང་ཞུས། དེའུ་ཨྀང་སུཾ་ཞུས།། ཞེས་དང་གཞན་པའི་རྗེའི་སྐུ་ཡོན་དུ་ཞེས་པ་སོགས་ལས་མི་བྱུང་། 

དེ་ལྟར་མཇུག་བྱང་ཚིག་སྣ་བསྡུས་ཤིང་རྗེའི་ཡོན་དུ་ཞེས་པ་ལས་མི་བྱུང་བའི་རྒྱུ་མཚན་ནི། དུས་རབས9པར་སྔོན་དུ་རྗེས་མ་གཏོགས་འབངས་ཀྱིས་འབུམ་འབྲི་བཞེངས་མི་ཐུབ་པའི་རྐྱེན་གྱིས་ཡིན་པ་ནི་ཤེར་ཕྱིན་གྱི་ཚེག་དང་ཤད། ལེའུ་བམ་པོ་སོགས་ཀྱི་ཚད་བསྟན་པ་ཞེས་པ་སོགས་ལས་ཤེས། དུས་རབས10-12གི་གནའ་དཔེའི་མཇུག་བྱང་དུ་སྔོན་གྱི་ཚིག་ཉམས་ཐོན་པའི་ཐོག་ལ། ཀྱེ་ཞེས་པའི་མོ་མཚར་གྱི་འབོད་སྒྲས་སྔོན་བསུས་ཏེ་རྒྱ་གར་འཕགས་པའི་ཡུལ་དང་སྟོན་པའི་མཛད་པ་ཚིག་སྣ་ཐུང་ངུས་བརྗོད་པ་དང་རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ་ཞེས་པ་སོགས་ཡུལ་གྱི་བསྟོད་པ་དང་གནའ་དཔེ་བཞེངས་པའི་སྐབས་ཀྱི་མཆོད་ཡོན་སྦྱིན་བདག་དང་བཞེངས་པའི་གནས་སོགས་བརྗོད་པ་དང་སྦྲགས་འབྲི་ཤོག་དང་འཕྲུལ་ཡིག་སོགས་ཀྱི་ཁྱད་ཚིག་ཏུ་ངོ་མཚར་ཆེ་ཞེས་པས་བརྒྱན་ཏེ་བྱང་ཆུབ་ཀྱི་ལམ་ཐོབ་པར་ཤོག ཅེས་པའི་སྨོན་ཚིག་ཀྱིས་མཇུག་བསྡུས་པ་ཤ་སྟག་ཡིན། 

དུས་རབས12-13བར་གྱི་མཇུག་བྱང་དུ་ཀྱེ་དང་ཨེ་མཱ་ཧོ་ཞེས་པས་སྔོན་བསུས་ཏེ། གོང་གི་ནང་དོན་ཇི་བཞིན་བརྗོད་པ་དང་སྦྲགས་སྣག་ཤོག་གི་སྤུས་ཀ་ཅི་ཞིག་བཏང་ཡོད་པའི་གསལ་བཤད་ཡང་མཇུག་བྱང་གི་ནང་དུ་བསྣན་ནས་འདུག་ལ། མཇུག་གི་སྨོན་ཚིག་ཏུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་ཡོང་གི་འདུག  ལྷག་དོན་དུ་མཇུག་བྱང་དེ་དག་གི་ཁྲོད་དུ་དགོངས་དང་བསམ་ཞེས་པའི་ཚིག་དེའི་དོན་དུ་ར་ག་བཏགས་ག་ན་རི་རྒོངས་ཞེས་དབུས་གཙང་མངའ་རིས་དང་བཅས་པར་བཞུགས་པའི་གནའ་དཔེ་དག་གི་ཁྲོད་དུ་སྤྱི་མཐུན་དུ་ཐོན་པ་དེའང་དུས་རབས་དེའི་ཁྱད་ཆོས་སུ་སེམས། དུས་རབས13-14གནའ་དཔེའི་མཇུག་བྱང་དུ་ཨྃ་སྭ་སྟི་ཞེས་པས་སྔོན་གྱི་ངོ་མཚར་གྱི་འབོད་སྒྲ་ཀྱེ་དང་ཨེ་མཱ་ཧོ་ཞེས་པའི་དོད་བྱས་ནས་སྔོན་གྱི་མཇུག་བྱང་གི་ནང་དོན་བཞིན་བྲིས་པ་དང་རྗེས་ཀྱི་སྨོན་ཚིག་ཏུ་རྒྱ་སྐད་ཀྱིས་མངྒ་ལམ་དང་སརྦ་མངྒ་ལམ་ཞེས་པའི་སྨོན་ཚིག་གིས་མཇུག་བསྡུས་ཡོང་གི་འདུག  དེ་རྗེས་དུས་རབས15-16བར་སྔོན་གྱི་མཇུག་བྱང་གི་ནང་དོན་སྔོན་ལྟར་ཇི་བཞིན་བཀོད་པ་དང་སྦྲགས་མཇུག་བྱང་སྨོན་ཚིག་དེའི་ནང་དོན་རྒྱ་སྐད་ཡང་མཉམ་དུ་སྦྱར་ཡོང་གི་འདུག་ལ་དེས་མ་ཟད་མཇུག་བྱང་གི་དུས་ཚོད་དེ་བོད་ཀྱི་རབ་བྱུང་དང་སྟོན་པའི་འདས་ལོ་སོགས་ལ་སྦྱར་ནས་མཇུག་བྱང་བཀོད་གནང་བ་ཤ་སྟག་ཡིན། བོད་དཔེ་རྒྱ་ནག་དཔར་མའི་མཛད་བྱང་ནི་ཡོན་རྒྱལ་རབས་སྐབས་སུ་དཔར་དུ་བཏབ་པའི་དཔར་བྱང་ནི་བོད་ཡིག་ཁོ་ན་དང་ཡུང་ལོའི་སྐབས་སུ་དཔར་དུ་བཏབ་པའི་དཔར་བྱང་ནི་བོད་ཡིག་ཁོ་ན་དང་ཡུང་ལོའི་སྐབས་སུ་དཔར་དུ་བཏབ་པའི་དཔར་བྱང་ནི་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་སྦྱར་བ་དང་། གོང་མ་ལྷ་སྐྱོང་སྐབས་སུ་བོད་དཔེ་དཔར་དུ་བཏབ་པ་དག་གི་དཔར་བྱང་ནི་སུམ་འབྀད་དེ་བོད་རྒྱ་ཧོར་བཅས་ཡིག་རིགས་གསུམ་གྱི་སྟེང་ནས་སྦྱར་བ་ཞིག་ཡིན། དེ་མིན་པའི་ཧོར་དཔར་ཡིན་པའི་གཞུང་དེ་དག་གི་དཔར་བྱང་དུ་དཔར་ལ་པོད་ཇི་ཙམ་ཞིག་བཏབ་ཡོད་པ་གསལ་བ་སྟེ། ཚད་མ་རིགས་གཏེར་པོད་ཉིས་བརྒྱ། ཚད་མ་རྣམ་པར་ངེས་པ་པོད་ལྔ་བརྒྱ། ཐེག་པོ་ཆེན་པོ་མདོ་སྡེའི་རྒྱན་པོད་ལྔ་བཏབ་ཞེས་པ་སོགས་ནི་ཡོད་གྱི་དཔར་མའི་དཔར་བྱང་ཁྱད་ཆོས་ཤིག་ཡིན་སྟབས་དེ་དག་ལས་གནའ་དཔེའི་དུས་རབས་གཏན་ལ་འབེབ་ཐུབ།

3 ལྡེབ་གྲངས་ལས་བརྟག་པ།

སྔོན་གྱི་གནའ་དཔེ་དེ་དག་ནི་དུས་རབས་མི་འདྲ་བའི་ནང་དུ་བྲིས་དཔར་བཏབ་པ་ཞིག་ཡིན་སྟབས། གནའ་དཔེ་དེ་དག་གི་སྤྱན་ཁྱེར་རྒྱའི་ནང་གི་ལྡེབ་གྲངས་འགོད་སྟངས་ཀྱང་མི་འདྲ་བ་བྱུང་འདུག  དེས་ན་གནའ་དཔེའི་ལྡེབ་གྲངས་ཀྱི་ཁྱད་ཆོས་ལས་གནའ་དཔེ་བརྟག་ཐུབ་པ་སྟེ། དུས་རབས12ཡན་གྱི་གནའ་དཔེ་ཡིན་ན་དེ་དག་གི་ལྡེབ་གྲངས་དྲུག་ཅུར་བྱོནན་ཚེ། གནའ་དཔེའི་སྤྱན་ཁྱེར་རྒྱའི་ནང་དུ་ལྡེབ་གྲངས་རེ་གཅིག་ལ་རོ་གཅིག་དང་རེ་གཉིས་ལ་རོ་གཉིས་ཞེས་བྲིས་པ་བཙན་པོའི་བླ་འབུམ་དང་མཉེས་ཐང་སྒྲོལ་མ་ལྷ་ཁང་གི་འབུམ་ཤོག་མོ་ཆེ་སོགས་ལ་བྲིས་པ་ད་ལྟ་མཇལ་རྒྱུ་འདུག  

ཏུན་ཧོང་ནས་ཐོན་པའིpel.ti0845སྒྲ་སྦྱོར་བམ་གཉིས་ལྟ་བུ་ཡིན་ན། ལྡེབ་གྲངས་སུ་ཨང་གྲངས་མ་བཀོད་པར་ཐད་ཀར་ཀ་མད་ཀྱིས་ཨང་གྲངས་ཀྱི་ཚབ་བྱས་ནས་བྲིས་འདུག་ལ་ད་དུང་དུས་རབས12པའི་ནང་དུ་བྱོན་པའི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ་ཞེས་པ་བྲིས་མ་ཆེས་རྙིང་པ་ལྡེབ་གྲངས་ལྔ་ཅན་ཞིག་འདུག་དེའི་ལྡེབ་གྲངས་ཀྱང་ཨང་ཀི་མ་བཀོད་པར་ཐད་ཀར་ཀ་མད་ཀྱིས་ཚབ་བྱས་པ་ཞིག་འདུག  

*དུས་རབས12ནས་འགོ་འཚུགས་ཏེ་གནའ་དཔེའི་ལྡེབ་གྲངས་བརྒྱ་ལས་འགལ་བ་ཡིན་ན། བརྒྱ་གྲངས་མཚོན་ཆེད་དུ་དམིགས་བསལ་རྟགས་བེད་སྤྱོད་གཏོང་བའི་སྲོལ་དེ་བྱུང་བར་མངོན། དཔེར་ན་འོན་ཀེ་རུ་དང་རྭ་ལུང་དགོན། མངའ་རིས་ཀྱི་དུང་དཀར་ཕྱི་དབང་། རྒྱ་མ་ཁྲི་སྒང་དུ་བཞུགས་པའི་ཤེར་ཕྱིན་གྱི་ལྡེབ་གྲངས་ཀྱི་བརྒྱ་གནས་སུ་རྟགས་འདི※དང་འདིས﹡མཚོན་པར་བྱས་ཡོད། ད་དུང་བོད་ཡིག་གནའ་དཔེ་བྲིས་མ་འགའ་ཞིག་གི་ལྡེབ་གྲངས་སུ་སམ་བོད་གཉིས་ཀྱིས་ཐོག་ནས་མཚོན་པར་བྱས་པའི་དཔེ་རྙིང་སྟོད་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དང་ཕོ་བྲང་ཕོ་ཏ་ལ་སོགས་སུ་བཞུགས་འདུག  ལྡེབ་གྲངས་སམ་བོད་བཀོད་པའི་གནའ་དཔེ་དེ་དག་ནི་ལེགས་སྦྱར་གྱི་ཐོག་ནས་བྲིས་པའི་གཞུང་ཡིན་པའི་ཐོག  བོད་ཡིག་གིས་བསྒྱུར་མཆན་བཏབ་པའི་གཞུང་ཤ་སྟག་ཏུ་འདུག  གནའ་དཔེ་དེ་རིགས་ནི་འཛམ་གླིང་ན་མཐོང་དཀོན་པའི་ཤིང་ཏ་ལའི་ལོ་མ་དང་གྲོ་ག་ཤིང་ཤུན་ཐོག་བྲིས་པའི་རྒྱ་གཞུང་མ་དཔེ་ཡིན་པས་ལེགས་སྦྱར་གྱི་ལྡེབ་གྲངས་གསལ་བ་དང་མ་ཡིག་ལེགས་སྦྱར་ལས་བོད་ཀྱི་ལོ་ཙཱ་བ་སྐུ་དྲིན་ཅན་དག་གིས་བོད་ཡིག་ཏུ་བསྒྱུར་བའི་རྐྱེན་གྱིས་བོད་ཡིག་གི་ལྡེབ་གྲངས་ཐོན་པ་ཞིག་ཡིན། 

