མཆན་འགྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆན་འགྲེལ།
མཆན་འགྲེལ་ཞེས་པའི་ཚིག་དེ་བེད་སྤྱོད་མ་བྱས་པའི་ཡར་སྔོན་དུ་བོད་ཀྱི་མཁས་པ་དང་གསུང་རབ་སྨྲ་བ་དག་གིས་མཆན་འགྲེལ་ཞེས་པའི་ཚིག་དེའི་སྐད་དོད་དུ་ལེགས་སྦྱར་གྱི་སྐད་ཌིཀྐ་ཞེས་པ་དེ་བཀོད་སྤྱོད་གནང་གི་འདུག ཌིཀྐ་ཞེས་པའི་གོ་དོན་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཌིཀྐ་ཞེས་པ་ལེགས་སྦྱར་ཏེ་དཔེ་གཞུང་རྩ་བ་གང་ཡིན་འགྲེལ་བཤད་དམ་འགྲེལ་བ་ལ་ཟེར།
1 བྱུང་བ།

དེ་ཡང་བོད་སྐད་ཀྱི་མཆན་འགྲེལ་ཞེས་པའི་ཚིག་དེ་བེད་སྤྱོད་མ་བྱས་པའི་ཡར་སྔོན་དུ་བོད་ཀྱི་མཁས་པ་དང་གསུང་རབ་སྨྲ་བ་དག་གིས་མཆན་འགྲེལ་ཞེས་པའི་ཚིག་དེའི་སྐད་དོད་དུ་ལེགས་སྦྱར་གྱི་སྐད་ཌིཀྐ་ཞེས་པ་དེ་བཀོད་སྤྱོད་གནང་གི་འདུག ཌིཀྐ་ཞེས་པའི་གོ་དོན་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཌིཀྐ་ཞེས་པ་ལེགས་སྦྱར་ཏེ་དཔེ་གཞུང་རྩ་བ་གང་ཡིན་འགྲེལ་བཤད་དམ་འགྲེལ་བ་ལ་ཟེར་ཞེས་དང་བོད་དབྱིན་སམ་གསུམ་གྱི་ཚིག་གི་གཏེར་མཛོད་ཞེས་པའི་ནང་ཌིཀྐ་ནིused forདི་ཀཱ -explanation commentary ཞེས་འཁོད་འདུག་པས་དེའི་གོ་དོན་མུ་མཐུད་དེ་འགྲེལ་བའི་དགོས་པ་ཆེས་ཆེར་མ་མཐོང་། ནང་བསྟན་གཞུང་ལུགས་ནང་བྱན་ཆུད་པའི་ལོ་པཎ་དག་གིས་དཀའ་བ་ཁྲི་ཕྲག་མང་པོ་ཁྱད་དུ་བསད་དེ་གཞུང་དེ་དག་གི་ལུང་རྒྱུན་བཙལ་རྙེད་གནང་ནས་གཞུང་ཁུངས་དག་པར་བྱས་ཏེ། བོད་རིགས་ཀྱི་ལོ་ཙཱ་བ་དག་གིས་འཕགས་པའི་ཡུལ་གྱི་འགྲེལ་རྩོམ་རྣལ་མ་དག་ཁབ་ཤུལ་སྐུད་པས་བསྣན་པ་ལྟར་རང་སྐད་དུ་བསྒྱུར་གནང་མཛད་དུས་ནས་མཆན་འགྲེལ་ཞེས་པ་དེ་བྱུང་ཡོད་པར་མངོན། ཆེས་ཐོག་མའི་ནང་བསྟན་གསུང་རབ་དག་གི་ཌིཀྐ་ཞེས་པ་དེ་བོད་སྐད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་མཆན་འགྲེལ་ཞེས་པའི་ཚིག་དེ་བཀོལ་སྤྱོད་མ་གནང་བའི་ཡར་སྔོན་དུ་གཞུང་ཁག་གི་འགྲེལ་པ་ཁག་ལ་ཌིཀྐ་ཞེས་པ་བེད་སྤྱོད་གནང་གི་འདུག གང་ལགས་ཤེ་ན། བསྟན་པ་སྔ་དར་སྐབས་ཀྱི་གཞུང་ཆེན་དག་གི་འགྲེལ་རྩོམ་ལ་རྒྱ་གར་འཕགས་པའི་ཡུལ་གྱི་སྐད་དེ་ཌིཀྐ་ཞེས་པ་དེ་བཀོལ་སྤྱོད་ཤུགས་ཆེན་པོ་གནང་པ་དཀར་ཆག་འཕང་ཐང་མ་སོགས་ལ་གཟིགས་ཞིབ་གནང་ན་ཤེས་རྟོགས་ཐུབ་པ་མ་ཟད། བོད་ཀྱི་གསུང་རབ་སྨྲ་བ་ངེས་པ་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་སྔོན་གྱི་དཔེ་རྙིང་རྣམས་ལ་རྒྱ་སྐད་རང་སོར་བཞག་པ་ཡང་མང་སྟེ། དཔེར་ན་བུདྡྷ་ལ་སྐྱབས་སུ་འགྲོ་བ་སོགས་དང་གཅེན་ཨ་སོགས་ཡགཙརཡའི་ལྟ་བ་སྲོལ་ཕྱེས་ཏེ་བྱ་བ་དང་། སྒྲ་སྦྱོར་བམ་གཉིས་སུ་དྷརྨ་ཞུ་ཆེན་གྱི་སོགས་དང་། གཞན་ཡང་དཔལ་བརྩེགས་ཀྱི་མདོ་བསྡུས་བྱ་བ་བསྟན་འགྱུར་དུ་བཞུགས་པ་དེ་དཔེ་རྙིང་འཁྲུལ་མེད་ཅིག་འདུག་པས་དྲོནའིབུནནིཏལའི། བུདྡྷི་སྲས་ནི་རྭཧུ་ལའོ་སོགས་རྒྱ་སྐད་མང་དུ་བྲིས་པའོ་ཞེས་གསུངས་པ་ལས་སྔོན་གྱི་ནང་བསྟན་གསུང་རབ་ཀྱི་མཆན་འགྲེལ་ཞེས་པའི་ཚིག་དེ་དག་ལ་རྒྱ་གར་གྱི་སྐད་དེ་ཌིཀྐ་ཞེས་བཀོལ་སྤྱོད་གནང་ཡོད་པ་ཟུར་བལྟས་ལེབ་ཆོད་ཙམ་དུ་ཟད་དཔེར་ན་རང་རེ་རྣམས་ཀྱི་ཞལ་རྒྱུན་དུ་ཆགས་པ་མཚོ་ཌིཀྐ(ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་བའི་འགྲེལ་པ)དང་དར་ཌིཀྐ(རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མའི་གཞུང་གི་འགྲེལ་པ)སོགས་ལྟ་བུའོ། །

དེར་བརྟེན་བོད་ཀྱི་མཆན་འགྲེལ་ཞེས་པའི་ཚིག་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ལས་བྱུང་པའི་ཚིག་ཡིན་པ་ཁུངས་བསྐྱལ་ཐུབ། དེ་དང་ཆབས་ཅིག་ནུབ་ཕྱོགས་ཀྱི་མཆན་འགྲེལ་རིག་པ་ཞེས་པའི་ཐ་སྙད་དེའི་སྐོར་ལ་ཡང་ཞུས་ན། རྒྱ་ནག་གི་མཁས་པའི་དབང་པོ་ཅིན་ཁོ་མུ་ཡིས་མཛད་པའི་རིག་གནས་ཀྱི་དགའ་སྟོན་ཞེས་པར་མཆན་འགྲེལ་རིག་པ་ཞེས་པ་དེར་དབྱིན་སྐད་དུHermeneuticsཞེས་པའི་དོན་ཡིན། ཚིག་དེ་ནི་གནའ་བོའི་ཀེ་རི་སིའི་སྐད་ལས་བྱུང་བ་ཞིག་ཡིན། མཆན་འགྲེལ་རིག་པ་ཞེས་པ་ནི་སྐད་བརྡ་རིག་པ་ལས་རིམ་བཞིན་མཚན་ཉིད་རིག་པར་ཁ་ཕྱོགས་པ། རྩོམ་རིག་ལས་རིམ་བཞིན་མི་རིགས་རིག་པར་ཁ་ཕྱོགས་པ། སྤྱི་ཚོགས་ཚན་རིག་ཐད་དུ་ཁ་ཕྱོགས་པ་ཞིག་ཡིན། ཞེས་པ་ལས་ནུབ་ཕྱོགས་ཀྱི་མཆན་འགྲེལ་རིག་པའི་འབྱུང་ཁུངས་ཕུ་ཐག་བཅད་ནས་བརྗོད་གནང་འདུག  མདོར་ན་གོང་དུ་བརྗོད་པའི་རྒྱུ་མཚན་དེ་དག་གི་དབང་གིས་བོད་དང་ནུབ་ཕྱོགས་ལ་མཆན་འགྲེལ་རིག་པ་དེ་ཆེས་ཐོག་མར་མི་རིགས་གཞན་ཏེ་རྒྱ་གར་དང་ཀེ་རི་སིའི་སྐད་ལས་བྱུང་བ་ཞིག་ཡིན་པ་གསལ་བཤད་ཐུབ་བོ། །

