གནའ་དཔེ་དཔར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེ་དཔར་མ།
ཐོག་མར་དཔར་བྱང་ཞེས་པ་ནི་དཔར་བྱང་སྨོན་ཚིག་ལ་ཟེར་གྱི་ཡོད། བོད་ཀྱི་གསུང་རབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་ནི་གསུང་རབ་དེ་ཆ་ཡོངས་སུ་རྫོགས་ནས་གསུང་རབ་དེ་མ་དཔེར་བཟུང་སྟེ། དེ་དག་དཔར་པས་དཔར་ཤིང་ལ་བརྐོ་བའི་སྐབས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ཚིགས་བཅད་ཀྱི་ལམ་ནས་གླེགས་བམ་དེ་དཔར་དུ་སྒྲུབ་དུས་དངོས་ཤུགས་གང་རུང་ནས་རྒྱུ་དངོས་སྦྱོར་མཁན་གྱི་མཚན་དང་བཅས་དྲངས་ཏེ་དམ་པ་དེའི་གསུང་རབ་དཔར་ཤིང་དུ་འགོད་སྐབས་བཀྲ་ཤིས་སྨོན་ལམ་དང་བཅས། དམ་པ་གང་དེའི་གསུང་རབ་ཕྱོགས་དང་རིས་སུ་མ་མཆིས་པར་ཕྱོགས་ཡོངས་ནས་བསྟན་པ་རྒྱས་ཆེད་དང་དགོས་འདོད་ཀྱི་འབྲས་བཟང་སྨིན་སླད་དུ་སྨོན་ཚིག་སྦྱར་བ་དེ་ལ་ཟེར།
1 ​བྱུང་བ།