སྤྱི་ལོ1280ནས་བཟུང་བོད་ཡིག་གནའ་དཔེ་འགའ་ཞིག་གི་ལྡེབ་གྲངས་བོད་རྒྱ་ཟུང་དུ་འབྲེལ་ནས་བཀོད་པའི་སྲོལ་དེ་བྱུང་ཡོད་པ་སྟེ། དཔེར་ན་བོད་ཡིག་གྲངས་བརྒྱ་ལ་རྒྱ་ཡིག་གི་སྟེང་དགུ་བཅུ་གོ་དགུ་དང་སྨད་བརྒྱ་ཞེས་བྲིས་འདུག  བོད་ཡིག་ལྡེབ་གྲངས་དེ་ལྡེབ་གྲངས་ཀྱི་ཉིན་སྲིབ་གཅིག་ཏུ་སྡེབས་ནས་ལྡེབ་གྲངས་གཅིག་དང་རྒྱ་ཡིག་གི་ཤོག་གྲངས་དེ་ཉིན་སྲིབ་སོ་སོར་བཀོད་འདུག སྡེབ་གྲངས་དེ་རིགས་ཐོན་པའི་བྲིས་མ་དང་དཔར་མ་གང་ཞིག་ཡིན་རུང་། གནའ་དཔེ་དེ་རིགས་ནི་དུས་རབས་མི་འདྲ་བའི་ནང་དུ་རྒྱ་ནག་ཏུ་འབྲི་བཞེངས་གནང་བ་ཞིག་ཡིན་པར་ཐག་བཅད་ཆོག  གང་ཡིན་ཟེར་ན། དུས་རབས13པ་ནས་བཟུང་བོད་ཀྱི་གནའ་དཔེ་མང་པོ་ཞིག་ཏཱ་དབེན་ཏི་ཤྲཱི་རིམ་བྱོན་གྱིས་བསམ་པའི་སྐུལ་སློང་འོག རྒྱ་ནག་གོང་མ་རྣམས་ཀྱིས་སྦྱིན་བདག་གནང་སྟེ་བཞེངས་པའི་གནའ་དཔེ་ཞིག་ཡིན། གནའ་དཔེ་དེ་དག་གི་སྟེང་དུ་ལྡེབ་གྲངས་བོད་རྒྱ་ཟུང་དུ་བཀོད་དགོས་དོན་ནི། དུས་རབས13པའི་རྒྱ་ནག་གི་དཔར་མ་བྲིས་མ་འགྲེལ་ཆེན་དྲི་མེད་འོད་ཀྱི་བསྡུས་དོན་གྱི་མཛད་བྱང་དུ། བོད་ཀྱི་ཡི་གེ་པ་ཡིས་ཡིག་གེར་བཀོད།། རྒྱ་ནག་བཟོ་བོའི་ཚོགས་ཀྱི་པར་དུ་བརྐོས།། པར་ལས་བརྒྱ་ཕྲག་དུ་མར་རབ་བཞེངས་ཏེ།། ཕྱོགས་བཅུར་ཆོས་ཀྱི་སྦྱིན་པ་བཏང་བ་ལགས། ཞེས་དཔར་བྱང་དུ་འཁོད་པ་ལ་གཞིགས་ན། རྒྱ་ནག་གི་དཔར་པ་རྣམས་ཀྱིས་བོད་ཡིག་ཡག་པོ་མ་ཤེས་པའམ་ཐ་ན་རྩ་བ་ནས་མ་ཤེས་པའི་རྐྱེན་གྱིས་བོད་ཡིག་གནའ་དཔེ་རྣམས་ཡིག་གཟུགས་ཁོ་ནར་བཅོལ་ནས་དཔར་ལ་བཏབ་དགོས་ཀྱི་ཡོད་ཅིང་། དེའི་ནང་དོན་གོང་འོག་མ་འཁྲུག་པའི་སླད་དུ་དཔར་པ་རྣམས་ཀྱིས་རྒྱ་ཡིག་གི་ཤོག་གྲངས་ལ་གཞི་བཅོལ་ཏེ་དཔར་དུ་བཏབ་པ་དེ་ཤེས། དེར་བརྟེན་རྒྱ་ནག་ཏུ་བཞེངས་པའི་གནའ་དཔེ་དག་ལ་ལྡེབ་གྲངས་བོད་རྒྱ་འགོད་པའི་རྒྱུ་མཚན་དེའང་ཞོར་དུ་ཤེས། ད་དུང་གསལ་བཤད་ཞུ་དགོས་པ་ཞིག་ལ་རྒྱ་ནག་དུ་དཔར་ལ་བཏབ་པའི་བོད་ཡིག་གནའ་དཔེ་འགའ་ཞིག་གི་ལྡེབ་གྲངས་སུ་བོད་རྒྱའི་གྲངས་ཟུང་དུ་བཀོད་པ་མ་ཟད། རྒྱ་ཡིག་གི་ཤོག་གྲངས་མདུན་དུ་གནའ་དཔེ་དེའི་པོད་གྲངས་བོད་ཡིག་ཀ་མད་ཕུད་རྒྱ་ཡིག་གི་གི་རིམ་ལའང་བཅོལ་ནས་ཡོད་པ་སྟེ། དཔེར་ནས་པཎ་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལྟ་བུ་ཡིན་ན། གནའ་དཔེ་་དེའི་སྟེང་དུ་ལྡེབ་གྲངས་བོད་རྒྱ་ཟུང་དུ་བཀོད་པ་ནི་གོང་དང་མཚུངས། ད་དུང་བོད་ཡིག་གི་པོད་གྲངས་དེ་བོད་ཡིག་ཧ་ཡིག་དང་རྒྱ་ཡིག་པོད་གྲངས་དེ་ཡོན་ཞེས་པས་ཟིན་ཡོད་པ་སྟེ། “元上二、元下三”ཞེས་དང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་ཡོད་ཡིག་པོད་གྲངས་དེ་བོད་ཡིག་ཀ་དང་རྒྱ་ཡིག་པོད་གྲངས་དེ་རྒྱ་ཡིག་ཏི་བཀོད་ཡོད་པ་སྟེ། “地上二、地下三”ཞེས་རྒྱ་ཡིག་གི་ཏི་དང་ཚད་མ་རྣམ་ངེས་ཀྱི་བོད་ཡིག་པོད་གྲངས་དེ་བོད་ཡིག་ཀ་དང་རྒྱ་ཡིག་པོད་གྲངས་དེ་ཐན་ཞེས་པ་སྟེ “天上二、天下三”ཞེས་པ་དང་དེ་མིན་ད་དུང་རྒྱ་ཡིག་པོད་གྲངས“月上二、月下三”དང་“日上二、日下三”ཞེས་པ་སོགས་བྲིས་འདུག ཤོག་གྲངས་དེ་དག་གི་མདུན་དུ་བྱོན་པའི་རྒྱ་ཡིག་བོད་གྲངས“日月,天地” ཞེས་པའི་རྒྱ་ཡིག་དེ་དག་ནི་རྒྱ་ནག་གི་གནའ་དཔེའི་པོད་གྲངས་ཀྱི་གོ་རིམ་བཅོལ་བའི་ཐབས་ཤེས་ཤིག་ཡིན། གང་ཡིན་ཟེར་ན། རྒྱ་ནག་གི་གནའ་དཔེའི་གོ་རིམ་དེ་ནི་རྒྱ་ཡིག་གི་བྱིས་པ་བདེ་བླག་ཏུ་འཇུག་པའི་ཡི་གེ་སྟོང་གཅིག་མ《千字文》ཞེས་པ་དེར་བཅོལ་ནས་དཔར་བཏབ་པའི་སྲོལ་དེ་ནི་ཐང་གི་དུས་རབས་ནས་མགོ་འཚུགས་ཟིན་པ་ཏུན་ཧོང་གི་ཡིག་རྙིང་དག་ལས་ཤེས། དེས་ན་བོད་དཔེ་རྒྱ་ནག་དུ་དཔར་ལ་བཏབ་པ་དེ་དག་གི་ལྡེབ་གྲངས་བོད་རྒྱ་ཤན་བཀོད་དགོས་པ་དེའང་རྟོགས། 

སྤྱི་ལོ1407ལོའི་ལ་སྟོད་ཤེལ་དཀར་གྱི་དཔར་མ་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དེའི་ལྡེབ་གྲངས་ནི་ཉིན་ངོར་བོད་ཡིག་ཡིག་ཆེན་དང་སྲིབ་ངོར་བོད་ཨང་བཀོད་འདུག དུས་རབས16པར་མངའ་རིས་གུང་ཐང་དུ་དཔར་ལ་བཏབ་པའི་ཐེག་མཆོག་མཛོད་དང་མི་ལ་རས་པའི་རྣམ་མགུར། མ་ཎི་བཀའ་འབུམ་གྱི་ལྡེབ་གྲངས་བརྒྱའི་མཚོན་ཆེད་དུ་དམིགས་བསལ་རྟགསⅩའདི་བཀོད་འདུག  དུས་རབས15ནས་འགོ་བརྩམས་ཏེ་དེབ་ལྟེབས་མགོ་མ་དེ་དར་ཁྱབ་ཤུགས་ཆེན་པོ་བྱུང་འདུག  དེབ་ལྟེབས་མགོ་མ་དེ་ནི་གཙོ་བོ་རྒྱུན་སྤྱོད་ཆེ་བ་དང་གཞུང་སའི་ནང་མཛོད་དུ་བཞུགས་པའི་རྩིས་ཐོ་སོགས་ལ་བེད་སྤྱོད་པའི་དཔེ་གཟུགས་ཤིག་ཡིན། དཔེ་དེའི་ལྡེབ་གྲངས་སུ་བོད་ཡིག་གི་ལྡེབ་གྲངས་བཀོད་པ་དང་ལྷན་ཅིག་དེའི་སྟེང་དུ་ཐམ་ག་བསྣན་པའི་ལུགས་སྲོལ་དེ་འདུག  ལྡེབ་གྲངས་ཐམ་གས་བསྣན་པའི་དེབ་ལྟེབས་མགོ་མ་དེ་རིགས་ནི་གཙོ་བོ་བོད་ས་གནས་སྲིད་གཞུང་གི་གཙིགས་ཆེ་བའི་ཡིག་རིགས་ཀྱི་དཀར་ཆག་དང་ནང་མཛོད་དུ་བཞུགས་པའི་གསེར་དངུལ་སོགས་ཀྱི་ཐོ་བཀོད་སོགས་ཡིན།

4 ཡིག་མགོ་དང་ཤད་ལས་བརྟག་པ།

བོད་ཡིག་གནའ་དཔེ་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་དཔེ་རྙིང་ལ་ལད་མོ་བགྱིས་ཏེ་བོད་ལ་དར་བ་ཞིག་ཡིན་གཤིས།  བོད་ཡིག་གནའ་དཔེ་བྲིས་མ་དེ་དག་གི་ཡིག་མགོ་ཡང་ཐོག་མར་རྒྱ་གར་གྱི་གནའ་དཔེ་དག་ལས་བྱུང་བ་ཞིག་ཡིན་པ་ནི་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས་པ་སྟེ། ཡིག་མགོའི་ཏིང་ཀྱོག་འདི་ཡང་ཨོཾ་ཡིག་ཏུ་ཤེས་ལ། རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་པོར་ཨོཾ་ཞིག་བྲིས་འདུག་ཅིང་། སྔོན་དང་ད་ལྟའི་བར་གྱི་རྒྱ་ཡིག་ལ་ཨོཾ་གྱི་གཟུགས་འུཾ་འདི་འདྲ་ཡིན་ཞིང་། དེ་ལས་ཀྱང་ཨོཾ་རིང་པོ་ནི་ཇི་སྐད་དུ་ཀུན་མཁྱེན་བླ་མས། ཨོམ་རིང་དོངས་ཀུན་རང་བཞིན་ཆ་མེད་རྟག  གསུངས་པ་ལྟར་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩིས་གཤིས། ཡིག་མགོ་སོགས་ན་ཨོཾ་རིང་པོ་འདི་རྟག་ཏུ་སོང་། ཨོམ་རིང་གི་གཟུགས་རྒྱ་ཡིག་ལ་འདི་ཡིན་ཞིང་། དཔེ་རྙིང་འགའ་ལ་ཡིག་མགོའི་རིང་ཀྱོག་ཀྱང་། འདི་ལྟར་བྲིས་པ་མཐོང་བས་འདི་ཨོམ་ཡིག་གི་གཟུགས་འགྱུར་བ་ཡིན་ནོ། ཞེས་དང་རྒྱ་དཔེ་སྔོན་མ་རྣམས་ཀྱི་དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས་གཞན་ལྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བས་ཁ་ཐོར་ཚེ་ལྡེབ་ཀྱི་ཉིན་སྲིབ་གང་ཡིན་ཀྱང་མི་ཤེས། ཤོག་བུ་ལ་བྲིས་པའི་རྒྱ་དཔེ་རྣམས་ནི་ཤོག་བུའི་ཉིན་ལ་གུར་ཀུམ་གྱི་ཁ་བསྒྱུར་ཏེ་སེར་པོ་དང་སྲིབ་ཕྱོགས་རང་མདོག་བཞག་པ་ཤ་སྟག་ཏུ་སྣང་ཞེས་དང་བོད་ཡིག་གནའ་དཔེ་བྲིས་མའི་ཞིབ་འཇུག་ཅེས་པར་བོད་ཡིག་བྲིས་མའི་འགོར་བྱོན་པའི་ཡིག་མགོའམ་དང་ཁྱོག་དེ་སྔོན་རྒྱ་གར་གྱི་ཡིག་སྲོལ་འཛིན་པ་ཞིག་ཡིན། ས་པཎ་གྱིས་གླང་པོ་ཆེའི་སྣ་དང་རྒྱ་གར་ལྷོ་ཕྱོགས་པ་རྣམས་ཀྱིས་དུང་དཀར་གྱི་གཟུགས་ལྟ་བུ་སྣང་། དེ་མིན་ད་དུང་གུབ་ཏའི(悉昙)ཡི་གེར་ལས་མཆེད། ཅེས་གསུངས་པ་ལས་བོད་ཡིག་གི་ཡིག་མགོའི་བྱུང་བ་ནི་རྒྱ་གར་དང་རིག་མགོའི་བྱེད་ནུས་གཙོ་བོ་ལྡེབ་གྲངས་ཐོག་མའི་མགོ་འཚུགས་ས། ལྡེབ་གྲངས་ཀྱི་ཉིན་སྲིབ་འབྱེད་པ་བཅས་ཡིན། ཡིག་མགོ་དེ་བོད་ལ་ཇི་ལྟར་བྱུང་བའི་སྐོར་ལ། ཅི་ཨར་ཅི་ཐེ(吉尔吉特)དང་ཁ་ཆེ། ལི་ཡུལ་སོགས་གྲོང་པ་ཁྱིམ་མཚེས་ཀྱི་ས་ཁུལ་ཁག་ནས་ཐོན་པའི་གནའ་དཔེ་དེ་དག་གི་སྟེང་དུ་ཡང་དང་འཁྱོད་དེ་བྲིས་འདུག  ང་ཚོས་ཞིབ་འཇུག་བྱས་ཟིན་པའི་གནའ་དཔེ་བྲིས་མ་དང་རྡོ་རིང་། ཅོང་གི་ཡི་གེ་ལས་གསལ་བཤད་ཐུབ་པ་སྟེ་ཉེ་འཁོར་གྲོང་པ་ཁྱིམ་མཚེས་ཁག་བར་གྱི་རིག་གནས་ལ་འབྲེལ་བ་ཧ་ཅང་དམ་པོ་ཡོད་པ་ཞིག་རེད། སྤྱི་ལོའི་དུས་རབས་6པ་ནས་འགོ་བཙུགས་ཏེ་ཡིག་མགོའམ་དང་ཀྱོག་དེ་རིགས་འདྲ་མིན་སྣ་ཚོགས་ཀྱི་རྣམ་པའི་ཐོག་ནས་འབྲི་སྲོལ་བྱུང་ཡོད། སྐབས་རེ་གནའ་བོའི་གུབ་ཏའི་ཡི་གེ(悉昙)དང་མཉམ་དུ་ཐོན་ཡོད། རྗེས་སུ་ཁུ་ཁྲ(库车)དང་ལི་ཡུལ་དུ་བྲམ་ཟེའི་ཡི་གེའི་བྲིས་པའི་གནའ་དཔེའི་ཁྲོད་དུའང་བྲིས་ཡོད། གནའ་དཔེ་འབྲི་བཞེངས་ཀྱི་དུས་སུ་བེད་སྤྱོད་པའི་ཡིག་མགོའམ་དང་ཀྱོག་དེ་ཅི་ཨར་ཅི་ཐཱ་གནའ་དཔེ་དཔེ་ལི་ཡུལ་བརྒྱུད་ནས་བོད་དུ་དར་བ་རེད་ཅེས་གསུངས། དེས་ན་སྔོན་དུས་རབས9པའི་ཡར་སྔོན་གྱི་གནའ་དཔེ་ཡིན་ན། དེ་དག་གི་ཡིག་མགོ་ནི་ཅུང་སྟབས་བདེ་པོ་ཞིག་བྲིས་པ་སྟེ་༄།།འདི་ལྟར་རོ། དེ་ནི་ཨོཾ་ཡིག་གི་གཟུགས་ཕྱེད་འགྱུར་བའི་ངང་ཚུལ་ལྟ་བུ་ཞིག་འདུག  དེ་རྗེས་དུས་རབས12-13ནང་གི་གནའ་དཔེའི་ཡིག་མགོ་ནི་སྔོན་གྱི་དེ་ལས་འབྲི་གཟུགས་དག་པ་དང་ཅུང་ཟད་མཛེས་ཆ་ལྡན་པ་ཞིག་ཆགས་པ་སྟེ། ༅༅།། འདི་ལྟར་ཡིན། དུས་རབས14པའི་རྗེས་ནས་དཔར་གྱི་རིག་པ་དེ་དར་བ་དང་སྦྲགས་ཡིག་མགོར་ཡང་དམིགས་བསལ་གྱི་འགྱུར་ལྡོག་བྱུང་མེད། དུས་རབས8-13བར་དུ་བྲིས་བཞེངས་གནང་བའི་གནས་དཔེ་དེ་དག་གི་ཤད་ནི་དུས་རབས14པས་ད་བར་གྱི་ཤད་རྒྱག་སྟངས་དང་མི་འདྲ་བ་ཡོད་པ་སྟེ། དུས་རབས13སྔོན་གྱི་བྲིས་མའི་ཤད་ནི་སུམ་རྟགས་གཞུང་གི་རྩ་ཚིགས་ལྟར་ན་ང་ཡིག་མ་གཏོགས་ཡིག་ཤད་བར་ཚེག་མེད་དེ་སོགས་ཞི་བ་ཏུ་འབད་ཅེས་པའི་གཞུང་ལུགས་ལ་བཀུར་བསྟི་མ་བགྱིས་པར་ཚིགས་ཀྱི་རྫོགས་མཚམས་ཚང་མར་ཚེགས་དང་ཤད་བརྒྱབ་ཡོད་པ་སྟེ།  རི་མཐོ་ས་གཙང་། སྤུ་རྒྱལ་བོད་ཀྱི་ཡུལ། ཞེས་པ་དང་དུས་རབས12པའི་ནང་བཞེངས་པའི་རྒྱ་ནག་གི་དཔར་མ་ས་པཎ་གྱི་ཚད་མ་རིགས་གཏེར་ལྟ་བུར་ཡང་བྲིས་ནས་འདུག  དེ་ལ་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། ཤད་ཐམས་ཅད་ཀྱི་གོང་དུ་ང་ཡིག་བཞིན་ཚེག་ཡོད་པ་དཔེར་ན། བདག་ནི་། བསམ་། འདི་ལྟ་བུའོ་ཞེས་གསུངས་པས་ངེས་ཤེས་རྙེད། དེས་ན་རང་རེ་རྣམས་ཀྱི་གཏེར་ཚགས་ཞེས་བརྗོད་པ༔འདི་ཡང་སྔོན་གྱི་དུས་རབས12པའི་གནའ་དཔེ་དག་ལ་བྲིས་ཡོད་པ་མཇལ་རྒྱུ་འདུག  ལྷག་དོན་དུ་དུས་རབས12པའི་བྲིས་མ་དབས་བཞེད་དང་དཀར་ཆག་འཕང་ཐང་མ་སོགས་ཀྱི་ནང་དུ། དབའ་ཡཻས་དབང་པོ་དང་། འབའ་སང་ཤིང4ས་དཀོན་མཆོག་༣གྱི་རྟེན་བཙུགས:ཡཻས་དབང་པོ་ཚེ་འདས་ཀར་མི་མ་ཡིན་པ་དག་གིས་བསུ་ཞིང:དྲི་ཞིམ་པོ་དང:ཞེས་དང་ད་དུང་དུས་རབས12པའི་ནང་གི་གནའ་དཔེ་བྲིས་མ་དབུས་གཙང་སྡེ་པ་འགྱེད་པའི་མདོའི་ནང་དུ། ངས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ཏེ:མཁན་པོ་ན་རེ་དེར་བས་གསུང་བའི་ཕྱིར་རོ:ཞེས་ཟེར་བས་དེར་བས་ཀྱི་བསྙེན་རྫོགས་སུ་གྲགས:དེས་རྟ་ནག་ཕུའི་བྱ་ཚང་བཟུང:དེ་ནས་ཤངས་ཀྱི་བྱེ་ཕུག་བཟུང:བྱ་ཚང་ནས་མཆེད་པ་ལ་འཛད་ཀྱི་གནས་བརྒྱད་བྱུང:དེ་མཚོ་ལ་མཆེད་པ་རྣམས་ལ་གཙང་གི་འབྲེ་ཚོ་ཟེར་བ་ཡིན།  ཞེས་པ་སོགས་སྔོན་གྱི་དབུ་ཅན་གྱི་གཏེར་ཚགས་དེ་དབུ་མེད་ཐོག་ཏུ་འགྱུར་ནས:འདི་ལྟར་སྣང་། དུས་རབས13པའི་རྗེས་ནས་ཧ་ལམ་མཐོང་རྒྱུ་མེད་འདུག དེའི་སྐོར་ལ་དགེ་འདུན་ཆོས་འཕེལ་གྱིས་ཡིག་རྙིང་ཕལ་ཆེར་ལ་ཚེགས་སྟེང་འོག་གཉིས་རེ་རེའི་བར་ན་གང:དུ:སོང:·ཡང:སོགས་འདིར་འདུག་ལ་ཚེགས་སྟེང་འོག་གཉིས་མཉམ་དུ་བསྲེས་པ་ལས་དབུ་མེད་ཀྱི་ཚེག་རིང་པོ་གང་དུ་སོང་ཡང་སོགས་འདི་བྱུང་ལྟ་བུ་བྱུང་བར་ཤོས་སོ།། ཞེས་པ་གཏེར་ཚགས་ཀྱི་འགྱུར་བ་དེ་ཤེས། ད་དུང་དུས་རབས15སྐབས་ཀྱི་རྒྱ་ནག་ཏུ་དཔར་བཏབ་པའི་བོད་ཡིག་གནའ་དཔེ་འགའ་རེའི་གཉིས་བཤད་ཀྱི་ཚོད་དུ་རྒྱ་ནག་རང་གིས་རིག་གནས་ཀྱི་ཤན་བཞུགས་པའི་ངང་ཚུལ་མངོན་གསལ་དོད་པོ་ཡོད་པ་སྟེ། ༄༅། ཏ་མིང་རྒྱལ་པོས་མཛད་པའི་འགྱུར་བྱང་ནི;༈ངེད་ཀྱི་བསམ་པ་ལ;གནམ་ས་གཉིས་ཀྱི་བར་དུ་གནས་པའི;དངོས་པོ་སྣ་ཚོགས་རང་སོས་སྐྱེ་ཞིང་འཕེལ་བ;གནམ་ས་གཉིས་ཀྱི་བར་དུ་གནས་པའི;།།ཞེས་སོགས་ཤད་ཀྱི་རྒྱག་སྟངས་རིགས་མི་འདྲ་བ་བྱུང་བ་ལས་གནའ་དཔེའི་དཔར་གཞི་དང་དུས་རབས་གཏན་ལ་འབེབ་ཐུབ།