2 གལ་ཆེའི་རང་བཞིན།
2_1 རྒྱ་གར་ལས་འཆད་པ།

རྒྱ་གར་འཕགས་པའི་ཡུལ་དུ་སྤྱི་ལོའི་སྔོན་གྱི་དུས་རབས6པའི་ཡུས་མས་སུ་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་ནས་བཟུང་ཁོང་གི་བློ་རིག་ལ་བརྟེན་ནས་ནང་བསྟན་སྲོལ་བཏོད་གནང་སྟེ། ཆོས་ཀྱི་འཁོར་ལོ་ཐེངས་གསུམ་ཙམ་བསྐོར་གནང་བ་ལས་ནང་ཆོས་ཆར་ཤུལ་རྗེས་ཀྱི་ཤ་མོ་ཇི་བཞིན་ག་ས་ག་ལ་བརྡོལ། ལྷག་དོན་དུ་རྒྱ་གར་གི་རིག་གནས་ལོ་རྒྱུས་ལས་འཆད་ན་དེ་རྗེས་ཆོས་རྒྱལ་མྱ་ངན་མེད་སྤྱི་ལོའི་སྔོན་གྱི247ལོ་དང་ཀ་ནི་ཀ་དེ་སྤྱི་ལོའི་སྔོན་གྱི་དུས་རབས2པར་ཡང་བཀའ་བསྡུ་ཐེངས་གཉིས་པ་གནང་། རྒྱ་གར་འཕགས་པའི་ཡུལ་དུ་ཕལ་ཆེར་དུས་རབས1-2པའི་ནང་དུ་ནང་བསྟན་གསུང་རབ་ཁག་འཐུས་སྒོ་ཚང་ཞིང་རེག་ཟིག་ཏུ་བཀོད་ནས་གླེགས་བམ་ཏུ་བསྒྲུབ་ཟིན་པ་ཞིག་ཡིན་ནའང་ནང་ཆོས་རེག་ཟིག་ཏུ་བཀོད་པའི་ལུགས་སྲོལ་དེ་མ་དར་བའི་ཡར་སྔོན་དུ་གཞུང་ཆེན་གང་དང་གང་ཞིག་ཡིན་རུང་སྙན་བརྒྱུད་དང་ངག་ཐོག་གི་ཐབས་ལམ་ལ་བརྟེན་ནས་གཞུང་དེ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད། དེ་ལྟར་ཡིན་ཙ་ན་ངག་ཐོག་ནས་གཞུང་དེའི་བརྗོད་དོན་མ་ལུས་པ་ཡོངས་སུ་བློ་ལ་ཡོང་དགོས་ན། གཞུང་དེའི་བརྗོད་དོན་མ་ལུས་པར་ཚིགས་བཅད་ཀྱི་རྡོག་ཏུ་བསྒྲིལ་ནས་བློ་ལ་ཟིན་ན་ཟིན་བདེ་བ་དང་སྙན་ཆ་ལྡན་པ་ཞིག་ཡོང་གི་ཡོད་ཙང་། སྔོན་འཕགས་པའི་ཡུལ་གྱི་གཞུང་ཆེན་དག་ཚིགས་བཅད་ཀྱིས་ལུས་སུ་བཅོལ་ནས་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་ཤེས། རྗེས་སུ་ནང་བསྟན་ལ་བཞུགས་པའི་བློ་དམན་དང་ནང་བསྟན་ལ་དད་མོ་རྩེ་གཅིག་ཏུ་སོང་བའི་འཇིག་རྟེན་པ་རྣམས་ཀྱིས་གཞུང་དེ་དག་གི་ནང་དོན་ཆད་ལུས་མེད་པ་ཞིག་ཤེས་རྟོགས་བྱེད་སྐབས་སྔོན་གྱི་གཞུང་ཆེན་བརྡ་སྤྲོད་ཀྱིས་བཙན་པའི་ལེགས་སྦྱར་གྱི་ཚིགས་བཅད་ལམ་ནས་སུག་བྲིས་བགྱིས་པ་དེ་དག་གིས་རྒྱ་གར་འཕགས་པའི་ཡུལ་དུ་སྐད་རིགས་གཞན་སྨྲ་བའི་སྐྱེ་བོ་རྣམས་ལ་ཚིགས་བཅད་ཀྱི་ལམ་དེས་གོ་བའི་འཁུར་ལྗིད་པོ་ཞིག་རང་བཞིན་གྱིས་སྟེར་སྟབས་དེར་བརྟེན། མཆན་འགྲེལ་གྱི་ལམ་ལ་བརྟེན་ནས་གོ་བ་ལེགས་པོ་ཞིག་འཁོན་པ་བྱ་རྒྱུ་དེ་ཤིན་ཏུ་ནས་འགངས་ཆེ་བར་མངོན། 

དེས་ན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་གསུངས་དོན། བཀའ་བསྡུ་དང་པོ་བྱེད་དུས་ཙམ་ནས་ཚིག་བློ་ལ་འཛིན་བདེ་བ་དང་སྐྱོར་སྦྱང་བྱེད་སླ་བ། ཕྱིས་འབྱུང་བརྗེད་མི་འགྲོ་བར་རྒྱུན་གནས་ཐུབ་ཕྱིར་ཚིགས་བཅད་དུ་བཀོད་སྒྲིག་བྱས་པར་མངོན། ཚིགས་བཅད་དུ་བསྡེབས་ཟེར་བའང་སྐབས་དེར་ཡི་གེ་བྱུང་ཡོད་ཀྱང་སྟོན་པས་བཀའ་བསྩལ་པ་དག་མི་ཉམས་རྒྱུན་གནས་ཐུབ་ཐབས་སུ་ངག་འདོན་བདེ་བའི་ཚིགས་བཅད་ཐུང་ཐུང་དུ་བསྡེབས་པ་ལ་གོ་དགོས། དེ་ལྟར་བློ་ཐག་བཞུགས་པའི་ཚིགས་བཅད་ཀྱི་བཀའ་རྣམས་སྙན་ནས་སྙན་དུ་བརྒྱུད་ཚུལ་ལུང་འབོག་ཡོང་རིང་ལ་ཚིགས་བཅད་ཀྱང་ཇེ་མང་དུ་འཕེལ་བ་དང་ཆབས་ཅིག་ཚིགས་ལྷུག་གི་མདོ་རིང་པོ་རྣམས་ཀྱང་རིམ་པས་བརྩམས་པར་མངོན །ཞེས་པ་དེས་ལས་མཆན་འགྲེལ་གྱི་གལ་ཆེའི་རང་བཞིན་གནད་དུ་འཁེལ་བ་ཞིག་གསུངས་པ་ལ་ཤིན་ཏུ་ནས་མད། ད་དུང་རྒྱ་གར་འཕགས་པའི་ཡུལ་དུ་འགྲེལ་བྱེད་སློབ་དཔོན་ས་ར་ཧ་སྟེ་རང་རིགས་ཀྱིས་མདའ་བསྣུན་ཞེས་སྦྱར་བ་ཁོང་ནས་བཟུང་རིམ་པས་བཞིན་རྒྱན་དྲུག་ཕྱོགས་གཉིས་ལ་སོགས་མཁས་པ་གསེར་རིའི་འཕྲེང་བ་ལྟར་བྱོན་པ་དེ་དག་གིས་སྔོན་གྱི་རྩ་བ་ཚིགས་བཅད་དེ་དག་ལ་ཐབས་ལམ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་མཆན་འགྲེལ་སྤེལ་གནང་བ་ལས་ནང་བསྟན་གསུང་རབ་ཀྱི་བརྗོད་བྱ་རྣལ་མ་དག་གོ་བ་ལེན་པ་ལ་ནུས་པ་དཔེ་མི་སྲིད་ཐོན་ཡོད་པ་སྟེ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བསྟན་འགྱུར་དཀར་ཆག་ཏུ་ལེ་ཚན་གཅིག་རྒྱ་གར་འཕགས་པའི་ཡུལ་དུ་འགྲེལ་བྱེད་མཁན་པོ་ཇི་ལྟར་བྱོན་ཡོད་པའི་སྐོར་ལ་ལྡེབ་གྲངས་བཞི་བཅུ་ལྷག་ཙམ་སུག་བྲིས་གནང་འདུག་པས་ཀྱང་རྒྱ་གར་གྱི་མཆན་འགྲེལ་རིག་པའི་གལ་ཆེའི་རང་བཞིན་ཅི་འདྲ་ཡིན་པ་ཤུགས་ལ་རྟོགས་ཐུབ་བོ། །