5 དབུ་ཞབས་ལྷ་སྐུ་ལས་བརྟག་པ།

དེ་ཡང་གནའ་དཔེའི་དབུ་ཞབས་ལྷ་སྐུ་ལས་གནའ་དཔེ་བརྟག་ཐུབ་པ་སྟེ་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་པར་དགའ་ལྡན་དཔར་རྙིང་དུ་གྲགས་པ་དེའི་དབུ་ཞབས་ལྷ་སྐུ་ནི་དབུ་དང་སྐུ་གཟུགས་ཆ་སྙོམས་ཤིང་། སྐུ་གཟུགས་ཀྱི་དཔུང་ཞེང་ཆེ་ལ་སྐུ་སྐེད་ཕྲ་བ་ཞལ་རས་ཀྱང་དེ་ཙམ་ལེགས་པོ་མེད་པ་ཞིག་ཡོད་ཅེས་གསུངས་པ་ལས་དགའ་ལྡན་དཔར་རྙིང་གི་དབུ་ཞབས་ལྷ་སྐུའི་ཁྱད་ཆོས་ཤེས། དེས་ན་བསྟན་པ་སྔ་དར་སྔོན་གྱི་གནའ་དཔེ་བྲིས་མ་མང་ཆེ་ཤོས་ཤིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེར་ཕྱིན་ཡུམ་དེ་ཡིན།  ཤེར་ཕྱིན་གྱི་དབུ་ཞབས་ལྷ་སྐུ་ལས་བརྗོད་ན་དེའི་སྟེང་དུ་ཤེར་ཕྱིན་ཡུམ་བྲིས་ཡོད་སྙམ། རྒྱ་མཚོ་གྲོ་མཁར་ཆོས་སྡེ་ཆབ་མདོ་ས་ཁུལ། དཔལ་ལྡན་འབྲས་སྤུངས་དགོན་དུ་བཞུགས་པའི་ཤེར་ཕྱིན་དུས་རབས8-9པའི་ཡིན་ངེས་པའི་གནའ་དཔེ་དེ་དག་གི་སྟེང་དུ་དབུ་ཞབས་ཀྱི་ལྷ་སྐུ་ཡོད་པ་མཇལ་ཡུལ་དུ་མ་གྱུར་ཀྱང་། དབུ་ཞབས་ཀྱི་ལྷ་སྐུ་འབྲི་བའི་སྲོལ་དེ་ནི་དུས་རབས8པའི་སྐབས་ནས་བྱུང་ཟིན་པ་སྔོན་གྱི་དབུ་ཞབས་ལྷ་སྐུའི་སྐོར་གྱི་ལེའུ་དེབ་བཤད་ཟིན་པས་དེས་འཐུས་སོ། གལ་ཏེ་ཤེར་ཕྱིན་ཡུམ་དེ་དག་གི་སྟེང་དུ་ཤེར་ཕྱིན་ཡུམ་ཕུད་པའི་སྦྱིན་བདག་བཙན་པོ་ཁག་གི་སྐུ་བརྙན་བཞུགས་ཡོད་ན། བྱ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་ཆོས་ལི་ཐོག་མ(སྲོང་བཙན་སྒམ་པོ)ནི་ཆོས་རྒྱལ་སྐུ་ལ་ལ་ཐོད་དང་ན་བཟའ་བེར་ཕྱག་སོར་བཟོང་རིས་ཅན། ཆོས་ལི་བར་པ(ཁྲི་སྲོང་ལྡེ་བཙན)ནི་ཆོས་རྒྱལ་སྐུ་ལ་ལ་ཐོད་མེད་པ་ལ། དབུ་སྐྲ་ལན་བུ་གཡས་གཡོན་གཉིས་སུ་འཕྱངས། ཆོས་ལི་ཕྱི་མ(ཁྲི་རལ་པ་ཅན)ནི་པད་སྟེངས་དབུས་སུ་རྒྱལ་པོའི་མཙན་གྱི་བརྒྱན། འདི་ནི་རྒྱལ་པོའི་ཐུགས་དམ་དུ་བཞེངས་ནས། གཟུངས་བཞུགས་རབ་གནས་ཕུན་སུམ་ཚོགས་པར་གྲགས།  ཞེས་གསུངས་པ་ལྟར་ན་དབུ་ཞབས་སུ་བཙན་པོའི་སྐུ་བརྙན་བཞུགས་ཡོད་ན་ཁྱད་ཆོས་འདི་ལས་མ་འདས་སོ། 

དུས་རབས11པར་ཕྱག་བཏབ་པའི་མཉེས་ཐང་སྒྲོལ་མ་ལྷ་ཁང་དུ་བཞུགས་པའི་ཤེར་ཕྱིན་པོད་ང་པ་དེའི་བམ་པོ་རེ་རེའི་རྫོགས་མཚམས་སུ་ཤེར་ཕྱིན་ཡུམ་རེ་བྲིས་ནས་སྣང་། ཤེར་ཕྱིན་ཡུམ་དེའི་བྲིས་གཟུགས་བྱོན་ལེགས་པོ་རང་མེད་རུང་དེའི་ཕྱག་མཚན་དེ་དུ་ས་རབས11པར་བཞེངས་པའི་མངའ་རིས་ཁུལ་ནས་བྱུང་བའི་ཤེར་ཕྱིན་ཡུམ་དང་། བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ཤེར་ཕྱིན་རྒྱ་དཔེ་དུས་རབས14-15པར་འབྲི་བཞེངས་གནང་བ་དེའི་གླེགས་ཤིང་ངོས་ཀྱི་ཤེར་ཕྱིན་ཡུམ། ཕོ་བྲང་པོ་ཏ་ལར་བཞུགས་པའི་ཤེར་ཕྱིན་གྱི་གླེགས་ཤིང་ལྷ་མགྲོན་གྱིས་བརྒྱན་པའི་ཤེར་ཕྱིན་ཡུམ་བཅས་དང་བསྡུར་ཚེ། སྙེ་ཐང་གི་ཤེར་ཕྱིན་འབུམ་ཤོག་མོ་ཆེ་དེའི་ཡུམ་གྱི་ཕྱག་གཡས་པར་ཤེར་ཕྱིན་པོད་དང་ཕྱག་གཡོན་མང་རྡོ་རྗེ་འཆང་བ་ཞིག་ཡིན།  དེས་ན་ཤེར་ཕྱིན་ཤོག་མོ་ཆེ་དེའི་ཡིག་གཟུགས་དང་ཡིག་ཕྲེང13ཅན། གི་གུ་ལོག་པ། ད་དྲག་ཅན་དང་སྡེ་པ་གཅིག་གི་གསལ་བྱེད་ཕན་ཚུན་བརྗེ་རེས། སྒོར་ཐིག་ལ་མིག་ཕུ་ཕུག་ཡོད་པ། ལེགས་སྦྱར་གཟུགས་འགྱུར་ཤ་ར་དྭ་ཏྀའི་བུ་ཞེས་བྲིས་པ་བཅས་ལ་བལྟས་ན། ཤེར་ཕྱིན་ཤོག་མོ་ཆེ་དུས་རབས11-12པའི་གནའ་དཔེ་ཞིག་ཡིན་པ་ངོས་འཛིན་བྱས་ཆོག  དེའི་རྒྱུ་མཚན་གྱིས་དུས་རབས11-12པའི་ནང་བཞེངས་པའི་ཤེར་ཕྱིན་ཡུམ་གྱི་ཕྱག་མཚན་དང་དུས་ཕྱིས་བཞེངས་པའི་ཤེར་ཕྱིན་ཡུམ་གྱི་ཕྱག་མཚན་བསྣམས་སྟངས་མི་འདྲ་བའི་ཁྱད་ཆོས་ཤིག་མིན་ནམ་སྙམ། དུས་རབས14པའི་ནང་དུ་བཞེངས་པའི་ཤེར་ཕྱིན་པོད་ག་པ་ཞ་ལུ་མགོན་དུ་བཞུགས་པ་དེའི་དབུ་ཞབས་ལྷ་སྐུ་ནི་བལ་ལུགས་ཀྱི་ནི་སྒྱུ་རྩལ་ལྡན་པའི་རི་མོ་ཞིག་འདུག  འོན་ཀེ་རུ་ལྷ་ཁང་དུ་བཞུགས་པའི་དུས་རབས12པར་བཞེངས་པའི་ཤེར་ཕྱིན་དེའི་དབུ་ཞབས་ལྷ་སྐུ་ནི་ད་ལྟའི་སྐུ་བརྙན་ཇི་བཞིན་ལྷ་མགྲོན་གྱིས་བརྒྱན་མེད་པར་ཧ་ཅང་སྟབས་བདེ་ཞིག་སྣང་། དེ་ཕུད་པའི་ད་དུང་རབ་བྱུང་བའི་བཅུ་དྲུག་གི་ལྷ་སའི་དཔར་མ་མདོ་བསྐལ་བཟང་ཡིན་ཚེ་གནའ་དཔེའི་དབུ་ཞབས་ལྷ་སྐུར་སངས་རྒྱས་སྟོང་སྐུ་དང་རྒྱ་གར་རྒྱན་དྲུག་མེོག་གཉིས། དེ་རྗེས་བོད་རྗེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་སོ་སོའི་སྲོལ་འབྱེད་སྲོལ་འབྱེད་སློབ་དཔོན་འབྲི་བརྐོས་གནང་འདུག  དུས་རབས13པར་རྒྱ་ནག་ཏུ་བཞེངས་པའི་བྲིས་མ་དང་དཔར་མ་དག་གི་དབུ་ཞབས་ལྷ་སྐུ་ནི་རྒྱ་ནག་གིས་ཤན་སྦྱར་རམ་བོད་སོག་ཤན་བཞུགས་པའི་སྐུ་བརྙན་འབྲི་བརྐོས་བྱས་འདུག་ལ་སྐུ་བརྙན་གྱི་མཚན་བྱང་ཡང་བོད་རྒྱ་ཤན་སྦྱར་རམ་བོད་སོག་ཤན་སྦྱར་ཡོད་པ་སྟེ། ཡོན་གྱི་དཔར་མ་ཏི་ཤྲཱི་གཉིས་པའི་སྐབས་སུ་དཔར་པོད500བཏབ་པའི་ཚད་མ་རྣམ་འགྲེལ་དེར་དབུ་ཞབས་ལྷ་སྐུས་བརྒྱན་ཡོད། དབུ་ཤོག་གྱི་གཡས་སུ་སྟོན་པའི་སྐུ་བརྙན་བརྐོས་ནས་འདུག་སྐུ་བརྙན་དེ་དག་གི་མཚན་བྱང་ནི་སོག་ཡིག་དང་བོད་ཡིག་ཤན་སྦྱར་མར་འདུག  དེར་བརྟེན་ང་ཚོས་གནའ་དཔེ་དེ་དག་གི་སྟེང་དུ་བྲིས་པའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་སྟེ། དུས་རབས16པའི་ཡར་སྔོན་དུ་བྲིས་བཞེངས་གནང་བའི་མངའ་རིས་ཁུལ་དུ་བཞུགས་པའི་གནའ་དཔེའི་དབུ་ཞབས་ལྷ་སྐུར་གུ་གེའི་སྒྱུ་རྩལ་གྱི་ཉམས་དང་། དཔལ་ཞ་ལི་དགོན་གྱི་དབུ་ཞབས་ལྷ་སྐུར་བལ་བོལ་བོད་ཀྱི་ཉམས་དང་། དུས་རབས16པའི་རྗེས་ནས་གཙང་ཁུག་དུ་བཞེངས་པའི་གནའ་དཔེར་སྨན་ཐང་པའི་སྒྱུ་རྩལ་དང་ལྷོ་ཁ་གོང་དཀར་དུ་བཞེངས་པའི་གནའ་དཔེར་མཁྱེན་ལུགས་ཀྱི་ཉམས་དང་། རྩེད་ཐང་ངམ་ཡར་ཀླུང་རྒྱུད་དུ་བཞེངས་པའི་གནའ་དཔེའི་དབུ་ཞབས་ལྷ་སྐུར་བྱིའུ་སྒང་པའི་ལུགས།  ཆབ་མདོ་ཁུལ་དུ་བཞུགས་པའི་གནའ་དཔེར་ཀརྨ་སྒར་བྲིས་ཀྱི་ཉམས་བཞུགས་ཡོད་པ་སོགས་ཡིན། འོན་ཏེ་གནའ་དཔེའི་དབུ་ཞབས་ལས་གནའ་དཔེ་བརྟག་པ་དེ་ཡང་མཐའ་གཅིག་ཏུ་ཡང་དག་པ་ཞིག་མིན་པར་སེམས། གང་ཡིན་ཟེར་ན་གནའ་དཔེ་འགའ་ཞིག་འབྲི་བཞེངས་ཀྱི་དུས་ཚོད་ཧ་ཅང་སྔ་མོ་ཞིག་ཡིན་རུང་། གནའ་དཔེ་དེ་འབྲི་བཞེངས་ཀྱི་སྐབས་སུ་དབུ་ཞབས་ལྷ་སྐུ་འབྲི་མཁན་མ་འབྱོར་བའི་རྐྱེན་གྱིས་རྗེས་སུ་ཁ་སྐོང་བའང་འདུག  ད་ལྟ་ང་ཚོས་མཇལ་ཡུལ་དུ་མཆིས་པའི་རྒྱ་མ་ཁྲི་སྒང་གི་ཤེར་ཕྱིན་བྲིས་མ་འགའ་ཞིག་གི་ཕྱོགས་གཡས་གཡོན་དུ་ཐོག་མར་དབུ་ཞབས་ལྷ་སྐུ་འབྲི་རྒྱུའི་འཆར་གཞི་ཡོད་མོད་རུང་། ལྷ་བྲིས་མ་འབྱོར་བའམ་ཡང་ན་གནས་ཚུལ་གང་ཞིག་གིས་རྐྱེན་པས་ཤེར་ཕྱིན་དེའི་གཡས་གཡོན་གྱི་དབུ་ཞབས་ལྷ་སྐུ་བཞུགས་དེ་སྟོང་པར་ལུས་པ་དང་ཡང་ན་གནའ་དཔེ་མང་པོ་ཞིག་གཞུང་དངོས་མ་ཡིན་རུང་དབུ་ཞབས་ལྷ་སྐུ་བཞུགས་ས་དེ་སྟོང་པར་ལུས་པ་དང་ཡང་ན་གནའ་དཔེ་མང་པོ་ཞིག་གཞུང་དངོས་བྲིས་མ་ཡིན་རུང་དབུ་ཞབས་ལྷ་སྐུ་དེ་དཔར་ཤིང་ལས་དཔར་བཏབ་པའི་རྒྱུ་མཚན་གྱིས་ཡིན་ནོ།།