2_2 བོད་ཡུལ་ལས་འཆད་པ།

བོད་ཀྱི་གནའ་རྩོམ་ལའང་གསུང་རབ་རིག་པའི་གཞུང་ལུགས་ལས་གསུངས་པ་ལྟར་དབྱེ་ན་འདི་ལྟར་བཞག་ཆོག་པ་སྟེ། རྒྱུད་འཛིན་གྱི་གསུང་རབ་དང་གཅིག དེ་མིན་ས་འོག་ནས་བྱུང་བའི་གསུང་རབ་གཉིས་སོ། ། དེ་དག་ལ་ཕྱོགས་ཡོངས་ནས་དམིགས་ཏེ་བསམ་གཞིགས་ཤིག་གནང་ཚེ། རྒྱུད་འཛིན་གྱི་གསུང་རབ་ནི་གནའ་རབས་ཀྱི་མི་རྣམས་ཀྱིས་ཡིག་ཐོག་ཏུ་བཀོད་དེ་རྒྱུན་ཆད་མེད་པར་དར་ཁྱབ་བྱུང་ནས་ཆགས་པའི་གསུང་རབ་དག་ལ་ཟེར། 

རྩོམ་རིག་དེ་དག་ནི་གཙོ་བོ་ནང་བསྟན་གསུང་རབ་དག་ལ་གོ་ན་ཆོག གཉིས་པ་སྟེ་ས་འོག་ནས་བྱུང་བའི་རྩོམ་རིག་སྟེ་གཙོ་བོ་མཐོ་བོད་བཙན་པོའི་སྐབས་སུ་སུག་བྲིས་གནང་བའི་རྩོམ་རིག་དག་ལ་ཟེར། དཔེར་ན་བཙན་པའི་རྒྱལ་རབས་སྐབས་ཀྱི་རྡོ་རིང་གི་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། ཁྲམ་བྱང་སོགས་ཡིན། རྩོམ་རིག་དེ་དག་ལ་བསམས་ན་མཆན་འགྲེལ་གྱི་རིག་པ་དེ་ཤིན་ཏུ་ནས་དགོས་མཁོ་ཆེ་བར་སེམས། རྒྱུད་འཛིན་གྱི་གསུང་རབ་ཐད་མཆན་འགྲེལ་ཞེས་པའི་ཐ་སྙད་དེ་རང་རེ་ཁ་བ་རི་བོའི་གནའ་རྩོམ་གྱི་ཁྲོད་དང་ཐོག་བཀོལ་གནང་དུས་ནང་བསྟན་གསུང་རབ་ཁྲོད་དུ་བྱུང་བ་ཞིག་ཡིན། གང་ལེགས་ཤེ་ན། བོད་ཀྱི་གསུང་རབ་ལ་ཆ་རྒྱུས་ཡོད་པའམ་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་གྱི་སྐྱེ་བོ་ཞིག་གི་ངོས་ནས་བརྗོད་ན་དེ་དཀའ་གནད་ཅིག་མ་ཡིན། གསུང་རབ་དེ་དག་གི་མཚན་བྱང་འདི་ལྟར་ཡོད་པ་སྟེ་གཞུང་ག་གེ་མོའི་མཆན་དང་གཞུང་ག་གེ་མོའི་འགྲེལ་བ། ད་དུང་གཞུང་ག་གེ་མོའི་ཌིཀ་ཞེས་པའི་མཚན་བྱང་ལྟ་བུ་ཤིན་ཏུ་མང་བ་མཇལ་རྒྱུ་འདུག མདོ་ལས་ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ལེགས་པར་གསུངས་པ་དང་དེའི་དགོངས་པ་འགྲེལ་བ། དེའི་དབང་གིས་ཤཱཀྱའི་བསྟན་པ་འདི། འཇིག་རྟེན་དག་ཏུ་ཡུན་རིང་གནས་པར་འགྱུར་ཞེས་གསུངས་པ་ལྟར་ན་སྔོན་གྱི་སྐྱེ་བོ་དམ་པ་རྣམས་ཀྱིས་ནང་བསྟན་ཆོས་ལུགས་འདི་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་པའི་ཆེད་དུ་ལུས་ངག་ཡིད་གསུམ་ནང་བསྟན་ཆོས་སྒོར་བཞུགས་པའི་བཙུན་པ་དག་གིས་རང་གི་བློ་དང་རིག་པ་ལ་བརྟེན་ནས་ཕ་བླ་མ་དམ་པ་དག་གི་གསུང་སྒྲོས་ལུ་གུའི་རྒྱུན་བཞིན་སྤེལ་སླད་དུ། གསུང་སྒྲོས་དེ་དག་ལ་གཞི་བཅོལ་ཏེ་ཡུལ་དུས་དང་མཚམས་པའི་མཆན་འགྲེལ་བསྐྱོན་གནང་ཡོད་པའི་རྐྱེན་གྱིས་ཡིན། གཞུང་ག་གེ་མོ་མཆན་འགྲེལ་བསྐྱོན་གནང་བའི་སྐབས་སུ་རང་ཉིད་གཞུང་དེ་དག་གི་མྱོང་བ་དང་ལུང་རྒྱུན་སོགས་མེད་ན་སྤྱིར་གྱི་ཆ་ནས་འགྲེལ་རྩོམ་གནང་གི་མེད་པ་གཞུང་དེ་དག་གི་མཛད་བྱང་ལས་གཅིག་ཤེས་ཀུན་གྲོལ་བྱུང་། 

དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱི་སྤྲིན་གྱི་ཕོ་ཉའི་འགྲེལ་དུ་གསུངས་དོན། འདི་སྙན་ངག་གྲགས་ཆེན་པོ་ཞིག་ཏུ་བྱས་ནས་ལྟ་ཀློག་དང་འཆད་ཉན་བྱེད་མཁན་མ་བྱུང་བར་སྣང་ལ། དེའི་རྒྱུ་མཚན་ནི། སྙན་ངག་འདིའི་ནང་དོན་ཕོ་མོའི་འདོད་གདུང་གི་ཉམས་འགྱུར་མཚོན་པ་ཡིན་པས། སེར་མོ་བའི་ཁྲོད་དུ་འཆད་ཉན་བྱེད་པའི་དགག་བྱ་ཆེ་བའི་གནད་དོན་ལ་ཐུག་ཡོད་ཅིང་། དམངས་ཁྲོད་དུ་མ་དར་བ་དང་། སྙན་ངག་སྦྱངས་མཁན་རྣམས་ལ་ཡང་རྩོམ་ཉམས་ཀྱིས་བཟང་ཤན་མ་ཐེབས་པ་ནི། གཙོ་བོ་འགྱུར་ཚིག་ཤིན་ཏུ་གོ་དཀའ་བ་དང་། སྒྱུར་མཁན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་གོ་བདེའི་ཚིག་འགྲེལ་རྩོམ་མེད་པ་དང་། རྒྱ་གཞུང་ཕལ་ཆེར་ཁྲིད་རྒྱུན་དང་རྒྱ་འགྲེལ་ཞིག་མེད་ན་ཚིག་དོན་གོ་དཀའ་ཞིང་འགྲེལ་བཤད་ཡང་རྒྱག་དཀའ་བའི་གནད་དེ་ལ་ཐུག་ཡོད་པ་འདྲ་ཞེས་པས་གོ་བ་འཁོན་ཐུབ་བོ། །