6 སྣག་ཤོག་ལས་བརྟག་པ།

དུས་རབས་མི་འདྲ་བའི་དབམ་གིས་གནའ་དཔེའི་འབྲི་རྫས་ཀྱི་རྒྱ་སྤུས་ལ་རིགས་མི་འདྲ་བ་ཁ་ཤས་ཡོད་དེ་ཁྲམ་ཤིང་། ཏ་ལའི་ལོ་མ་དང་གྲོ་ག་ཤིང་ཤུན། སེམས་ཅན་གྱི་པགས་པ། རྒྱ་ཤོག  ཀོང་ཤོག  གན་ཤོག་སོགས་ཡོད། ཁྲམ་ཤིང་གི་སྟེང་དུ་ཡིག་ཚགས་འགོད་པའི་སྲོལ་དེ་ནི་དུས་རབས9པའི་སྔོན་གྱི་གནའ་དཔེ་ཞིག་ཡིན། གྲོ་ག་ཤིང་ཤུན་གྱི་སྟེང་དུ་བྲིས་པའི་གནའ་དཔེ་དུས་རབས12པའི་ཡར་སྔོན་གྱི་གནའ་དཔེ་ཡིན་པ་ད་ལྟའང་མངའ་རིས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་དཔེ་གཟུགས་སྣང་རིང་དང་ལྟེབས་མགོ་མ་ནང་དོན་རྡོ་རྗེ་གཅོད་པ་དང་ཤེར་ཕྱིན་སོགས་བྲིས་པ་མཇལ་རྒྱུ་འདུག  ཀོང་ཤོག་དང་ཁེང་ཤོག་ཡིན། རྒྱ་ཤོག་གི་སྟེང་དུ་བྲིས་པའི་བཀའ་འགྱུར་ནི་དཔལ་ཞ་ལུ་དགོན་གྱི་བསེ་སྒོ་མ་ན་བཞུགས་པའི་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་བཀའ་འགྱུར། གན་ཤོག་དང་མཐིང་ཤོག་སྟེང་དུ་བྲིས་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་དགོངས་རྫོགས་ལ་བཞེངས་པའི་བཀའ་འགྱུར་སོགས་ཡིན། མཐིང་ཤོག་གི་སྟེང་དུ་གནའ་དཔེ་འབྲི་བའི་སྲོལ་ནི་བཙན་པོའི་རྒྱལ་རབས་ད་ལྟ་དངོས་སུ་མཇལ་ཐུབ་པའི་གསེར་བྲིས་སྔ་ཤོས་དེ་ཡང་དུས་རབས15-16ནང་གི་ཡིན་འདུག་དུས་རབས8-9པའི་སྐབས་སུ་འབྲི་བཞེངས་བགྱིས་པའི་གནའ་དཔེ་དེ་དག་གི་ཤོག་རྒྱ་ནི་སྤྱིར་བཏང་བྱས་ན་ལི་རྨིད27དང་ལི་རྨིད70ཙམ་ཞིག་དང་ཡིག་ཕྲེང12ཅན། མཚལ་གྱི་སྒོར་ཐིག་ལ་ལི་རྨིད3.5-4.5ཅན་གྱི་རྣམ་པ་ཞིག་རེད་འདུག  དེ་མིན་སྣག་ཚ་རིགས་མི་འདྲ་བས་པའི་གནས་དཔེ་སྟེ། ཆོས་རྒྱལ་ཁྲི་སྲོང་ལྡེའི་བཙན་ཐེག་ཆེན་གྱི་ཆོས་ལ་གུས་དད་ཤིན་ཏུ་ཆེ་བས་ཉིད་ཀྱི་མཚལ་ཁྲག་དང་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་ཤེར་ཕྱིན་དུམ་བུ་བཞི་བྱུང་བ་ལ་རེག་ཟིན་དམར་པོར་གྲགས་པ་དེ་དང་མཚན་མཐུན་པ་མཁན་སློབ་ཆོས་གསུམ་གྱི་ཤངས་མཚལ་གྱིས་བཞེངས་པའི་འབུམ་དམར་སྤྲུལ་སྐུ་དྲི་མེད་ལྷན་པོས་གཏེར་ནས་སྤྱན་དྲངས་པ་ཞིག་ཀོང་པོ་བུ་ཆུ་ན་བཞུགས་ཟེར། བཙན་པོའི་དབུ་སྐྲ་དང་རམས་བསྲེས་པའི་རེག་ཟེག་སྔོན་པོ་དུམ་པ་བཞི་པ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་མ་ཡང་གྲགས་སོ།། ཞེས་བྱུང་བ་ལས་དུས་རབས་མི་འདྲ་བའི་བོད་ཡིག་གནའ་དཔེའི་སྣག་ཤོག་ཅི་འདྲ་ཞིག་ཡིན་པ་ཅུང་ཟད་ཅིག་རྟོགས་ཐུབ་མོད་ཀྱང་བྱ་པ་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་ལས་རྡོག་བསྒྲིལ་ཏེ་ཞུས་ན། གསུང་བརྟེན་ཧོར་ཤོག་འབོལ་མཉེན་ཁྲོ་བོ་གཉིས། དང་པོ་བླ་ཡི་ནག་ཤོག་ཅེས་སུ་གྲགས། ཕྱི་མ་ཧོར་གྱི་ཤོག་བུ་ཕྲལ་ས་སྟེ། རྒྱ་ནག་ཤོག་བུ་ཕལ་ཆེར་མཉེན་སོབ་མང་། གསེར་ལ་འཛམ་བུ་ཆུ་བོའི་གསེར་བཟང་པོ། ཚེ་རིང་བྱ་ཡིས་ཟོས་པའི་བྲུན་གྱི་གསེར། དཀར་སེར་ཁྲུག་པ་གསེར་གྱི་མཆོག་ཏུ་བཤད། མོན་ཤོག་ལ་སོགས་བརྟགས་པ་སླ་ཕྱིར་མཆོག  དེ་དག་ལས་གྲུབ་གསུང་རབས་ཚོགས་རྣམས་ཡིན། ཁྱད་པར་གོས་ཤོག་ཅེས་གྲགས་མཉེན་ཞིང་མཇལ། དམར་སྐྱ་མེ་ཏོག་བཟླུམ་བརྩེགས་རི་མོ་ཅན། བཻཌྰུརྱ་ཡི་ཁུན་མ་སྔོ་སྐྱ་བྲིས། བཻཌྰུརྱ་ཡིས་གླེགས་བམ་བཞེངས་པའོ། ཞེས་པས་ཀྱང་གསུང་རྟེན་བརྟགས་ཐུབ་བོ།།

7 སཾ་སྐྲྀཏ་གཟུགས་འགྱུར་ལས་བརྟག་པ།

དུས་རབས13ཡར་སྔོན་བོད་ཀྱི་ལོ་ཙཱ་བ་སྐུ་དྲིན་ཅན་རྣམས་ཀྱིས་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་བོད་སྐད་དུ་བསྒྱུར་བའི་དུས་སྐབས་ཤིག་ཡིན། འགྱུར་ཡིག་དེ་དག་གི་ནང་དུ་མ་ཡིག་གང་ཞིག་ཡིན་པ་དེ་དག་གི་ཤན་བཞུགས་པ་ནི་ཡིག་བསྒྱུར་རིག་པ་ལས་གསུངས་པ་བཞིན་ཡིག་བསྒྱུར་ནི་ཡིད་འཕངས་ཀྱི་གཞུང་ལུགས་ཤིག་ཡིན་ཞེས་པ་ལྟར་མི་རིགས་གཞན་གྱིས་ཤན་བཞུགས་པས་ཡིན། སྔོན་རྒྱ་གར་ནས་བསྒྱུར་བའི་གཞུང་ཞིག་ཡིན་ན་ཐོག་མར་དེ་བསྒྱུར་བའི་མ་ཡིག་དེ་དག་ལ་རྒྱ་ཡིག་འདྲི་སྟངས་གཅིག་འགྱུར་མེད་པ་དང་རྒྱ་སྐད་ཀྱིBuddhaཞེས་པའི་ཚིག་དེ་ཐོག་མར་སྒྲ་བསྒྱུར་གནང་བ་ནི་དཔེར་ན་དཔལ་ས་སྐྱ་དགོན་དུ་བཞུགས་པའི་ཤེར་ཕྱིན་བྲིས་མ་མཛད་བྱང་དུ། འབུ་ཐཱ་ཡ།p.t.849ན་མོ་འབུ་ཐ་ཡཱ། ཞེས་བྱུང་།P.T.123སྒྲ་སྦྱོར་བམ་གཉིས་ཀྱི་མདུན་དུ་ཡང་༅།།ན་མོ་བུད་དྷཱ་ཡ་ཞེས་དང་་ལྷག་དོན་དུ་དུས་རབས11པར་ལོ་ཆེན་རིན་བཟང་པོས་ཕྱག་བཏབ་པའི་འཁོར་ཆགས་དགོན་དུ་བཞུགས་པའི་འདུལ་བའི་སྐོར་གྱི་པོད་ཞིག་ཏུ། འབུདྡ་ཏ་མཉེས་པ་དང་། རད་ནའི་རྫས་འཕྲོག་པ་དང་། འབུ་ཏའི་འཁོར་རྣཾས་ཕྱོགས་དེ་སྤོང་བར་དམ་བཅསོ། དེ་ལ་འབུ་ཏས་གསུངས་པ། འབུ་ཏའི་རྒྱན་ཆན་གོན། འབུ་ཏའི་སློབ་མ་ཁྲིམས་དང་མི་ལྡན་ན། འདུ་ཏ་དང་ཐརད་པ་བས་མཐོ་རིས་ཐོབ་པ་ཡང་ག་ནས་འོང་། བྱང་སེམས་ལས་འབུ་ཏ་བྱུང་ལ། ཆོས་དང་ཆོས་འཛིནད་པ་ཐ་དད་མ་ཡིན་བསོ། ཆོས་སྤངས་དང་འབུ་ཏའི་རིགས་གཅོད་པར་ཞུགས་པས་སོ།། ཞེས་དང་ད་དུང་དཔེ་རྙིང་གཞན་ཞིག་ཏུ་དཔེ་དེ་བཞིན་དུ་དགེ་རྩ་ཅི་བྱེད་ཐམས་ཅད་འབུ་ཏར་བསྔོས་ན་འབུ་ཏར་གསུང་། ཆུ་བོ་ཉལ་ཉིལ་དེད་པ་བཞིན་དགེ་རྩ་འབུ་ཏར་བསྔོས་ན་སྡིག་ཐམས་ཅད་འདག་པ་ཡིན། དགེ་རྩ་འབུ་ཏར་བསྔོས་པས་འབུ་ཏ་མ་ཐོབ་པར་དུ་འཁོར་བའི་བདེ་བ་ཐམས་ཅད་དེ་ལས་ཡོང་གསུངས། དཔེ་དེ་བཞིན་དུ་དགེ་རྩ་བ་ཡང་རྫོགས་པའི་བྱང་ཆུབ་དུ་བསྔོས་ན་འབུ་ཏ་མ་ཐོབ་པར་དེ་ལ་ཟད་པ་མྱེད་དོ་ཞེས་གསུངས། འབུ་ཏ་ཐོབ་ན་ད་ག་ན་འཛད་གསུང་། སོགས་ལས་རྒྱ་སྐད་ཀྱིBuddhaཞེས་པ་དེ་བོད་ཡིག་སྒྲ་ཇི་མ་ཇི་བཞིན་འདོན་ཐབས་བྱས་ཏེ་དུས་རབས་མི་འདྲ་བའི་བྲིས་གཟུགས་མི་འདྲ་བ་སྟེ་འབུ་ཏ་དང་འབུ་ཐ། འབུདྡ་ཏ་དང་བདུ་དྷཱ་ཞེས་སོགས་བྱུང་། དེ་དག་ལ་མནོ་བསམ་བྱས་ཚེ་ཆེས་ཐོག་མར་འབུ་ཐ་དང་འབུ་ཐཱ་དང་དེ་རྗེས་འབུདྡ་ར་དང་བུད་ངྷཱ། དེ་ནས་ད་ལྟའི་བུ་ངྔྷ་ཞེས་པ་དེ་འབྲི་སྲོལ་བྱུང་བར་སྣང་། 

རྒྱ་ནག་གི་མཁས་པ་ཅིས་ཤན་ལིན(季羡林)གྱིས་ང་ཚོས་འཛམ་གླིང་ཐོག་གི་ཕྱི་ནས་གཡར་ཡོང་བའི་ཡིག་རིག་དེ་དག་ལ་ཉམས་ཞིབ་བྱས་ན་དེ་དག་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད། ལྷག་དོན་དུ་སྒྲ་བསྒྱུར་བྱས་པའི་ཡི་གེ་གཅིག་ཐོག་མར་གཞན་ནས་གཡར་ཡོང་བའི་སྐབས། ཆེས་མང་པོ་ཞིག་མའི་སྒྲ་གདངས་བཞིན་གནས་ཡོད་སྟབས་མི་རིགས་དེའི་ཕ་སྐད་མཉམ་དུ་འདྲེས་ཐབས་མེད་པ་ལྟ་བུ་སྣང་། དེར་སུས་བལྟས་ཀྱང་ཐད་ཀར་ཕྱི་ནས་གཡར་བའི་ཡི་གེ་ཞིག་ཡིན་པ་རྟོགས། དུས་ཀྱི་དབང་གིས་སྔོན་གྱི་རྣམ་པ་དེར་འགྱུར་ལྡོག་བྱུང་ནས་རིམ་བཞིན་རང་གི་ཕ་སྐད་དུ་འགྱུར་ཞེས་གསུངས་པ་ལས་འབུ་ཐཱ་ཞེས་པའི་ཚིག་དེ་སྒྲ་བསྒྱུར་ཡིན་པ་ཤེས། རྗེས་སུ་ནང་བསྟན་ལ་གོ་ལ་མཐིལ་ཕྱིན་པ་ཞིག་ཆགས་པའི་རྗེས་སུ་རྒྱ་སྐད་ཀྱི(Buddha)འབུ་ཐཱ་ཞེས་པ་དེ་བོད་ཡིག་གྱོ་དོན་སངས་རྒྱས་ཞེས་པའི་ཚིག་བྱུང་། དེ་དང་འདྲ་བ་རྒྱ་རིགས་ཀྱི་ནང་བསྟན་གཞུང་ནང་དུའང་མཐོང་རྒྱུ་ཡོད་པ་སྟེ། རྒྱ་སྐད་ཀྱིBuddhaཞེས་པར་རྒྱ་ནག་གི་ཡི་གེར浮屠དང佛ཞེས་བྱུང་ཡོད་པའི་སྐོར་ལ་ཅིས་ཤན་ལིན་གྱིས浮屠ཞེས་པའི་ཚིག་འདི་རྒྱ་གར་ནས་འགྱུར་བའི་རྗེས་སུ་ཆེས་ཉུང་ཤས་ཤིག་གིས་བེད་སྤྱད་པ་དང་རྗེས་སུ་ནུབ་ཁུལ་གྱིས་མཁས་པ་རྒྱ་ནག་ཏུ་སྒྲ་སྒྱུར་གནང་རབ་ཕེངས་པ་ནས་བཟུང་། 佛ཞེས་པའི་མིང་ཚིག་དེ་བྱུང་བ་རེད། རྗེས་སུ་འབུ་ཐཱ་ཞེས་པ་སངས་རྒྱས་ཞེས་པ་དེ་གོ་བ་བླངས་བདེ་བའི་དབང་གིས་སངས་རྒྱས་ཞེས་པའི་དེསBuddhaཞེས་ཚབ་བྱས་ཞེས་གསུངས། དེས་ན་བོད་ཡིག་གནའ་དཔེ་དུས་རབས13པའི་རྗེས་ཀྱི་གསུང་རབ་ཀྱི Buddhaཞེས་པར་སངས་རྒྱས་ཞེས་པས་ཡོངས་སུ་བསྒྱུར། དེ་མིན་ད་དུང་དཀར་ཆག་ལྡན་དཀར་མར་བྱུང་བ་ལྟར་དྷརྨ་ཞུ་ཆེན་བྱས། p.t849ན་མོ་དར་མ་ཡཱ། IOL Tib J270གནམ་བབས་ཀྱི་དར་མ་བམ་པོ་གཅིག་གོ་འོན་ཀེ་རུའི་ཤེར་ཕྱིན་གྱི་མཛད་བྱང་། ན་མོ་འདུ་ཐ་ཡཱ། ན་མོ་དྷརྨ་ཡཱ། ན་མོ་སངྒ་ཡཱ་ཞེས་པ་དང་། ད་དུང་དུས་རབས12པའི་གནའ་དཔེར་སྔོན་དང་འདྲ་བར་ཤཱ་རིའི་བུར་ཡང་འབྲི་གཟུགས་མི་འདྲ་བ་ཐོན་ཡོད་པ་སྟེ། ཤྭ་ར་དྭི་ཏའྀ་བུ་བདེན་པ་གཉིས་ལ་སེམས་ཅན་དམྱིགས་པ་མྱེད་དོ། ཤ་རི་དྭྀ་འྀ་བུ་ཁོ་བོ་ནི། ཚེ་དང་ལྡན་པ་ཤ་ར་དྭྀ་ཏའི་བུ། ཤ་ར་དྭི་ཏའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས།ཞེས་དང་ད་དུང་བརྒྱ་སྤྱིན་ལ་ཀཽཤིཀཿསྟེ་འབྲི་གཟུགས་མི་འདྲ་བ། ཀེ་འུ་ཤི་ཀ་མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བཏགས་པ་ཙམ། ཤེ་འུ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཀེ་འུ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་བཏགས་པ་ཙམ་མོ།། ཀེའུ་ཤི་ཀ་དེ་ལྟར་ལུས་འདི་ནྀ་རྣམ་པ་ཐམས་ཆད་མཁྱེནད་པ་ཉིད་ཀྱྀ་ཡེ་ཤེས་ཀྱྀ་གཞི་སྟེ། ཞེས་པ་དང་ཀོའུ་ཤི་ཀ་ཡང་གལ་ཏེ་འགའ་ཞིག་གིས་དེའི་ལུས་ལ་དབྱིག་འམ། ཀོའུ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། ཞེས་པ་སོགས་བྱུང་བ་ལ་བལྟས་ན། ཐོག་མར་དུས་རབས8-9པའི་བར་དུ་ཤ་ར་དྭྀ་འྀ་བུ་དང་ཀེ་འུ་ཤི་ཀ་དང་དུས་རབས12པར་ཤ་ར་དི་ཏའི་བུ་དང་ཀེའུ་ཤི་ཀ། དུས་རབས13ནས་ཤཱ་རིའི་བུ་དང་ཀཽཤིཀཿཞེས་འབྲི་སྲོལ་བྱུང་བར་མངོན། དེས་ན་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྔོན་གྱི་དཔེ་རྙིང་རྣམས་ལ་རྒྱ་སྐད་རང་སོར་བཞག་པ་ཡང་མང་སྟེ། དཔེར་ན་བུདྷ་ལ་སྐྱབས་སུ་འགྲོ་བ་སོགས་དང་། གཅེན་ཨ་སཾགས་ཡག་ཙརྱའི་ལྟ་བ་སྲོལ་ཕྱེས་ཏེ་བྱ་བ་དང་། སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུ་ཆེན་གྱི་སོགས་དང་། གཞན་ཡང་དཔལ་བརྩེགས་ཀྱི་མདོ་བསྡུས་བྱ་བ་བསྟན་འགྱུར་དུ་ཞུགས་པ་དེ་དཔེ་རྙིང་འཁྲུལ་མེད་ཅིག་འདུག་པས་དྲོནའིབུནིཏལའི། བུདྡྷའི་སྲས་ནི་རྰཧུ་ལའོ། སོགས་རྒྱ་སྐད་མང་དུ་བྲིས་སོ།། ཞེས་པ་སོགས་ལས་གནའ་དཔེ་དུས་ཇི་ཙམ་སྔ་པ་དེར་རྒྱ་སྐད་གཟུགས་འགྱུར་དེ་ཙམ་གྱི་མང་པ་བཞུགས་ཡོད་པ་དེ་རྟོགས།

8 མཇུག་བྱང་གི་ལོ་ཚིགས་ལས་བརྟག་པ།

བོད་ཡིག་གནའ་དཔེའི་མཇུག་བྱང་གི་ཁྲོད་དུ་གནའ་དཔེ་དེ་འབྲི་བཞེངས་གྲུབ་པའི་ལོ་ཚིགས་བཀོད་སྲོལ་བྱུང་ཡོད་པ་སྟེ། དུས་རབས11པར་གྱི་ཇོ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་བོད་དུ་མ་བསྒྱུར་བའི་སྔོན་ལ། བོད་ཀྱི་ལོ་ཚིགས་དེ་ལོ་འཁོར་བཅུ་གཉིས་ལ་སྦྱར་ཡོད་པp.t1288དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སུ་འཁོད་པ་སྟེ། ༄།།ཁྱིའི་ལོ་ལ་བབ་སྟེ། ༄།།ཕག་གི་ལོ་བབ་སྟེ། ཞེས་པ་དང་ཕག་གྀ་ལོའི་དཔྱིད་སླ་འབྲིང་པོ་ཚེས་དགུ་ལ་ཁམས་འུལ་གྱི་རིང་ལུགས་བན་དེ་སྣ་ནམ་བློ་གྲོས་དབང་པོ་དང་། མྱང་སྟག་དགྲ་རྡོག་རྗེ་དང་། གཞི་འཛིན་ཁན་དེ་ཐུབ་བསྟན་སུག་པས་ལགས་ན་ཚེས་ཉི་ཤུ་ལ་ཤུལ་སེ་རོང་དུ་གཤགས་ཏེ་རྗེས་བྱང་དུ་བྲིས་པའོ། ཞེས་དང་ད་དུང་ལྷོ་ཁ་གྲོ་མཁར་ཆོས་སྡེར་བཞུགས་པའི་བཙན་པོའི་བླ་འབུམ་གྱི་མཛད་བྱང་དུ། དབྱུ་ནི་དབྱར་སླ་ར་བ་ན་འཚུགས་སོ་ཞེས་པ་ལྟ་བུས་མཚོན་ནོ། དུས་རབས12རྗེས་ནས་གནའ་དཔེའི་ལོ་ཚིགས་དེ་བོད་ཀྱི་རབ་བྱུང་ལ་མགོ་བཏགས་བཅོལ་ནས་བྲིས་ཡོད་པ་ཞིག་ཡིན། 

རབ་བྱུང་དང་པོ་སྤྱི་ལོ1027ནས་མགོ་བརྩམས་པ་ཞིག་ཡིན། དུས་རབས12རྗེས་ཀྱི་གནའ་དཔེ་ལ་ལ་ཞིག་གི་ལོ་ཚིགས་དེ་སྟོན་པའི་འདས་ལོར་བཅོལ་ཡོད། སྟོན་པའི་འདས་ལོར་བཅོལ་ཚུལ་མི་འདྲ་བ་དག་ལས་གནའ་དཔེ་དེ་གྲུབ་མཐའ་གང་ཞིག་གི་གནའ་དཔེ་ཡིན་པའང་རྟོས། དུས་རབས12པའི་རྗེས་ཀྱི་གནའ་དཔེ་རྒྱ་ནག་དུ་བྲིས་བཞེངས་གནང་བའི་གནའ་དཔེ་ལོ་ཚིགས་དེ་ཡུང་ལོ་བརྒྱད་པར་བཞེངས་པའི་སློབ་དཔོན་ཞི་བའི་ལྷས་མཛད་པའི་སྤྱོད་འཇུག་དང་ཡུང་ལོའི་བཀའ་འགྱུར་སོགས་ཡིན། རྒྱ་གར་གྱི་གནའ་དཔེའི་ལོ་ཚིགས་དེ་བོད་ཀྱི་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་དཔེ་འདི་གཉིས་བི་ཀྲ་མའི་ལོ་སྟོང་སུམ་བརྒྱ་བདུན་ཅུ་ལ་བྲིས་ཞེས་བྱུང་བས། སྟག་ལོ་དེ་བར་ལོ་སྟོང་གཅིག་དང་དོན་བཞི་ཙམ་སོང་། རྒྱ་དཔེ་འགའ་རེའི་མཐར་རྟག་ཏུ་ལོ་ཚིགས་འདི་བྱུང་ཞིང་། འཕགས་རྒྱལ་གྱི་རྒྱལ་པོ་བི་ཀྲ་མཱ་དི་ཏྱ་རྣམ་གནོན་ཉི་མ་བྱ་བའི་ཁྲོ་ལོ་ནས་བརྩིས་པ་ཡིན་ཞེས་དང་འཕགས་རྒྱལ་གྱི་རྒྱལ་པོ་འཁོར་ལོས་བསྒྱུར་བའི་བིཀྲ་མའི་ལོ་རྒྱུས་ནི་གཏན་རྒྱུད་ཙམ་སུ་གནས་མོད། འོན་ཀྱང་འདིའི་ལོ་ཚིགས་ཤེས་པ་ཤིན་ཏུ་གལ་ཆེ་བས་སངས་རྒྱས་འདས་ནས་ལོ་དྲུག་གི་སྟེང་དུ་ཁྲི་བཟུང་བར་བྱེད་དགོས་ཤིང་། རྒྱ་གར་གྱི་སྐུ་བརྙན་དང་རྒྱ་དཔེ་བྲིས་མ་སོགས་ལ་རང་རེའི་རབ་བྱུང་གི་ཚོད་དུ་ལོ་ཚིགས་འདི་འགོད་པ་ཡིན་ཞེས་པ་སོགས་ལས་བོད་དཔེ་དང་རྒྱ་དཔེའི་ལོ་ཚིགས་འགོད་སྟངས་མི་འདྲ་བ་གང་ཡིན་པ་དེ་རྟོགས།

9 སྣེ་ཐིག་ལས་བརྟག་པ།

དུས་རབས8-12བར་གྱི་བོད་ཡིག་གནའ་དཔེ་བྲིས་མ་ཡིན་ན་སྤྱིར་གྱི་ཆ་ནས་གཡས་གཡོན་གྱི་སྣེ་ཐིག་གཉིས་ལས་དབུ་སྣེ་ཐིག་གཉིས་ལས་དབུ་ཞབས་ཀྱི་སྣེ་ཐིག་དེ་འབྲི་སྲོལ་བྱུང་མི་འདུག གཡས་གཡོན་གྱི་སྣེ་ཐིག་དེ་ཡང་རྐྱང་ཐིག་ལས་གཉིས་ཐིག་འབྲི་བའི་སྲོལ་མེད་པར་སྣང་། སྤྱིས་གྱི་ཆ་ནས་བྲིས་དཔར་གྱི་གནའ་དཔེ་གང་ཞིག་ཡིན་རུང་དུས་རབས་ཅུང་སྔ་བའི་གནས་དཔེ་ཞིག་ཡིན་ན་གོང་གི་ཁྱད་ཆོས་དེ་ཉིད་སྣང་། 