3 ཆེས་ཐོག་མའི་མཆན་འགྲེལ།

དེ་ཡང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ཞལ་རྒྱུན་ལ་མཛོད་མཆིམས་ལ་ཐུག  ཤེར་ཕྱིན་གཡག་ལ་ཐུག ཚད་མ་ཉ་ལ་ཐུག དབུ་མ་རེད་ལ་ཐུག་ཅེས་གསུངས་སྲོལ་ཡོད། དེ་དག་རྒྱས་པར་ཞུས་ན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་ལས་མཆིམས་བརྩོན་འགྲུས་སེང་གེས་མངོན་པ་མཛོད་ཀྱི་ཌིཀ་ནག་འཇམ་དུ་གྲགས་པའི་ཌིཀ་མཛད་ཅིང་བོད་ཀྱི་ཐོག་མ་བྱུང་། དེ་ནས་མཆིམས་ནམ་མཁའ་གྲགས་དང་བསམ་གཏན་བཟང་པོས་བཅོམ་ལྡན་རིགས་རལ། རེད་མདའ་བ་རྒྱུད་འཛིན་དང་བཅས་པ་སོགས་མཁས་པ་དུ་མས་འགྲེལ་ཌིཀ་མཛད་ཅིང་སྤེལ་ཞེས་དང་ཇོ་བོ་དང་རིན་བཟང་རྔོག་ལོ་ཆེན་པོ་བཅས་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་ཀྱི་བཀའ་བབས་པ། རྔོག་ལོའི་སློབ་མ་ཐུ་བོ་བཞི་ལས་ཤེར་ཕྱིན་བཀའ་བབས་འབྲེ་ཤེས་འབར་གྱི་བཤད་རྒྱུན་དེ་དག་གཅིག་དྲིལ་གྱི་སྲོལ་ཆེན་པོ་གཏོད་པ་པོ་ཨར་བྱང་ཆུབ་སེང་གེ་བཟུང་སྟེ་བསྟན་པ་འདི་ལ་ཆེ་ཐང་དུ་མཛད་པ་ལས་རིམ་གྱི་བརྒྱུད་དེ་བུ་སྟོན་རིན་པོ་ཆེའི་སློབ་མ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་གཡག་མི་ཕམ་ཆོས་ཀྱི་བླ་མས་གསན་ཏེ་འགྲེལ་བ་ཆེ་ཆུངགསུམ་མཛད་ཅིང་འཆད་ཉན་རྩལ་དུ་བཏོན་པས་ཕར་ཕྱིན་གཡག་ལ་ཐུག་ཅེས་དང་ལྷོ་པ་ཀུན་མཁྱེན་དཔལ་གྱིས་ཀྱང་ཡིག་ཆ་ཅི་རིགས་མཛད། དེ་དག་དང་འུ་ཡུག་པས་འཆད་ཉན་ཡུན་རིང་མཛད་པའི་གསུང་རྒྱུན་ལ་འཇམ་དབྱངས་སྐྱ་བོ། ཉ་ལོ་ཆེན་པོ། ཆོས་རྗེ་བླ་མ་དམ་པ། ཉ་དབོན་ཀུན་དགའ་དཔལ་རྣམ་ཡང་སྔ་ཕྱི་ཅི་རིགས་བྱུང་ཞིང་ཕྱི་མ་ནི་རིག་པ་འདི་ལ་ཁྱད་པར་དུ་མཁས་པས་ཚད་མ་ཉ་ལ་ཐུག་ཅེས་དང་ད་དུང་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་པ་འདི་ནི་བོད་ཀྱི་ཤེར་སྙིང་འགྲེལ་བ་སྔ་ཤོས་དེ་ཡིན་ཞེས་ཏཱ་ར་ནཱ་ཐའི་ཞལ་ནས་བཱི་མ་མི་ཏྲའི་ཤེར་སྙིང་གི་འགྲེལ་པ་བི་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་པ་རྣལ་མ་ཡོད་པའི་སྐབས་སུ་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་པས་སྐུལ་ཏེ་མཛད་པ་ཞིག་ཡིན་པས་དེ་འཆད་ཉན་ཐུབ་ན་ཤིན་ཏུ་ལེགས་ཚུལ་དང་། དེ་ཉིད་ཀྱི་ཚིག་དོན་མཐའ་དག་ཞིབ་རྒྱས་ཀྱི་བཀྲལ་བ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པ་འདི་ཉིད་ཡིན་པར་བཤད་པ་ལྟར་ན། སྤྱིར་ཤེར་མདོ་ལ་ཤེས་རབ་སྙིང་པོ་ཞེས་པའི་མཚན་ཡང་བཱི་མ་མི་ཏྲས་གསོལ་ཏེ་རྒྱ་འགྲེལ་གྱི་ཐོག་མ་བཱི་མ་ལའི་རྒྱ་ཆེར་འགྲེལ་དང་། དེ་གསལ་བར་བཀྲལ་བ་བོད་འགྲེལ་གྱི་ཐོག་མ་ཨར་གྱི་ཤེར་སྙིང་གི་འགྲེལ་པ་འདི་ཉིད་ཡིན་ཞེས་གསུངས་པ་སོགས་ལས་བོད་དུ་གཞུང་ཆེན་ཁག་གི་ཌིཀ་ཆེས་ཐོག་མར་སྤེལ་གནང་མཁན་དང་འགྲེལ་པ་སྤུས་ལེགས་གང་དང་གང་གནང་ཡོད་པའི་ཚུལ་ཡིན་ནོ། །

4 དབྱེ་བ།

སྐབས་འདིར་བབས་པའི་བརྗོད་དོན་གཙོ་བོ་ནི་མཆན་འགྲེལ་ཞེས་པའི་ཚིག་དེ་སོ་སོར་ཕྲལ་ཏེ་མཆན་དང་འགྲེལ་སོ་སོར་དབྱེ་བ་ཅི་ཞིག་ཡོད་མེད་སྔོན་གྱི་མཁས་པ་གོང་མ་རྣམས་ཀྱིས་གསུང་ལ་མགོ་བཏགས་བཅོལ་ཏེ་ཞུ་བར་བྱའོ། །