དུས་རབས13པའི་དཔར་བའི་གནའ་དཔེ་ལ་སྣེ་ཐིག་དེ་འབྲི་སྲོལ་བྱུང་འདུག  འོན་ཏེ་དུས་རབས12-13གྱི་གནའ་དཔེ་དཔར་མ་ཡིན་ན་དེ་དག་ལ་གཡས་གཡོན་སྣེ་ཐིག་སྔོན་གྱི་བྲིས་མ་ཇི་བཞིན་གཅིག་ཐིག་ཏུ་སྣང་བ་ནི། དུས་རབས13པར་ཡོན་དུ་དཔར་པོད་ཉིས་བརྒྱ་བཏབ་པའི་ས་པཎ་གྱི་ཚད་མ་རིགས་གཏེར་ལ་ཡང་ཁྱད་ཆོས་དེ་ལྟར་སྣང་། དུས་རབས14-15ནང་གི་དཔར་མ་སྤྱི་ལོ1407ལའི་ལ་སྟོད་ཤེལ་དཀར་གྱི་དཔར་མངོན་རྟོགས་རྒྱན་གྱི་འགྲེལ་པ་དྲི་མེད་འོད་ཟེར་དང་སྤྱི་ལོ1426ལོའི་གཞི་ཀ་བྲག་དཀར་གྱི་དཔར་མ་རྗེ་རིན་པོ་ཆེའི་གསུང་བྱང་ཆུབ་ལམ་རིམ་སོགས་ལ་གཡས་གཡོན་གྱི་སྣེ་ཐིག་གཅིག་ལས་གོང་འོག་གི་སྣེ་ཐིག་མེད། དུས་རབས16པར་དཔར་བཏབ་པའི་གུང་ཐང་དཔར་མ་རྗེ་བཙུན་པི་ལའི་རྣམ་ཐར་ཀློང་ཆེན་རིན་པོ་ཆེའི་ཐེག་མཆོག་མཛོད། ནག་ཚོ་ལོ་ཙཱ་བས་མཛད་པའི་ཇོ་བོ་རྗེའི་བསྟོད་པ་སོགས་ལ་མཐའ་བཞིའི་སྣེ་ཐིག་བཏབ་འདུག དེ་རྗེས་དཔར་བརྐོའི་ལག་རྩལ་དེ་འབྱོངས་པོ་བྱུང་བའི་རྐྱེན་གྱིས་དུས་རབས17པའི་རྗེས་ཀྱི་གནའ་དཔེ་དཔར་མར་གཡས་གཡོན་གྱི་གཉིས་ཐིག་དང་གོང་འོག་གཉིས་ཐིག་དེ་བརྐོ་སྲོལ་བྱུང་འདུག  དེ་ནས་རིམ་པས་བཞིན་གནའ་དཔེ་བྲིས་དཔར་ཁག་གི་གཡས་གཡོན་དང་གོང་འོག་གཉིས་ཐིག་བར་ལ་རི་མོ་རྒྱ་ནག་གི་ལྕགས་རི་དང་བཀྲ་ཤིང་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། མཆོད་པའི་ལྷ་མོ་སོགས་ཀྱང་བསྣན་པའི་སྲོལ་བྱུང་འདུག

10 བརྡ་གསར་རྙིང་ལས་བརྟག་པ།

བོད་ལྗོངས་སུ་བོད་ཡིག་གནའ་དཔེ་ཡོངས་བཤེར་དང་བརྟག་དཔྱད་ལ་བསྐྱོད་དེ་གནའ་དཔེར་བརྟག་དཔྱད་བྱ་སྐབས་སུ། བསྐལད་པའི་བཟང་པོའི་མདོའ་ལས་ཞེས་པ་དང་། སྩྭའི་མྱེ་སྒྲོན་ཕུལ་ཏེ་དང་པོ་བྱང་ཆུབ་ཕྱོགས་སུ་སེམས་བསྐྱེད་དོ།། བྱང་ཆུབ་ཏུ་སྨོནད་པའི་སེམས་དང་། བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིནད་དུ་དཀོནད་ནོ། རྒྱལ་པོ་ཆེན་པོ་ནམ་བདེའ་བ་བཏང་བ་ཡིན་ནོ།། འོན་ཀྱང་རྒྱལ་པོ་ཆེན་པོ་བླ་ན་མེད་པ་། རྣམ་པར་ཐརད་པ་། ཟུལད་ཀྱིས་། དབྱརད་ཀྱི་དུས། བསྙེན་རྫོགས། དབུགས་འབྱིནད་པ། ཞེས་དང་། ༄།།དབུ་ནི་དབྱར་སླ་ར་བ་ལ་དྲལ་གཉིས་ལ་མཚུས་སོ།། སོགས་བྱུང་བ་ལ་གཞིགས་ན། གནའ་དཔེ་དེ་རིགས་ནི་དུས་རབས11སྔོན་གྱི་གནའ་དཔེ་ཡིན་པར་ངོས་འཛིན་བྱས་ཡོད། གང་ལགས་ཤེ་ན། བོད་ཀྱི་ལོ་རྒྱུས་ཐོག་བཀས་བཅད་ཐེངས་གསུམ་ཙམ་ཞིག་བྱས་པ་སྟེ། བཀས་བཅད་དང་པོ་སྟེ་དུས་རབས8པའི་སྐབས་བཙན་པོ་ཁྲིས་སྲོང་ལྡེ་བཙན་གྱི་དུས་དང་པོ་བྱས། དེ་དག་་ཏུ་ད་དྲག་དང་། དཔྱིད་སླ་ར་བ་སོགས་དང་། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་པ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་ཡིན་ཞེས་སྐྱོག་སྟོན་རིན་ཆེན་བཀྲ་ཤེས་ཀྱིས་གསུངས་པ་ལྟར་ན་འཁོར་ཆགས་དགོན་དུ་བཞུགས་པའི་སྟོན་པའི་སྐྱེས་རབས་དང་གྲོ་མཁར་ཆོས་སྡེའི་ཤེར་ཕྱིན་པོད་དེ་དག་དུས་རབས10ཡར་སྔོན་གྱི་བྲིས་མ་ཡིན་པར་ངོས་འཛིན་བྱས་ཆོག  དེ་མིན་ད་དུང་ལྷོ་ཁ་ས་ཁུལ་དང་ཆབ་མདོ་ཁུལ་དུ་བཞུགས་པའི་ཤེར་ཕྱིན་པོད་ག་པ་དང་ང་པར། བཆོམ་ལྡན་འདས་འདའས་ཀྱྀས་བཀའ་བསྩལད་པའ་ཀ་ར་དྀ་ཏྀའྀ་དེ་ནྀ་དེ་ལྟ་བུ་ཡིན་ཏེ། སའི་ཁམས་ནི་ཡྀགེ་མཅིས་པའོ། ཆུའི་ཁམས་ནྀ་ཡྀགེ་མ་མཅིས་པའོ། བསམ་གཐན་རྣམས་ནི་ཡྀགེ་མ་བཅིས་། འཇིག་རྟེནད་ན་དེ་བཞིན་གཤེསག་པའ་འི་སྟོབས་བཅུ་སྟོང་ཞེས་བྱ་བར་སྟོནད་ཐོ། ཡོངས་སུ་མྱྀ་འཛིནད་ཡོངས་སུ་མྱྀ་འཛིནད་པས་ཉེ་བར་མྱྀ་ལེདན་ཏོ། ཞེས་དང་ཐམས་ཆད་ཤེས་པ་ཉྀད་ཀྱི་ཆོས་ཉྀད། བྱང་ཆུབ་སེམས་དཔའ་ཐམས་ཆད་ཀྱི་རྟེན་ཡིན། སེམས་ཆན་རྣམས་ཡོངས་སུ་སྨྱྀན་པར་བགྱྀད་པ། ཞེས་པ་སོགས་ད་ལྟ་ང་ཚོས་མཇལ་ཐུབ་པའི་གནའ་དཔེ་བྲིས་མ་དེ་དག་གི་ནང་དུ། ཀ་སྡེའི་ནང་གི་ཀ་དང་ཁ། ཅ་སྡེའི་ནང་གི་ཅ་དང་ཆ། ཏ་སྡེའི་ནང་གི་ཏ་དང་ཐ། པ་སྡེའི་ནང་གི་པ་དང་ཕ་ཕན་ཚུན་བརྗེ་རེད་མཛད་པ་དང་གི་གུ་ཕྱིར་ལྡོ་པ། མ་ལ་ཡ་བཏགས་པ་སོགས་བྲིས་ཡོད་གཤིས་གནའ་དཔེ་ནི་དུས་རབས་9པའི་སྔོན་གྱི་བྲིས་མ་ཤ་སྟག་ཏུ་འཁུམས། རྒྱུ་མཚན་ནི་སྐྱོག་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བཀས་བཅད་དང་པོའི་སྐབས། མྱེད། མྱིན་སོགས་ཡ་བཏགས་པ་དང་རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ་ཞེས་གསུངས་པ་ལས་དེ་དག་གི་གནས་ལུགས་ཤེས།དེས་ན་བཀས་བཅད་གཉིས་པ་དེ་ནི་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅག་ཞང་གསུམ་ལ་སོགས་པས་མཛད་པ་ཡིན་ནོ། བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་བྱོན་པ་རྣམས་ཡིན་ལ། ལོ་ཆེན་གྱིས་ནི། གཉིས་ཟླ་ལ་ཉི་ཟླ་དང་། བསྟན་བཅོས་ལ་བསྟན་ཆོས་དང་། སྟུག་པོ་ལ་འཐུག་པོ། བསམ་གཏན་ལ་བསམ་གཐན་ཞེས་གསུངས་པ་ལ་བལྟས་ན། མཉེས་ཐང་སྒྲོལ་མ་ལྷ་ཁང་དུ་བཞུགས་པའི་ཤེར་ཕྱིན་དུ། ཐམས་ཆད་ཤེས་པ་ཉྀད་ཀྱི་ཆོས་ཉྀད། སེམས་ཆན་རྣམས་ཡོངས་སུ་སྨྱྀན་པར་བགྱྀད་པ། ཀེ་འུ་ཤི་ཀ་དེ་ལྟར་ལུས་འདི་ནྀ་རྣམ་པ་ཐམས་ཆད་མཁྱེནས་པ་ཉིས་ཀྱྀ་ཡེ་ཤེས། ཆོས་ཀྱི་གནའས་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཞེས་དང་གྲོ་མཁར་ཆོས་སྡེའི་ཤེར་ཕྱིན་དུ། བཆོམ་ལྡན་འདའས་ཀྱྀས་བཀའ་བསྩལད་པའ་ཤ་ར་དྭྀ་ཏའྀ་དེ་ནྀ་དེ་ལྟ་མ་ཡིན་ཏེ། སའི་ཁམས་ནི་ཡྀགེ་བཅིས་པའོ། བསམ་གཐན་རྣམས་ནི་ཡྀགེ་མ་མཅིས། ཡོངས་སསུ་མྱྀ་འཛིནས་ཡོངསུ་མྱྀ་འཛིནད་པས་ཉེ་བར་མྱི་ལེནད་ཐོ་ཞེས་སོགས་བྱུང་པ་ལ་གཞིགས་ན་གནའ་དཔེ་དེ་རིགས་ནི་དུས་རབས10པའི་ཡར་སྔོན་གྱི་གནའ་དཔེ་ཡིན་པ་གོང་གི་བརྡ་རྙིང་འབྲི་སྟངས་ལས་ཤེས་ལ་ད་དུང་གནའ་དཔེ་དེ་གད་གི་ཡིག་ཕྲེང་དང་ཡིག་མཁན་དང་ཞུས་དང་ཞུས་བར་ཞུས་སུམ་ཞུས་སོགས་ཀྱི་མཚན་བྱང་ལས་དུས་རབས10པའི་ཡར་སྔོན་གྱི་ཡིན་པ་དེ་བས་ངེས་ཤེས་བརྟན་པོ་རྙེད།

11 དཔེ་མིང་ལས་བརྟག་པ།

གནའ་དཔེའི་དཔེ་མིང་ཐད་ཀར་དབུ་ཤོག་གི་ངོས་སུ་འབྲི་བའི་ལུགས་སྲོལ་དེ་དུས་རབས་དང་པོའི་སྔོན་དུ་མེད་པར་སྣང་། གང་ལེགས་ཤེ་ན། དགེ་འདུན་ཆོས་འཕེལ་གྱིས་སྔོན་གྱི་རྒྱ་དཔེ་རྣམས་ལ་ཁ་ཡིག་དང་སྡེབ་གྲངས་མེད་ཞེས་གསུངས་པ་ལ་དཔག་ན་གནའ་དཔེར་ཐོག་མར་ཁ་ཡིག་འབྲི་སྲོལ་མེད་པ་དེ་ཤེས། རྗེས་སུ་གནའ་དཔེར་ཁ་ཡིག་འབྲི་སྲོལ་དེ་བྱུང་བ་ནས། བོད་དུ་དུས་རབས13པའི་ནང་དུ་ས་སྐྱར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་སྙན་དག་མེ་ལོང་མ་བོད་དུ་མ་བསྒྱུར་བའི་སྔོན་དུ། གནའ་དཔེའི་མཚན་བྱང་དག་བརྡ་རྙིང་བྲིས་པ་ལས་ཚིག་རྒྱན་གྱི་མ་སྤྲས་པར་ཐད་ཀར་གཞུང་གི་ནང་དོན་རྟོགས་ཐུབ་པའི་དཔེ་མིང་སྟེ། དཔེར་ན་དུས་རབས11པའི་ནང་འབྲི་བཤུས་དགྱིས་པའི་དབའ་བཞེད་དང་སྨན་གྱི་སྐོར་བཙན་པོའི་བླ་སྨན་ཞེས་པ་ལྟ་བུ་ཡིན། དུས་རབས13རྗེས་ནས་བོད་ལ་སྙན་ངག་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་བའི་སྟབས་ཀྱིས་གནའ་དཔེའི་མཚན་བྱང་ལའང་རྒྱན་གྱིས་སྤྲས་པ་མ་ཟད་སྔོན་གྱི་ཚིག་ལྷུག་དེ་ཚིགས་བཅད་ཀྱི་ལམ་ནས་འབྲི་སྲོལ་ཡང་བྱུང་བ་དེ། ཕོ་བྲང་པོ་ཏ་ལར་བཞུགས་པའི་གནའ་དཔེ་ཞིག་གི་མཚན་བྱང་ནི་འདི་ལྟར། སྙིང་དང་འདྲ་བའི་སློབ་མ་ལ། སྙིང་ནས་གདམས་པའི་བསླབ་བྱ་ནི། སྙིང་གཏམ་བཅུ་གསུམ་ཞེས་བྱ་བ། སྙིང་ཀྱི་གཏིབ་ནས་གདམས་པ་ལགས། ཞེས་པ་ལྟ་བུ་སྨིན་གླིང་ལོ་ཆེན་ཆོས་བཟང་པོའི(1654-1718)གསུང་འབུམ་གྱི་མཚན་བྱང་དུའང་དེ་འདྲ་ཡོད་པས་ཤེས། དུས་རབས16པའི་རྗེས་ནས་གནའ་དཔེ་ཁག་གི་མཚན་བྱང་སུམ་འབིད་ཅན་ཞེས་པ་དེ་བྱུང་བ་ནི་དགེ་འདུན་ཆོས་འཕེལ་གྱིས་རང་རེ་རྣམས་ཀྱི་སུམ་རྐང་བྱ་བ་འབྲི་བའི་སྲོལ་འདི་སྔོན་གྱི་ལ་ཙཱ་བ་ཉི་ཟླ་འདྲ་བ་དེ་དག་གི་རིང་ནས་བཟུང་། དུས་ཕྱིས་ཀྱི་རིགས་རལ། ཀློང་ཆེན། བུ་སྟོན། རྗེ་ཡབ་སྲས་ལ་སོགས་པའི་བར་དུ་ནི་མེད། དེ་ནས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ན། གཞུང་སའི་སྐུ་དྲག་ཆེན་པོ་རྣམས་ཀྱིས་མགོ་མཛད་པའི་སྒྲའི་ས་རིས་ཙམ་སྦྱངས་པ་ཐམས་ཅད་ཀྱིས་རང་རང་གི་གླེགས་བམ་རྩིག་ངོས་སྒོ་འགྲམ་སོགས་ཐམས་ཅད་དུ་སུམ་རྐང་ཚད་དང་ཚད་མེད་པར་བྲི་བའི་སྲོལ་དེ་མཆེད། ཅེས་པ་ལས་མཚན་བྱང་སུམ་འབིད་ཅན་དེ་འབྲི་བའི་སྲོལ་དེ་རབ་བྱུང་བཅུ་གཅིག་པ་སྟེ་སྤྱི་ལོའི་དུས་རབས17ཡས་མད་ལ་དར་བ་དེ་རྟོགས་ཐུབ་བོ།།

12 དཔེ་གཟུགས་ལས་བརྟག་པ།

དུས་རབས་མི་འདྲ་བའི་ནང་དུ་དཔེ་གཟུགས་མི་འདྲ་བ་བྱུང་ཡོད་པ་སྟེ། བོད་བཙན་པོའི་སྐབས་ཀྱི་ཡིག་ཆ་དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་མང་པོ་ཞིག་གི་དཔེ་གཟུགས་ནི་ཤོག་དྲིལ་གྱི་རྣམ་པ་ཞིག་ཡིན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན(755-797)གྱི་བཙུན་མོ་འབྲོམ་ས་བྱང་ཆུབ་སྨན་གྱི་དགེ་འདུན་རྣམས་འབུམ་བལྟ་ཀློག་བདེ་བའི་སླད་དུ་འབུམ་གྱི་བམ་པོ་རེ་ཤོག་དྲིལ་བྱས་ཏེ་སྣོད་ཤ་སྒྲོ་ཅན་སུ་བླུགས་ཞེས་འབུམ་གྱི་བྱུང་བ་ཞེས་པའི་ནང་དུ་བྱུང་།  དེ་རྗེས་དུས་རབས12པའི་ནང་དུ་འབྲི་བཤུས་བགྱིས་པའི་དཀར་ཆག་འཕང་ཐང་མ་དེའི་མ་དཔེ་གཟུགས་པ་ཡིན་པ་བུ་དཔེའི་མཇུག་བྱང་ལས་ཤེས། དེས་ན་དུས་རབས9པའི་ཡར་སྔོན་དུ་ཤོག་དྲིལ་གྱི་དཔེ་གཟུགས་དར་ཁྱབ་ཆེན་པོ་ཡོད་དེ་ཤེས། 

གླེགས་བམ་གཟུགས་ནི་ནེའུ་པཎྜི་ཏ་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་དུ་དར་བ་ནས་བཟུང་། དུས་རབས་མི་འདྲ་བའི་ནང་དུ་ཤོག་རྒྱ་ཆེ་ཆུང་མི་འདྲ་བ་བྱུང་ཡོད་པ་སྟེ། མདའ་ཚད་མ།  ལག་མར་མ། ཤོག་མོ་ཆེ་ཞེས་པ་སོགས་བྱུང་ཡོད། ལྟེབས་འགྲིག་མ་ནི་ཐོག་མར་མ་ཧ་ཙི་ནའི་ཡུལ་ནས་དར་ཡོད་པ་སྟེ་བཀའ་འགྱུར་ཤོག་གཅིག་མ་ཞེས་ཀྱང་བརྗོད། ལྟེབས་མགོ་ང་ནི་ནོར་གླིང་གྲུ་འཛིན་ཕོ་བྲང་དུ་བཞུགས་པའི་གནའ་དཔེ་ཇི་ཡོད་ཀྱི་ཆོས་ཚན་དཀར་ཆག་ལྟ་བུ་ཡིན། དེས་ན་ལྟེབས་མགོ་མ་དང་ལྟེབས་ཟུར་མ་ནི་བོད་བཙན་པའི་དུས་ནས་ཡོད་པའི་དཔེ་གཟུགས་ཀྱི་རྣམ་པ་ཞིག་སྟེ། སྤྱི་ལོ1996ལོར་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་དཔེ་རྙིང་དང་མངའ་རིས་མཐོ་ལྡིང་དགོན་གྱི་གནའ་དཔེ་ཆོ་ག་ཕྱག་ལེན་དང་བོད་བཙན་པོ་དང་གུ་གེའི་རྒྱལ་རབས་བཀོད་པའི་དཔེ་རྙིང་ལྟ་བུ་ཡིན། ལྟེབས་མགོ་མ་དེ་ནི་སྤྱིར་གྱི་ཆ་ནས་རྒྱུན་སྤྱོད་ཆེ་བའི་སྨན་རྩིས་གཞུང་དང་ཆོ་ག་ཕྱག་ལེན་སོགས་ཀྱི་སྐོར་བྲིས་པའི་དཔེ་གཟུགས་ཤིག་ཡིན། ཏ་ལའི་ལོ་མའི་སྐོར་ལ་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་ལོ་མའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་འབྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད། ཡི་གེ་ཡང་ཆུད་མི་ཟ། སིངྒ་ལར་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡིན་འདུག  གཞན་ཡུལ་དབུས་དང་བལ་ཡལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང་། སྤྱིར་དཔེ་ལྡེབས་རིང་པོ་འབྲི་བའི་སྲོལ་འདི་དང་པོ་ཏ་འི་ལོ་མར་བྲིས་པ་བ་ལ་བརྟེན་ཏེ་རྒྱ་གར་དང་བོད་ཡུལ་སོགས་ལ་དར་བར་འདུག་ཅིང་། རྒྱ་གར་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར། གཞན་སྔོན་རང་རེ་རྣམས་ཀྱི་ཁྲིམས་ཡིག་སོགས་ཤོག་དྲིལ་ལ་ཡོད་དམ་སྙམ་ཞིང་། དེབ་བྱེད་པའི་སྲོལ་ནི་དང་པོ་རྒྱ་ནག་དང་དེ་ནས་ཏ་ཟིག་སོགས་སུ་གནའ་དུས་ཤིག་ནས་དར་བར་ཡིན་མོད་རང་རེ་ལ་སྲོལ་ཡེ་མ་བྱུང་། ཞེས་གསུངས་པས་དཔེ་གཟུགས་ཀྱི་རྣམ་པ་ལས་གནའ་དཔེ་བརྟག་ཐུབ་བོ།།

13 ཡིག་གཟུགས་ལས་བརྟག་པ།

བོད་ཡིག་ཡིག་གཟུགས་ཐད་ལ་སྔོན་གྱི་ཆོས་རྒྱལ་རྣམ་པས་ཀྱང་གཙིགས་མཐོང་གནང་ཡོད་པ་སྟེ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐུ་དུས་སུ(821-)དམ་པའི་ཆོས་སྒྱུར་བའི་ལོ་པཎ་རྣམས་ཀྱིས་དེ་སྔོན་ཡབ་མེས་ཀྱི་དུས་སུ་མ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་དཔེ་མང་པོ་བསྒྱུར་ཞིང་། ཡིག་གཟུགས་ལེགས་པ་རྣམས་ལ་གདན་གཡས་གྲལ་དང་གླ་ཡོད་འདོད་པ་དང་མཐུན་པ། འཚོ་རྟེན་ས་ཞིང་དོར་གཅིག་བཅས་གནང་བས་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་་ཆེན་པོ་ཐེབས་ཡོད། ཅེས་པ་ལས་ཤེས། བོད་ཡིག་གནའ་དཔེ་ནི་དུས་རབས་མི་འདྲ་བའི་ནང་དུ་དར་སྲོལ་བྱུང་བའི་ཡིག་གཟུགས་ལས་བཞེངས་པའི་གནའ་དཔེ་ཞིག་ཡིན། གནའ་དཔེ་དེ་དག་གི་ཁྲོད་དུ་བསྟན་པ་སྔ་དར་གྱི་སྐབས་སུ་འབྲི་བཞེངས་གནང་བའི་གནའ་དཔེ་ཞིག་ཡིན་ན། སྤྱིར་གྱི་ཆ་ནས་འཕྲུལ་ཡིག་གིས་བཞེངས་པ་སྟག་ཡིན། འཕྲུག་ཡིག་ནི་དབུ་ཆེན་ཚད་ལྡན་མགྱོགས་པོར་བྲིས་ནས་བྱུང་བའི་ཡིག་གཟུགས་དེ་ལ་འཕྲུལ་ཡིག་ཅེས་བརྗོད་པ་ཡིན་ནམ་སྙམ། དཔེར་ན་ལྷོ་ཁ་གྲོ་མཁར་ཆོས་སྡེ་དང་འོན་ཀེ་རུའི་ཤེར་ཕྱིན་དག་གི་ཡིག་གཟུགས་ནི་བྲག་ཡིག་ཡིན་པ་ནི་གཞུང་དེ་དག་གི་མཛད་བྱང་ལས་འཕྲུལ་ཡིག་ངོ་མཚར་ཆེ་ཞེས་བྱུང་བ་ལས་ཤེས། དེ་རྗེས་དུས་རབས12པའི་རྗེས་ནས་ཡིག་གཟུགས་དབུ་ཆེན་ནས་དབུ་མེད་ལ་འགྱུར་ལ་ཁད་ཀྱི་ཁྱད་ཆོས་བཞུགས་དེ་མངའ་རིས་འཁོར་ཆགས་འཁོར་ཆགས་དགོན་དུ་བཞུགས་པའི་འདུལ་བའི་གཞུང་དང་། ལྷ་ས་གྲིང་ཁྱེར་སྲིད་གྲོས་ཁང་དུ་བཞུགས་པའི་དབའ་བཞེད་བྲིས་མ་སོགས་ཡིན། ཡིག་གཟུགས་དེ་དག་ནང་ནས་ཞ་ཡིག་དང་ཁ་ཡིག  ཡ་བཏགས་དང་ར་བཏགས་སོགས་དབུ་ཆེན་ལས་དབུ་མེད་དུ་འགྱུར་སྐབས། རང་བཞིན་ཅུང་ཟད་འགྱུར་དཀར་བའི་ངང་ཚུལ་བཟུང་ཡོད་པ་དག་ལས་ཤེས། དུས་རབས12པར་འབྲ་གཞེངས་གནང་བའི་གནའ་དཔེ་དག་གི་ཡིག་གཟུགས་དབུ་མེད་ཡིན་ཀྱང་ཞབས་ཅུང་ཟད་རིང་བའི་ཁྱད་ཆོས་འདུག  དེ་རྗེས་དུས་རབས14པའི་ནང་གི་གསུང་རབ་བྲིས་མ་ཡིན་ན་ཡིག་གཟུགས་དབུ་མེད་ཞབས་ཐུང་དང་དབུ་ཆེན་ནི་ཕལ་ཆེར་སྙེ་བྲིས་དང་ཨེ་བྲིས་ཀྱིས་ཁྱད་ཆོས་ལྡན་ཡོད་པ་དེ། ད་ལྟ་ས་སྐྱ་དགོན་དུ་བཞུགས་པའི་བཀའ་འགྱུར་བསྟན་འགྲོའི་དཔལ་མགོན་དུས་རབས17སྐབས་བྲིས་བཞེངས་གནང་བ། བཀའ་འགྱུར་དེའི་ཡིག་མཁན་དབུ་ཆེན་སྙེ་མོ་བློ་བཟང་རྣམ་རྒྱལ་དང་གཡེ་ཡོན་ཏན་བག་གྲོས་གཙོས་ཡིག་མཁན་བརྒྱ་ལ་ཉེ་བ་ཞིག་གིས་སུག་བྲིས་གནང་བ་ཞིག་ཡིན། དེའི་སྙེ་བྲིས་ཀྱི་ཁྱད་ཆོས་ནི་དབུ་ཆེན་ཤ་ཆེ་ཞིང་མགོ་འདོགས་ཅན་གྱི་ཡི་གེ་དཔེར་ན། སྒྲིགས་ལྟ་བུ་ཡིན་ན་ས་མགོ་དེ་རྗེས་འཇུག་ག་ཡིག་གི་ཆེ་ཆུང་དང་དོ་མཉམ་པ་དང་མིང་གཞི་ག་ཡིག་དེ་མར་ཐིག་ཕྲེང་གཅིག་བཤོལ་ཏེ་ར་བཏགས་ཡང་དེའི་གཤལ་གྱི་ཐིག་གཅིག་ཟིན་པ་ལྟ་བུ་ཞིག་འདུག་དེ་ནི་སྙེ་བྲིས་ཀྱི་ཁྱད་ཆོས་ཡིན། དགེ་འདུན་ཆོས་འཕེལ་གྱིས། དཔེ་རྙིང་ཐམས་ཅད་ལ་འ་ཡིག་ལ་ཡང་འ་རྟགས་འདི་བཞིན་བྲིས་དབུས་གཙང་ན་ཨེ་པ་རྣམས་ད་དུང་ཡང་དེ་ལྟར་འབྲི་བཞིན་ཞེས་པ་ལས་ཨེ་བྲིས་དང་སྙེ་བྲིས་གཟུགས་ཁྱད་པར་ཡང་ཞོར་དུ་ཤེས་ལ་ཞིབ་པ་ཡིག་མཁན་གྱི་སྐོར་དེར་སོང་ཟིན་པས་དེར་གཟིགས་པར་འཚལ། དེ་རྗེས་དུས་རབས16ནས་བཟུང་ཏེ་མཐོང་ཤོག་གི་སྟེང་དུ་དབུ་ཤོག་འབུར་མ་ཅན་གྱི་གསེར་དངུལ་བྲིས་མ་མི་ཉུང་བ་ཞིག་མཇལ་ཐུབ་ཀྱི་འདུག  དེ་དག་གི་ཡིག་གཟུགས་ལ་མཁས་པ་མལ་གྱི་ལུགས་ཞེས་བྲིས་ཡོང་གི་འདུག མལ་ལུགས་འབྲི་མཁན་དེ་ནི་འཕན་པོ་རིག་པའི་འབྱུང་གནས་ཡིན་ཞེས་གཞིས་རྩེ་ས་ཁུལ་དང་ཆབ་མདོ་ཤ་ཁུལ། ནག་ཆུ་ས་ཁུལ་སོགས་སུ་བཞུགས་པའི་དཔེ་རྙིང་གསེར་བྲིས་དག་གི་ཞབས་མཆན་དུ་ཞབས་མཆན་དུ་བྲིས་ནས་འདུག

14 མཛད་པ་པོའི་གོ་མིང་ལས་བརྟག་པ།

མཛད་པ་པོའི་གོ་མིང་ལས་གནའ་དཔེ་བརྟག་པ། དཀར་བཅུ་པ། རབ་འབྱམས་པ། དགེ་བཤེས། ལྷ་རམས་པ། རྡོ་རམས་པ་སོགས་དུ་མ་ཡོད། དེ་དག་ལས་པཎྜི་ཏ་ཞེས་པ་ནི་དུས་རབས13པར་བྱུང་པའི་གོ་མིང་ཞིག་སྟེ་ས་པཎ་དང་། དགེ་བཤེས་ཞེས་པ་ནི་དུས་རབས11པར་བྱུང་བའི་གོ་རིམ་ཞིག་སྟེ་དགེ་བཤེས་འབྲོམ་སྟོན་པ། རབ་འབྱམས་པ་ཞེས་པ་དེ་ནི་དུས་རབས14བར་བྱུང་བའི་གོ་མིང་ཞིག་སྟེ་རབ་འབྱམས་པ་སངས་རྒྱས་འཕེལ། དཀའ་བཞི་པ་ནི་དུས་རབས14པའི་སྨད་དུ་བྱུང་བའི་གོ་མིང་ཞིག་ཏེ་རེད་མདའ་པ་མན་ཆད་ནས་བྱུང་བ་ཞིག་ཡིན། དཀའ་བཅུ་པ་ནི་དུས་རབས16པར་བྱུང་བའི་གོ་མིང་སྟེ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱལ། ཚོགས་རམས་ནི་དུས་རབས17སྟེ་མི་དབང་སངས་རྒྱས་རྒྱ་མཚོ་ནས་དབུ་ཚུགས་པ་ཞིག་ཡིན་སྟབས། མཇུག་གི་མཛད་བྱང་དུ་མཁས་པའི་གོ་མིང་དེ་དག་ཐོན་པའི་སྐབས་སུ་མཁས་པ་དེའི་གསུང་རབ་དེ་དུས་ནམ་ཞིག་ལ་ལྗགས་རྩོམ་གནང་བ་དེ་ཡང་ཆེ་ལོང་ཙམ་ཞིག་བརྟག་ཐུབ།