4_1 འགྲེལ་གྱི་དབྱེ་བ།

གུང་ཐང་བསྟན་པའི་སྒྲོན་མེས་སྤྱིར་འགྲེལ་པ་ལ་དོན་གྱི་གནད་ཚང་བར་སྟོན་པ་དོན་འགྲེལ། དཀའ་གནད་བྱེ་བྲག་ཏུ་བཤད་པའི་དཀའ་འགྲེལ། ཚིག་འབྲུ་ཞིབ་ཏུ་གཉེར་བའི་ཚིག་འགྲེལ་དང་ཡིན་འདོན་གྱི་ཐོབ་ཚོད་ཙམ་སྟོན་པའི་ངག་འགྲེལ་དང་འཕྲོས་པ་ཡན་ལག་དང་བཅས་ཏེ་སྟོན་པའི་རྒྱ་ཆེར་འགྲེལ་དང་ལྔའོ་ཞེས་གསུངས་པ་ལས་འགྲེལ་གྱི་དབྱེ་བ་ཁག་ཁ་ཤས་ཤིག་ཡོད་པ་སྟེ་ཚིག་འགྲེལ་དང་དཀའ་འགྲེལ། དོན་འགྲེལ་དང་རྒྱ་ཆེར་འགྲེལ། ངག་འགྲེལ་བཅས་ཡིན་པས་དང་པོ་ཚིག་འགྲེལ་ནི་ཚིག་རེ་རེ་ནས་འབྱེད་པ་ཚིག་གི་འགྲེལ་པ་སྟེ་དཔེར་ན་ཞང་སྟོན་བསྟན་པ་རྒྱ་མཚོའི་བྱམས་བསྟོད་ཚང་བའི་ཅོད་པན་མའི་འགྲེལ་བ་ལས། ན་མོ་ཤྲཱི་གུ་རུ་ཞེས་སོགས་ནི་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའོ། མཉེས་གཤིན་པ་ནི་ཤིན་ཏུ་འཇམ་པའམ་ཤིན་ཏུ་བཟང་པོའི་དོན་ཏེ་དཔེར་ན་ཞིང་ས་གཤིན་པོ་ཟེར་བ་དང་། ཕན་ཚུན་ནང་གཤིན་ཟེར་བ་ལྟ་བུའོ། དེས་ན་འགྲོ་བ་ཐམས་ཅད་ལ་གནོད་སེམས་ཀྱི་རྩུབ་རེག་མེད་པར་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་ཆེན་པོས་ཐུགས་རྒྱུད་རྟག་ཏུ་བརླན་ཡང་ནག་པོའི་རྩ་ལག་སྟེ་ལས་དང་ཉོན་མོངས་པའི་ཕྱོགས་མ་ལུས་པ་བསྲེལ་པའམ་འཇོམས་པར་བྱེད་པ་དང་། ཤིན་ཏུ་བཅད་པར་དཀའ་བའི་བདག་འཛིན་པའི་འཆིང་བ་བཅད་ཀྱང་སྙིང་རྗེ་ཆེན་པོ་དམ་དུ་བཅིངས་པ་དང་། ཆགས་སྡང་ཞི་བའི་བཏང་སྙོམས་རྒྱུན་ཏུ་ལྡན་ཡང་བདག་པས་གཞན་ལ་གཅེས་པའི་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་བཏུད་ནས་མི་ཕམ་མགོན་པོ་ལ་བསྟོད་ཅེས་མཆོད་པར་བརྗོད་ཅིང་བརྩོན་པར་དམ་བཅས་སོ།། བརླན་ཡང་བསྲེག་ཅེས་དང་། བཅད་ཀྱང་དམ་དུ་བཅིངས་ཞེས་པ་དང་། བཏང་སྙོམས་ལྡན་ཡང་བདག་པས་གཞན་གཅེས་ཞེས་སྙན་ངག་གི་འགལ་རྒྱན་གྱི་ལུགས་སུ་བྱས་སོ། །འདི་མན་ཆད་ཚིག་འགྲེལ་བྱས་ན་གཞུང་ཧ་ཅང་ཉོག་འགྲོ་བར་འདུག་པས་གོ་དཀའ་བ་རྣམས་མ་གཏོགས་དོན་གྱི་ཚལ་དུ་བཤད་པར་བྱའོ། །ཞེས་པ་འདི་ནི་ཚིག་འགྲེལ་གྱི་དཔེ་ཡིན་ཏེ་ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས་ཚིག་འགྲེལ་བྱས་ན་གཞུང་ཧ་ཅང་ཉོག་འགྲོ་བ་འདུག་པས་གོ་དཀའ་བ་རྣམས་མ་གཏོགས་དོན་འགྲེལ་གྱི་ཚུལ་དུ་བཤད་པར་བྱའོ་ཞེས་པར་མཚོན་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་གལ་ཏེ་ཚིག་འགྲེལ་གནང་བ་ཡིན་ན་ཧ་ཅང་གི་གྲ་རྒྱས་པོ་ཞིག་གནང་རྒྱུ་ཡོད་པའི་སྐོར་ལ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མདོ་སྡེ་དོན་རེ་རེའི་འགྲེལ་བ་བྱེད་དམ་ཚིག་རེ་རེའི་འགྲེལ་བ་བྱེད། ཚིག་རེ་རེའི་འགྲེལ་བ་བྱེད་ན་ས་གཞི་ཐམས་ཅད་ཤུ་བར་བྱས། ཆུ་ཐམས་ཅད་གནག་ཚ་སོང་། རྩི་ཤིང་ཐམས་ཅད་སྨྱུ་གུར་སོང་ཡང་། ཚིག་རེ་རེའི་འགྲེལ་བ་བྱ་བར་མི་ནུས་པ། དོན་རེ་རེའི་འགྲེལ་བ་བྱེད་ན། ཚིག་ཇི་སྙེད་ཡོད་པ་ལ་དོན་ཡང་དེ་སྙེད་ཡོད་པས། དོན་རེ་རེའི་འགྲེལ་བ་ཡང་བྱ་བར་མི་ནུས་སོ། །ཞེ་ན། ལན་དུ་དོན་རེ་རེའི་འགྲེལ་བའང་མི་བྱེད། ཚིག་རེ་རེའི་འགྲེལ་བའང་མི་བྱེད་དོ་ཞེས་གསུངས་པ་དེ་ལས་ཚིག་འགྲེལ་གནང་བ་ཡིན་ན་ཧ་ཅང་གི་གྲ་རྒྱས་པོ་ཞིག་ཡོང་པའང་ཤུགས་སུ་རྟོགས། 

དོན་འགྲེལ་གྱི་དཔེར་བརྗོད་ལ་ཡང་ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་ལས་ལམ་ལ་སློབ་པའི་ནང་གི་རྐྱེན་བཟོད་པ་དང་། སེམས་རྒྱུད་དྲང་བ། གྱ་གྱུ་སྟེ་གཡོ་སྒྱུ་མེད་པ་དང་། གཞན་དོན་ལ་མ་ཞུམ་པའི་ས༎སྙིང་སྟོབས་དང་དད་པ་དང་། རྒྱུན་མི་ཆད་ཅིང་ཤུགས་དྲག་པའི་བརྩོན་འགྲུས་དང་ཤེས་རབ་ཕུན་སུམ་ཚོགས་པར་སྨོན་པ་ནི། བཟོད་ལྡན་དྲང་ཞིང་གྱ་གྱུ་མེད་པ་དང་། ཞེས་སོགས་ཤོ་ལོ་ཀ་གཅིག་གོ  ཕྱིའི་རྐྱེན་དགེ་བའི་དཤེས་གཉེན་བསྟེན་ནས་གཞུང་ལ་ཐོས་བསམ་བྱེད་པར་སྨོན་པ་ནི། རྒྱལ་པའི་དགོངས་པ་རྣམ་དག་རིག་སྟོབས་ཀྱིས་ཞེས་སོགས་ཤོ་ལོ་ཀ་གཉིས་སྟེ། དང་པོས་བཤེས་གཉེན་གྱི་ཡོན་ཏན་དང་གཉིས་པས་ཐོས་བསམ་བྱེད་ཚུལ་བསྟན་པ་སྟེ། གསུང་རབ་ཀྱི་དགོངས་དོན་འཁྲུལ་བ་མེད་པར་རྙེད་པ་མཁས་པའི་ཡོན་ཏན་དང་། བརྩེ་བ་ཆེན་པོའི་སྟོབས་ཀྱིས་དྲངས་པའི་གདུལ་བྱ་བཀྲི་བའི་ཐབས་མཁས་དང་། སྟོན་ཚུལ་མཁས་པའི་སྤོབས་པ་ཕུན་སུམ་ཚོགས་པ་སྟེ།  བཤེས་གཉེན་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་བསྟན་པས་རྒྱ་ཆེ་བར་སྣང་ངོ་། །གཉིས་པ་དེ་ཉིད་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལ་ཡུན་རིང་པོར་སྦྱངས་ཏེ། དེའི་དོན་ཚུལ་བཞིན་སྒྲུབ་པའི་སངས་རྒྱས་ཐམས་ཅད་བཀའ་བཞིན་སྒྲུབ་པས་མཉེས་པར་སྨོན་པ་སྟེ་གལ་འགངས་ཤིན་ཏུ་ཆེའོ། །ཞེས་པ་འདི་ནི་དོན་འགྲེལ་ཡིན་ནོ། །དེ་ལྟར་བརྗོད་དགོས་དོན་ནི་གོང་ལྟར་གཞུང་གི་ཚིག་འབྲུ་རེ་རེ་དམིགས་སུ་བཟུང་ནས་དེ་དག་གི་གོ་དོན་ཐོག་མར་ཡི་གེ་ཀློག་ལ་འཇུག་པ་ལྟར་མཛུབ་མོ་བཙུགས་ནས་དེ་དག་གི་འགྲེལ་བ་མི་གནང་བར་ཚིགས་བཅད་ཤོ་ལོ་ཀ་དེའི་གཞུང་དོན་ཧྲིལ་པོས་དོན་གང་བསྟན་གྱི་ཡོད་པ་གོང་བུ་གཅིག་ཏུ་དྲིལ་ནས་འཆད་གནང་བ་དེ་ལ་དོན་འགྲེལ་ཟེར་རོ། །

དཀའ་འགྲེལ་ནི་དོན་རྟོགས་དཀའ་འགྲེལ་བ་སྟེ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གཞུང་དངོས་དེ་རང་གི་སློབ་མ་དང་རྗེས་འཇུག་པ་རྣམས་ཀྱི་ཚིག་དོན་གང་རུང་ནས་རྟོགས་དཀའ་བར་སྣང་བའི་ཚིག་དུམ་དེ་དག་ལ་འགྲེལ་བསྐྱོན་པ་ལ་དཀའ་འགྲེལ་ཞེས་བརྗོད་དོ། 

རྒྱ་ཆེར་འགྲེལ་པ་ནི་གཞུང་གི་ཚིག་དོན་གཉིས་རྒྱ་ཆེར་འགྲེལ་པ་ལ་གཞུང་ག་གེ་མོ་ཞིག་མ་འོངས་པར་ཕྱི་རབས་པ་རྣམས་ལ་སློབ་སྦྱོང་དང་ཡིག་ཆའི་དགོས་མཁོར་ཕན་སླད་དུ་སྣག་ཤོག་དང་དུས་ཁོམ་ལ་མ་འཛེམས་པར་གཞུང་དེའི་ཚིག་དོན་དང་འབྲེལ་ཡོད་ཀྱི་དོན་རྣམས་བྱིས་པ་རྩེད་མོ་ལ་བཞུགས་པའི་སྐབས་ལྟར་གཟུགས་ཕུང་ཆེ་ཆུང་ལ་མ་ལྟོས་པར་ལག་གདང་དུ་འབྲེལ་ཏེ་རོལ་རྩེད་ལ་རོལ་བ་ཇི་བཞིན་གཞུང་དེའི་བརྗོད་བྱ་དང་འབྲེལ་ཡོད་དོན་རྣམས་ལྷུག་པོར་དཀྲོལ་པ་ལ་རྒྱ་ཆེར་འགྲེལ་ཞེས་བརྗོད། དཔེར་ན་རྗེ་རིན་པོ་ཆེས་མཛད་པའི་ཕར་ཕྱིན་གྱི་དོན་རྒྱ་ཆེར་འགྲེལ་ཏེ་ལེགས་བཤད་གསེར་ཕྲེང་ལྟ་བུའོ། །

ངག་འགྲེལ་ནི་མཐའ་དྲུག་ཚུལ་བཞིའི་བཤད་པའི་ནང་ཚན་ཡིན་དོན་བཤད་པ་ལྟ་བུ་ཡིན། དེ་ཕུད་པའི་ད་དུང་བོད་ཀྱི་མཁས་པའི་བཞེད་དགོངས་མི་འདྲ་བ་ཁ་ཤས་མཆིས་པས་འདིར་དཔེ་མཚོན་ཙམ་ཞིག་བརྗོད་ན། བིས་པ་འཇམ་དབྱངས་གྲགས་པས་མཛད་པའི་ལེགས་བཤད་གསེར་ཕྲེང་དུ། རྩ་བའི་དོན་བསྡུས་ཏེ་འབྱེད་པ་བསྡུས་དོན་གྱི་འགྲེལ་བ། རྩ་བའི་དོན་མདོ་དང་སྦྱོར་གྱི་འགྲེལ་པ། གཞན་གྱིས་གོ་སླ་བར་བཞག་པ་འབྱེད་པ་གོ་སླའི་འགྲེལ་པ། གཞན་གྱིས་བྱས་པའི་འགྲེལ་བར་འགྲེལ་བ་བྱེད་པ་ལ་འགྲེལ་བཤད་ཟེར་ཞེས་སོགས་ལ་བལྟས་ན། བོད་ཀྱི་འགྲེལ་རྩོམ་ནི་སྣ་མང་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་མཚོན་ལ། དེ་མིན་ད་དུང་གཞུང་འགྲེལ་མཛད་པ་པོའི་ཐོག་ནས་ཀྱང་དབྱེ་བ་བཞག་ན་ཁག་གཉིས་ཡོད་པ་སྟེ། རང་འགྲེལ་དང་གཞན་འགྲེལ་ནི་གཞུང་དེའི་རྩ་བ་མཛད་མཁན་ཡང་མཛད་པ་པོ་པོ་རང་ཡིན་ལ་ཕྱིས་སུ་རང་གི་བ་སློབ་རྣམས་ཀྱི་ཞུ་རྟེན་དང་བཅས་ཡང་ཡང་འཕུལ་པ་ལ་བརྟེན་ནས་རང་ཉིད་ཀྱིས་འགྲེལ་བསྐྱོན་གནང་བ་དེ་ལ་རང་འགྲེལ་ཞེས་བརྗོད་དོ། །དེ་ལས་ལྡོག་སྟེ་གཞུང་དེའི་རྩ་བ་རང་གི་ཕ་བླ་མ་དམ་པས་མཛད་པ་དང་རང་གིས་སློབ་མས་གཞུང་དེའི་འགྲེལ་མཛད་པ་ལ་གཞན་འགྲེལ་ཞེས་བརྗོད་དོ། །

4_2 མཆན་གྱི་དབྱེ་བ།

ཐོག་མར་མཆན་གྱི་གོ་དོན་རགས་ཙམ་ཞིག་འགྲེལ་ན། མཆན་ཞེས་པ་ནི་གང་ཟག་གི་མཆན་ཁུང་དུ་དངོས་པོའམ་གང་ཞིག་ཐོགས་པའམ་བསྣམས་པ་ལ་དཔེ་བྱས་པའི་སྒོ་ནས་རྒྱུན་འབྱམས་སུ་སོང་བའོ་དོན་ཐ་སྙད་ཅིག་སྟེ། གཞུང་དོན་གྱི་ཚིག་འགྲེལ་ཐུང་ངུའམ་རྩ་བའི་འབྲུ་དོན་ལ་མཆན་བུ་བཏབ་པ་དང་རྟོགས་དཀའ་བའི་གཞུང་དོན་ཚིག་གམ་ཐ་སྙད་གོ་བདེ་བར་འགྲེལ་བའི་ཡིག་ཚོགས་ཉུང་ཞིང་ཡིག་གཟུགས་ཀྱང་ཆུང་བའི་ཆ་ནས་མཆན་བུའང་བྱ་ཞེས་དང་ཚིག་གི་གཏེར་མཛོད་དུ་མཆན་བུnote,-annotation,footnote in a bookམཆན་བུའི་ཡི་གེའི་མཆན་བུ-words or lines written or printed in smaller character that the original and inserted in the མ་ཡིག(main-work)ཞེས་གསུངས་པ་གཉིས་ལས་ང་ཚོས་ཤེས་རྟོགས་ཐུབ། མཆན་བུ་དེ་ནི་ཚིག་གི་དོན་གོ་དཀའ་བ་དེའི་ཞབས་འོག་ཏུ་ཡིག་གཟུགས་ཆུང་ངུས་བྲིས་པའི་འགྲེལ་ཐུང་ངུ་ལ་མཆན་ཞེས་བརྗོད་ན་འགྲིག