15 རྟགས་ཐམ་ལས་བརྟག་པ།

སྐབས་འདིར་དམིགས་བསལ་རྟགས་སམ་རྟགས་ཐམ་ལས་གནའ་དཔེའི་དུས་རབས་གཏན་ལ་དབབ་ཐུབ་པ་སྟེ། དམིགས་བསལ་རྟགས་ནི་དུས་རབས8-9བར་དུ་འབྲི་བཞེངས་བྱས་པའི་གནའ་དཔེའི་མཇུག་བྱང་དུ་དམིགས་བསལ་རྟགས་ཆོས་འཁོར་དང་མེ་ཏོག་པདྨ། མཆོས་རྟེན་སོགས་བྲིས་འདུག  དེ་ལྟར་འབྲི་དགོས་དོན་ནི་སྐུ་གསུང་ཐུགས་གསུམ་གྱི་མཚོན་བྱེད་སྟེ། དཔེ་རྙིང་གིས་གསུང་དང་མེ་ཏོག་པདྨས་སྐུ་དང་མཆོས་རྟེན་གྱིས་ཐུགས་མཚོན་པ་བཅས་པ་ཡིན། མེ་ཏོག་པདྨས་སྐུ་གཟུགས་མཚོན་པར་བྱེད་པའི་བྱ་ཐབས་དེ་ནི་དུས་རབས་ཧ་ཅང་གི་སྔ་བའི་མཚོན་སྟངས་ཤིག་ཡིན་ཞེས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ཅེས་པར་གསུངས་འདུག  དུས་རབས16པའི་གུང་ཐང་དཔར་མའི་དམིགས་བསལ་རྟགས་ནི་ཡིག་མགོ་དང་ཤད་གཉིས་ཀྱི་བར་དང་། ལེའུའི་རྫོགས་མཚམས་སུ་དམིགས་བསལ་རྟགས་དུང་གཟུགས་བརྐོས་འདུག  འབྲས་སྤུངས་དཔེ་མཛོད་ཁང་གི་དཔེ་རྙིང་ཡིན་ཚེ་དེ་དག་གི་དབུ་ཤོག་སྟོད་དུ་འབྲས་ཕྱིའམ་ནང་། དེའི་གཤམ་དུ་རིགས་དབྱེའི་རྟགས་ཀ་མད་དང་དེའི་གཤམ་དུ་ཀུན་དགའ་ར་བའི་གྲངས་རྟགས་སོགས་བྲིས་པ་ནི་དམིགས་བསལ་རྟགས་ལས་དབྱེ་འབྱེད་ཐུབ་པ་ཞིག་ཡིན། རྟགས་ཐམ་ནི་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་ལག་རྩལ་ལས་བཟོས་པ་ཞིག་ཡིན་སྟབས་རྟགས་ཐམ་གྱི་དབྱིབས་གཟུགས་དང་ཁ་རིས་མི་འདྲ་བ་དེ་ལས་ཀྱང་གནའ་བོའི་དཔེ་རྙིང་གི་དུས་རབས་ངོས་འཛིན་ཐུབ་པ་སྟེ། དུས་རབས་8པའི་ཡར་སྔོན་གྱི་ཐང་གའི་ཁ་རིས་ནི་སྲོག་ཆགས་ཡིན། སུག་རྒྱས་བཏབ་པའི་ཁ་རིས་ནི་སྒོར་དབྱིབས་ཡིན་ལ་ཆེ་ཆུང་ཡང་སྣ་ཚོགས་ཡོད། དེ་སྔའི་བོད་ལ་གནས་སྲིད་གཞུང་གི་ཐམ་ག་ནི་དབྱིབས་གྲུ་བཞི་ཡིན། ས་སྐྱའི་སྐབས་བཀོལ་སྤྱོད་བྱས་པའི་ཐམ་ཁའི་ཁ་རིས་ནི་ས་དང་ཀརྨ་པས་བེད་སྤྱོད་བྱས་པའི་ཐམ་ཀའི་ཁ་རིས་ནི་ཀརྨ་ཡིན། ཡོན་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་ཀྱི་སྐབས་སུ་བོད་ཀྱི་སེར་སྐྱ་དཔོན་རིགས་ལ་གནང་བའི་ཐམ་གའི་ཁ་རིས་ནི། བོད་ཡིག་དང་སོག་ཡིག་མན་ཡིག  རྒྱ་ཡིག  ད་དུང་འགྲོ་མགོན་འཕགས་པས་བཟོས་པའི་ཧོར་ཡིག་གསར་མ་བཅས་བརྐོས་ཡོད། ཡིན་རྒྱལ་རབས་སྐབས་ཀྱི་ཐམ་གའི་ཁ་རིས་ནི་བོད་ཡིག་དང་ཧོར་ཡིག་གསར་མ་མང་། མིང་རྒྱལརབས་སྐབས་ཀྱི་ཐམ་ཀའི་ཁ་ཀའི་ཁ་རིས་མང་ཆེ་ཤོས་ནི་རྒྱ་ཡིག་ཡིན།  ཆིང་རྒྱལ་རབས་སྐབས་ཀྱི་ཐམ་ཀའི་ཁ་རིས་ནི་བོད་ཡིག་དང་མན་ཡིག  རྒྱ་ཡིག་གསུམ་མམ་ཡང་། བོད་ཡིག་དང་མན་ཡིག  རྒྱ་ཡིག་དང་ཧོར་ཡིག་བཅས་བཞི་མཉམ་དུ་བཀོས་ཡོད། ཅེས་པ་ལས་ཐམ་གའི་དབིབས་གཟུགས་དང་ནང་གི་ཁ་རིས་སོགས་ཀྱི་ཁྱད་ཆོས་སོགས་ལག་ནང་དུ་ཡོད་ན། རྟགས་ཐམ་མི་འདྲ་བ་བཏབ་པའི་གནའ་བོའི་ཡིག་རྙིང་དང་ཡིག་ཚགས་སོགས་ཀྱི་ནང་དོན་ལ་དུས་ཡུན་རིང་པོ་བེད་སྤྱད་དེ་བལྟ་ཀློག་མ་དགོས་པར་ཐམ་གའི་ཁ་རིས་དང་དབྱིངས་གཟུགས་གཉིས་ལས་དུས་རབས་གཏན་ལ་དབབ་ཐུབ་མ་ཟད་ལས་ཤོག་ཀྱང་ཆེན་པོ་ཡོད་པ་བཅས་སོ།

16 ཞལ་ཁེབས་ལས་བརྟག་པ།

ཞལ་ཁེབས་ནི་གནའ་དཔེའི་དབུ་ཤོག་གི་སྲིབ་ངོས་སུ་རིན་ཆེན་སྣ་སྔས་ཡི་གེ་འབུར་བྲིས་སམ་གཞུང་དེའི་ནང་དོན་དང་མཐུན་པའི་སྐུ་བརྙན་བྲིས་པ་དེ་དག་ལ་བགྲེས་ཟད་མི་དམིགས་བསལ་གྱི་ཞལ་ཁེབས་ཡོད་པ་མཐོང་ཐོས་སུ་མ་མཆིས། དུས་རབས10-12ནང་དུ་འབྲི་བཞེངས་གནང་བའི་དཔེ་ད་ལྟ་མངའ་རིས་ས་ཁུལ་དུ་བཞུགས་པའི་གནའ་དཔེ་དག་ལ་ཞལ་ཁེབས་ཕུལ་ཡོད་པ་མཐོང་རྒྱུ་འདུག  འོན་ཏེ་གནའ་དཔེ་དེ་དག་གི་ཞལ་ཁེབས་ནི་དུས་རབས15པའི་ནང་དུ་བཞེངས་པའི་གསུང་རབ་བྲིས་མའི་ཞལ་ཁེབས་དང་མི་འདྲ་བ་སྟེ། གཞུང་དེའི་བྲིས་ངོས་སུ་གཞུང་དེ་འབྲི་བཤུས་བྱ་བའི་འབྲི་ཤོག་དང་ཅུང་ཟད་མི་འདྲ་བ་འཇམ་ཤ་དོད་པའི་ཤོག་བུ་ཞལ་ཁེབས་སུ་བཏང་ནས་འདུག  ཞལ་ཁེབས་སུ་བཏང་བའི་ཤོག་བུ་དེའི་སྟེང་དུ་གཞུང་དེ་འབྲི་བཞེངས་སྐབས་སུ་མཆོས་ཡོན་སྦྱིན་བདག་དང་ཡིག་མཁན། འབྲི་ཤོག་དང་སྣག་ཚའི་སྤུས་ཀ་སོགས་ཅི་ཞིག་བཏང་ཡོད་མེད་གཞུང་དེའི་ཡིག་གཟུགས་ལས་ཅུང་ཟད་ཆུང་བ་ཞིག་བྲིས་འདུག  རྗེས་སུ་དུས13-14བར་དུ་བཞེངས་པའི་གཞུང་འགའ་ཞིག་གི་ཞལ་ཁེབས་སུ་སྔོན་གྱི་ལས་ཁེབས་ཇི་བཞིན་ཤོག་བུ་མ་བཏང་བར། དེའི་དོད་དུ་བྱང་དར་རམ་ཧོར་གོས་སོགས་ཞལ་ཁེབས་སུ་བཏང་འདུག  དེ་ནི་སྐབས་དེ་དུས་དཔལ་འབྱོར་དབང་གིས་ཡིན་ནའང་འདྲ་ཡང་ན་སྦྱིན་བདག་གི་འཁོས་ཞན་པའི་རྐྱེན་ཡིནའ་རེད། གང་ལྟར་ཡང་སྐབས་དེ་དུས་ཀྱི་གནའ་དཔེ་དག་ལ་སྤྱིར་གྱི་ཆ་ནས་ཞལ་ཁེབས་བྱང་དར་ནལ་གཅིག་མ་བཏང་པ་བཇལ་རྒྱུ་མང་། དུས་རབས15པའི་རྗེས་ནས་གནའ་དཔེའི་ཞལ་ཁེབས་སུ་བྱང་དར་དཀྱུས་མ་ལན་གཅིག་ནས་དར་ཚོན་སྣ་སྔའི་ཐོག་བྱ་འབྲུག་ཁ་སྤྲོད་དང་འབྲུག་ཚང་སྒོར་སོགས་ཀྱིས་རི་མོས་བརྒྱན་པའི་ཞལ་ཁེབས་སྤུས་ལེགས་ཀྱིས་སྤྲས་པའི་གནའ་དཔེ་དཔལ་ལྡན་ས་སྐྱ་དགོན་དང་ཕོ་བྲང་པོ་ཏ་ལ། ནོར་གླིང་སོགས་ཀྱི་ནང་དུ་བཞུགས་པ་མཇལ་རྒྱུ་འདུག

17 ཆེད་སྤྱོད་ཐ་སྙད་ལས་བརྟག་པ།

བོད་ལ་བསྟན་པ་ཕྱི་དར་ནས་འགོ་ཚུགས་ཏེ་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་མང་པོ་ཞིག་འཕེལ་ཡོད་དེ། རྙིང་མ་དང་ས་སྐྱ། བཀའ་འགྱུར་དང་དགེ་ལུགས། ཇོ་ནང་སོགས་ཡིན། ད་ལྟ་ང་ཚོས་མཇལ་ཐུབ་པའི་གནའ་དཔེ་མང་པོ་ཞིག་ནི་གྲུབ་མཐའ་དེ་དག་གི་སྲོལ་འབྱེད་མཁན་པོ་དང་དེའི་རྗེས་འབྲངས་ཀྱི་བུ་སློབ་དག་གིས་ལྗགས་རྩོམ་གནང་ནས་བྱུང་བ་ཞིག་ཡིན། སྔོན་གྱི་གནའ་དཔེ་བཞུགས་པའི་དགོན་སྡེ་མང་པོ་ཞིག་ལོ་རྒྱུས་དང་དུས་ཀྱི་དབང་གིས་ཆོས་ལུགས་གྲུབ་མཐའ་གཞན་དུ་བསྒྱུར་བའང་ཡོད་པ་སྟེ། དཔེར་ན་གནའ་དཔེ་བཞུགས་སའི་དགོན་སྡེ་ག་གེ་མོ་ཞིག་ཐོག་མར་རྙིང་མ་དང་ས་ལུགས་གང་ཞིག་ཡིན་རུང་། རྗེས་སུ་དགོན་སྡེ་དེ་ཆོས་ལུགས་གྲུབ་མཐའ་དགེ་ལུགས་སམ་བཀའ་བརྒྱུད་གང་རུང་ཞིག་ཏུ་འགྱུར་ཡོད་སྟབས། དེར་དཔེ་རྙོགས་སུ་སོང་བའི་གནའ་དཔེ་མང་པོ་ཞིག་བཞུགས་ཡོད་པས་གནའ་དཔེ་དེ་དག་གྲུབ་མཐའ་གང་ཞིག་གི་གནའ་དཔེ་ཡིན་མིན་བརྟགས་པའི་སྐབས། ཡག་ཤོས་བྱུང་ན་གནའ་དཔེ་དེ་དག་ཆ་ཚང་ལྗགས་ཀློག་ཞུས་ནས་གཏན་ལ་དབབ་དགོས་མོད་ཀྱང་། དུས་ཚོད་དང་ཆ་རྐྱེན་མ་འཛོམས་པ་ཡིན་ན་ཆོས་ལུགས་གྲུབ་མཐའ་ཁག་གི་ཆེད་སྤྱོད་ཐ་སྙད་ལས་གཏན་ལ་དབབ་ན་འཛོལ་ནོར་ཉུང་བ་དང་ལས་ཤོག་ཐོན་པ་ཞིག་ཡོད། གནའ་དཔེ་ག་གེ་མོ་ཞིག་གི་གཞུང་དུ་གསལ་སྟོང་འཛིན་མེད་ཅེས་པའི་ཐ་སྙད་དེ་མང་པོ་མཇལ་ཐུབ་པའི་སྐབས་སུ་གནའ་དཔེ་དེ་ས་སྐྱ་བའི་གནའ་དཔེ་ཡིན་པར་ཐག་བཅད་ཆོག་སྙམ། གང་ཟེར་ན། བོད་ཀྱི་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ས་སྐྱ་རང་གི་ལམ་འབྲས་ཀྱི་ལྟ་བ་དེ་ལ་གསལ་སྟོང་འཛིན་མེད་ཟེར། དེ་ནི་ས་སྐྱ་རང་གི་ཆོས་ཀྱི་མིང་ཚིག་ཡིན་པས་བཀའ་བརྒྱུད་པ་སོགས་ཆོས་གཞན་ལ་གསལ་སྟོང་འཛིན་མེད་ཟེར་བ་དེ་གསུང་སྲོལ་མེད་ཅེས་གནའ་དཔེའི་ཕྱག་ལས་གནང་མཁན་དག་གི་བློ་ལ་ཡོད་ན་གནའ་དཔེ་དེ་གྲུབ་མཐའ་གང་ཞིག་གི་གནའ་དཔེ་ཡིན་མིན་ཐད་ཀར་གཏན་ལ་དབབ་ཐུབ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-14

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།