མཆན་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་དབྱེ་བ་ཁག་བཞི་བཞག་གནང་གི་ཡོད་པ་སྟེ། ནག་མཆན་དང་གསེར་མཆན། དངུལ་མཆན་དང་དམར་མཆན་བཅས་སོ། །དེ་དག་ལ་དཔེ་མཚོན་རེ་རེ་ཞུས་ན་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི(གྲྭ་ས་སེར་བྱེས། རབ་བྱུང་བཅུ་གཉིས)མཛད་པའི་ལམ་རིམ་གྱི་མཆན་དང་སྟག་ལུང་ངག་དབང་གྲགས་པས(1418-1496)མཛད་པའི་ལམ་རིམ་གྱི་མཆན་ལ་ནག་མཆན། ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་ལམ་རིམ་གྱི་མཆན་ལ་གསེར་མཆན། བ་སོ་ཆོས་ཀྱི་རྒྱལ་མཚན(1537-1605)གྱིས་མཛད་པའི་ལམ་རིམ་གྱི་མཆན་ལ་དམར་མཆན་ཞེས་ཨ་ཀྱཱ་ཡོངས་འཛིན་གྱིས་འབོད་གནང་གི་འདུག ཡིན་ནའང་ཨ་ཁུ་རིན་པོ་ཆེའི་ལམ་རིམ་ཆེ་བའི་བཤད་ལུང་ཟིན་བྲིས་སུ། བ་སོའི་མཆན་ལ་ནག་མཆན་དང་སྟག་ལུང་འཇམ་དབྱངས་གྲགས་པའི་མཆན་ལ་སེར་མཆན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཆན་ལ་དམར་མཆན་ཞེས་གསུངས་ཀྱི་འདུག་པས་གང་འོས་དཔྱད་པར་འཚལ་ཞེས་ཆ་རིས་སྐལ་བཟང་ཐོག་མེད་ཀྱི《བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་གནད་ཀྱི་དྲིས་ལན》ནང་དུ་གསུངས་འདུག 

དེ་དག་སོ་སོའི་མཚན་ཉིད་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ནག་མཆན་ཞེས་པ་ནི་གཞུང་ཆེན་རྣམས་ཀྱི་ཡིག་འབྲུའི་ཞབས་སྣག་ཚ་ནག་པོས་བྲིས་པའི་མཆན་འགྲེལ་ཡིན། དཔེར་ན་སྐྱེས་རབས་སོ་བཞིའི་འགྲེལ་པ་སོ་སྟོན་འཇིགས་མེད་གྲགས་ཀྱིས་བཏབ་པའི་ནག་མཆན་ནོ། དམར་མཆན་ནི་གཞུང་ཆེན་རྣམས་ཀྱི་ཡིག་ཞབས་ལ་སྒོར་ཐིག་དང་བཅས་སྣག་ཚ་དམར་པོས་བྲིས་པའི་མཆན་འགྲེལ་ལོ་ཞེས་པ་ལས་གཞན་གཉིས་ཀྱི་མཚན་ཉིད་ཀྱང་གཅིག་ཤེས་ཀུན་གྲོལ་ཐུབ། དེ་ནས་མཆན་གྱི་རིགས་དེ་དག་གི་མཆན་འགྲེལ་མཁན་པོས་ཐོག་མར་སྣག་ཚའི་རྒྱུ་སྤུས་ཅི་འདྲ་ཞིག་གིས་མཆན་བསྐྱོན་པ་ལས་ཐ་སྙད་དེ་བྱུང་བ་ཡིན། 

བོད་ཀྱི་རྩོམ་རིག་གི་རྣམ་གཞག་ཏུ་མཆན་ལ་དབྱེ་ན་གསུམ་བཞག་ཡོད་པ་སྟེ། དེ་དག་ནི་ནག་མཆན་ལ་དཀྱུས་མཆན་ཡང་ཟེར། ཟུར་མཆན། དམར་མཆན་བཅས་སོ། དེ་དག་ལས་ནག་མཆན་ནམ་དཀྱུས་མཆན་ནི་རྩ་བའི་ཚིག་གམ་གཞུང་གི་འབྲུ་དོན་གང་འགྲེལ་བར་བྱ་བའི་ཡུལ་དང་སྒོ་བསྟུན་གྱིས་ནག་འགྲོས་སུ་སམ་ཐར་ཆགས་སུ་འགྲེལ་བ་སྟེ་རྩ་འགྲེལ། དེ་ནི་རྩ་ཚིག་དང་མཆན་ཚིག་གཉིས་ཀ་དཀྱུས་སུ་གཅིག་པར་ཀློག་ཐུབ་པར་བཀོད་པ་དེ་ལ་ཟེར།

ཟུར་མཆན་ནི་རྩ་བའི་གཞུང་དེའི་ཚིག་གི་འཁྲིས་སམ་ཟུར་དུ་བཏགས་པའམ་ཡང་ན་གང་འགྲེལ་བར་བྱ་བའི་ཡུལ་ལམ་ཐ་སྙད་དེའི་གོང་འོག་གི་གནས་གང་རུང་ཞིག་ཏུ་ཡིག་གཟུགས་རྩ་ཚིག་ལས་ཆུང་བའི་ཚུལ་དུ་ཚེག་ཁྲིད་ཀྱིས་བཀོད་པ་དེ་ལ་ཟེར།

དམར་མཆན་ནི་གཞུང་དེའི་རྩ་བའམ་གཞུང་གི་ཚིག་དོན་རྣམས་དམར་རྗེན་དུ་བཀྲོལ་བ་ལ་ཟེར། དཔེ་རིས་འདི་ནི་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་པོད་ཞིག་ཡིན། དེའི་ཞབས་ཤོག་ཏུ་གཞུང་དངོས་ལས་ཡིག་གཟུགས་ཆུང་ངུས་བསྐྱོན་པིའ་མཆན་ཞིག་ཡོད་པ་དེ་ནི་འདི་ལྟར། མཆན་བུ་ནག་པོ་ཆེ་བ་ནི་བུ་མཆན་ཡིན་ནོ། 

ནག་ཆུང་རྣམས་དཀར་ཙནྡྲ་པའི་མཆན་ཡིན་ལ། དམར་པོ་ནི་ཤར་པས་བཏབ་པའི་མཆན་བུ་ཡིན་ཞེས་པའི་ཚིག་གྲུབ་ཐུང་ངུ་དེ་ལས་འགྲེལ་ན། ཡིག་གཟུགས་ནག་པོ་ཆེ་བ་དེ་ནི་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་མཆན་དང་དེ་ལ་ཡིག་གཟུགས་ཅུང་ཟད་ཆུང་བའི་མཆན་ནག་པོ་དེ་ནི་བུ་སྟོན་ཐུགས་སྲས་དཀར་ཙནྡྲ་པས་བཏབ་པ་ཞིག་ཡིན། ཡིག་གཟུགས་ཆེས་ཆུང་བ་དེ་ནི་སྣག་ཚ་དམར་པོས་བཏབ་པ་དེ་ནི་ཤར་ཆེན་ཐམས་ཅད་མཁྱེན་པས་བཏབ་པ་ཞིག་ཡིན། 

མདོར་ན་མཆན་འགྲེལ་གྱི་བརྩམས་ཆོས་ཞིབ་ཅིང་ཕྲ་བ་འདི་འདྲ་ཡོད་པ་དེས་བོད་ཀྱི་ནང་བསྟན་གསུང་རབ་ལ་སྦྱང་པ་གནང་མཁན་གྱི་མི་རྣམས་ལ་ཡུལ་དུས་དང་འཚམས་པའི་ཕན་ནུས་ཐོན་ཐུབ་པ་མ་ཟད་མཆན་འགྲེལ་གྱི་རིག་པ་དེ་ཡང་གཏིང་ཟབ་མོ་ཞིག་ཏུ་སླེབས་ཡོད་པ་རྟོགས་སོ། །

5 མཆན་འགྲེལ་མཁན་གྱི་ཆ་རྐྱེན།

གནའ་ནས་ད་བར་བྱོན་ཟིན་པའི་མཆན་འགྲེལ་མཁན་པོ་དེ་དག་གི་ལོ་རྒྱུས་དང་འགྲེལ་རྩོམ་དག་ལ་ང་ཚོས་དབྱེ་ཞིབ་བྱས་པ་ཡིན་ན། མིང་དོན་མཚུངས་པའི་མཆན་འགྲེལ་མཁན་པོ་ཞིག་ཡིན་ན་ངེས་པར་དུ་ཆ་རྐྱེན་ཁག་གསུམ་ཙམ་ཞིག་འཛོམས་དགོས། 

གཅིག ཐོག་མར་བཀྲལ་བར་བྱ་བའི་གཞུང་དེའི་ཁྲིད་རྒྱུན་དང་ལུང་རྒྱུན་ཡོད་པ་ཞིག་དགོས། དེ་ལྟར་མེད་ན་གཞུང་དེ་དག་གི་འགྲེལ་རྩོམ་རྩ་བའི་ཆ་ནས་གནང་གི་མེད་པར་སྣང་། གང་ལགས་ཤེ་ན། བོད་ཀྱི་མཆན་འགྲེལ་ཁག་ལ་གཟིགས་ཞིབ་གནང་མྱོང་ཡོད་ཚེ། འགྲེལ་གཞུང་དེའི་མཛད་བྱང་དུ་རྒྱུན་དུ་ནས་མཐོང་འབལ་བའི་ཚིག་གྲུབ་འདི་ལྟར་ཡོད་པ་སྟེ། དཔེར་ན་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་པོད་བཅོ་ལྔ་པའི་མཛད་བྱང་དུ་ཡི་གར་དབུ་མེད་ཆུང་ངུ་ཞིག་འདི་ལྟར་སུག་གནང་ཡོད་པ་སྟེ། མཆིམས་དོན་ནེ། མཆིམས་ཆོས་སེང་། མཆིམས་བློ་བསྟན། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། རྒྱང་ཆེན་པ་བསོད་ནམས་འཕེལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན། བདག་བུ་སྟོན་ནོ་ཞེས་གསུང་པ་ནི་གཞུང་འདི་བུ་སྟོན་རིན་པོ་ཆེར་ལུང་རྒྱུན་ཇི་ལྟར་བྱུང་བའི་རྒྱུད་པ་ཞིག་ཉག་རྙོག་ཚིག་གིས་མ་སྒྲིབ་པར་སློབ་དཔོན་དག་གི་མཚན་གྱི་ལམ་ནས་གསུངས་གནང་བ་དེས་ཁོང་ལ་གཞང་དེའི་ལུང་རྒྱུན་ཡོད་གཤིས་གཞུང་དེའི་འགྲེལ་པ་ཞིག་མཛད་པ་རེད། 

གཉིས། གང་འགྲེལ་བར་བྱ་བའི་གཞུང་དེའི་ཚིག་དོན་དང་ལུང་སོགས་ལ་དཀའ་བའི་གནས་ཇི་སྙེད་ཅིག་འདུག་པས་དེར་འགྲེལ་པ་ཞིག་བསྐྱོན་གནང་ཡོད་པ་ཞུ་ཞེས་རང་གི་གོང་དུ་བཀུར་འོས་པའི་བླ་མའི་བཀས་སྐུལ་གནང་བ་དང་འོག་སྙིང་རྗེས་བསྐྱངས་པར་འོས་པའི་རྗེས་འབྲངས་ཉ་མ་རྣམས་ཀྱི་རེ་བ་ནན་དུ་སྟོན་ནས་ཞུ་རྟེན་མེ་ཏོག་དང་བཅས་ཕལ་གནང་བ་དེར་བཀའ་བཟློག་མ་ནུས་པར་མཆན་འགྲེལ་གནང་བ་ཞིག་ཡིན་པ་ལས་རང་འགུལ་གྱི་ཐོག་ནས་མཆན་འགྲེལ་གནང་བ་ཕལ་ཆེར་མེད་པར་མངོན། དཔེར་ན་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་པོད་དགིུཔའི་མཛད་བྱང་དུ་བུ་སྟོན་རིན་པོ་ཆེ་རྣལ་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་བྱོན་ནས་ངས་བྱས་པའི་བརྟག་གཉིས་ཀྱི་འགྲེལ་བར་ལུང་དྲངས་པ་རྣམས་ལ་འགྲེལ་བ་ཅིག་བྱ་དགོས་བསམས་ཡོད་ནའང་མ་གྲུབ་པས། ཁྱོད་ཀྱིས་འགྲེལ་པ་དང་ཞུ་དག་གྱིས་ཟེར་བའི་གནང་བ་ཐོབ་པ་ཡིན་ཟེར་བའི་གསུང་བགྲོས་གདའ། ཞེས་པས་མཚོན་ནོ། །

གསུམ། གང་འགྲེལ་བར་བྱ་བའི་འགྲེལ་བྱེད་མཁན་དག་གིས་གཞུང་ཆེན་པོད་ལྔའི་སྐེ་རགས་ལེགས་པར་བཅིངས་པ་ཞིག་ཡིན་པའམ་མ་མཐར་ཡང་གཞུང་དེའི་ཚིག་དོན་དང་སྤྱི་ཁོག་སོགས་ལ་རི་མཐོན་པོའི་སྟེང་ནས་ལུང་པའི་ལུང་ཤུར་ལ་གཟིགས་པ་ལྟ་བུ་ཞིག་དགོས་ངེས་ལགས། དེ་ལྟར་མེད་ན་ཚིག་མཛོད་ཁོ་ནར་གཞི་བཅོལ་ནས་བཀྲལ་བར་བྱ་འདོད་པ་ཞིག་ཡིན་ན། གཞུང་དེའི་ནང་དོན་ཡོད་དོ་ཅོག་ཚིག་མཛོད་ལས་གའུ་ཁ་སྦྱར་ལྟ་བུའི་ལན་ཞིག་སྟེར་ཐབས་བྲལ་གཤིས་རང་ཉིད་ཀྱི་སཀྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་རྨང་སྲ་ཞིང་འཐུག་པ་དེ་ལ་བརྟེན་ནས་སྔོན་གྱི་རྩ་བ་མཛད་པ་པོ་གང་དེའི་དགོངས་དོན་བཞིན་ཆུ་ལ་ཆུ་བཞག་པ་ལྟ་བུའི་གོ་བ་ཞིག་སྟེར་ནས་གཞུང་དེ་བཀྲལ་དགོས། གནའ་དཔེ་ལེགས་བསྒྲིགས་རགས་བཤད་དུ་གསུང་རབ་ཀྱི་མཆན་འགྲེལ་ནི་ཚིག་མཛོད་རྐྱང་པར་བརྟེན་ནས་གནད་དོན་ཐག་གཅོད་ཐུབ་པ་ཞིག་མ་ལགས། གང་ལགས་ཤེ་ན། གནད་དོན་ཇི་སྙེད་ཅིག་ཚིག་མཛོད་ལས་ཁ་ཡོད་ལག་ཡོད་ལན་སྟེར་ཐབས་བྲལ་སྟབས། མཆན་འགྲེལ་མཁན་པོ་རང་ཉིད་ཀྱི་རྨང་སྲ་ཞིང་འཐུག་པའི་ཤེས་བྱ་ལ་བརྟེན་ནས་གནད་འགག་འགྲོལ་དགོས་སོ། དེ་ནི་ཧ་ཅང་གི་ལས་སླ་མོ་ཞིག་མ་ལགས་སོ། ཞེས་གསུངས་པས་མཚོན། 

མདོར་ན་མཆན་འགྲེལ་མཁན་པོ་དག་ལ་རྩ་བའི་ཤེས་བྱ་རྨང་མཐུག་པོ་ཞིག་དང་རིག་གནས་ཆེ་ཆུང་གང་ལ་ཡང་ལྟ་རྒྱ་ཐོས་རྒྱ་མི་དམན་པ་ཞིག་དགོས་ལ་ལྷག་དོན་དུ་གང་བཀྲལ་བར་བྱ་བའི་གཞུང་དེའི་ནང་དོན་རི་མགོ་མཐོན་པོའི་རྩེ་ནས་ལུང་པའི་ཐང་གཞལ་པ་ལྟ་བུའི་གཞུང་གི་སྤྱི་ཁོག་དང་ནང་དོན་གོམ་འདྲིས་ཡོད་པ་ཞིག་དགོས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-14

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།