བོད་ཀྱི་ཡུལ་འདིར་ཤིང་དཔར་གྱི་རིག་པ་དེ་དུས་ནམ་ཞིག་དེ་ཡོད་མེད་ཀྱི་ཁ་ཚོན་གཅོད་དཀའ་ཡང་། དཔར་གྱི་ལག་རྩལ་དེ་ནི་མཐོ་བོད་བཙན་པོའི་སྐབས་ནས་དར་བ་ཞིག་ཏུ་སྣང་། གང་ལེགས་ཅེ་ན། གཅིག་ནས་སྐབས་དེའི་རིག་གནས་ཀྱི་ཁོར་ཡུག་ལ་བལྟས་ན་ད་ལྟ་རང་རེ་རྣམས་ཀྱི་དངོས་སུ་མཐོང་ཐུབ་པའི་མཐོ་བོད་བཙན་པོའི་དུས་རབས་སུ་འབྲི་བཞེངས་གནང་བའི་ཏུན་ཧོང་གི་ཡིག་ཆ་སྟེ། རྒྱ་ཤ་བཅུ་བའི་བུ་མོ་འཕྲོག་མི་ཆོག་ཅེས་པའི་བྱང་དུ་ཁྲོམ་ག་ཆེན་པོ་ནས་བླ་རྟགས་བཀྱེའོ་ཞེས་དང་ད་དུང་ཐམ་གའི་ཁ་རིས་དེ་འདྲ་བ་ཞིག་སྟེ་རྟ་གཤོག་པ་ཅན་དེའི་སྟེང་དུ་ཕོ་ཉ་ཞིག་བཞོན་པ་སྟེ་རྟ་ཕུར་ཕོ་ཉའི་ཐམ་ག་ཞེས་པ་དེ་ཡིན། དེའི་སྐོར་ལ་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་དེ་ནི་ང་ཚོའི་སེམས་ཀྱི་གཏིང་དུ་གནས་པའི་ཤིང་བརྐོས་རི་མོའི་དཔར་མ་ཞིག་དང་འདྲ་བར་དུ་ཡུན་རིང་པོ་དེ་འདྲའི་སྔོན་གྱི་སྒྱུ་རྩལ་ལ་ཧ་ལས་བྱུང་ཞེས་གསུངས་པ་ལ་བརྟག་ན། ཐམ་གའི་ཁ་རིས་སུ་བརྐོས་ཀྱི་ལག་རྩལ་ལ་བརྟེན་ནས་རི་དྭགས་ཀྱི་གཟུགས་བརྙན་དང་བོད་ཡིག་བརྐོ་སྲོལ་བྱུང་ཡོད་པ་དེ་དག་ལས་བོད་ལ་དཔར་བརྐོ་བའི་ལག་རྩལ་དེ་དར་ནས་ལམ་བུ་ཡུན་རིང་ཞིག་ཕྱིན་ཟིན་པ་ང་ཚོས་ཤེས་ཐུབ། ད་དུང་དུས་རབས8-10པའི་ནང་དུ་བྱུང་བའི་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། ཆོས་ལུགས་ཀྱི་ནང་དོན་འཁོད་པའི་རྡོ་རིང་དང་ཅོང་གི་ཡི་གེ་དག་ལ་དཔགས་ན་ཡང་། དེ་དག་ཚང་མ་བོད་ཀྱི་གནའ་རབས་ཀྱི་གནས་ཚུལ་བཀོད་པའི་རྡོ་བརྐོས་ཡི་གེ་དང་ལུགས་སུ་བླུགས་ནས་བཞེངས་པའི་དྲིལ་བུ་ཤ་སྟག་ཡིན་གཤིས། དེ་དག་གི་སྟེང་དུ་བརྐོས་བཞེངས་གནང་བའི་ལག་རྩལ་གྱི་ཆུ་ཚད་ལས་དཔར་བརྐོ་བའི་ལག་རྩལ་དེ་དར་ཟིན་པ་དངོས་རིགས་དང་གཞུང་ཁུངས་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་བོད་རྒྱལ་ཐྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་མདོ་སྡེ་ཟ་མ་ཏོག་དང་། མ་ཎི་ཡིག་དྲུག་དང་ཙཎྡི་མ་ཎིའི་བརྐོས་ཕོར་སོགས་བྱུང་ཞེས་ཀྱང་འགྲེལ་ཐུབ་པ་ཞིག་ཡིན། སྤྱི་ལོ1533ལོར་མངའ་རིས་གུང་ཐང་ཁུལ་དུ་དཔར་དུ་བཏབ་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་གི་མཛོད་དང་སྤྱི་ལོ1546ལོར་དཔར་དུ་བཏབ་པའི་བོ་དོང་པཎ་ཆེན་གྱི་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པ་ཁྲིད་དུ་སྦྱར་བ་སོགས་དང་། དེ་མིན་རྒྱལ་རབས་ཁྲི་རྣམ་རྒྱལ་ལྡེས་གཙང་སྒམ་པོ་ཆེར་སྨན་རྒྱུད་ཡན་ལག་བརྒྱད་པ། མ་ཎི་བཀའ་འབུམ། ཨོ་རྒྱན་གྱི་ཐང་ཡིག མི་ལའི་བཀའ་འབུམ་རྣམས་གླེགས་བམ་གྲངས་མེད་སྤེལ་བའི་ཕྱིར་དཔར་ཏུ་བཏབ་པའི་གུངཐང་དཔར་མ། ཞེས་པ་དང་སྤྱི་ལོ1608-1621པར་དཔར་དུ་བཏབ་པའི་བཀའ་འགྱུར་འཇང་དཔར་མ་ཆབ་མདོ་འགོ་འདྲེན་དགོན་དུ་བཞུགས་པ་སོགས་དུས་རབས་ཀྱི་དཔེ་མཚོན་ཙམ་གུང་བསྒྲིགས་ཏེ་བཤད་པ་ཡིན། མདོར་ན་དུས་རབས15ནས་བཟུང་གངས་ཅན་གྱི་ལྗོངས་འདིར་སྔོན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་དག་གི་གསུང་པོད་ལག་བྲིས་སམ་རེག་ཟིག་རྣལ་མ་དག་ལ་མ་དཔེ་བཅོལ་གནང་ཏེ་དཔར་ཤིང་དུ་བཏབ་པ་ལས། རིམ་བཞིན་ཆར་ཤུལ་རྗེས་ཀྱི་ཤ་མོ་ཇི་བཞིན་དཔར་གྱི་རིག་པ་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་།

2 མཚན་ཉིད་དང་དགོས་པ།

ད་ནི་དཔར་བྱང་གི་དོན་ལ་བབས་པས་ན། ཐོག་མར་དཔར་བྱང་ཞེས་པ་ནི་དཔར་བྱང་སྨོན་ཚིག་ལ་ཟེར་གྱི་ཡོད། བོད་ཀྱི་གསུང་རབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་ནི་གསུང་རབ་དེ་ཆ་ཡོངས་སུ་རྫོགས་ནས་གསུང་རབ་དེ་མ་དཔེར་བཟུང་སྟེ། དེ་དག་དཔར་པས་དཔར་ཤིང་ལ་བརྐོ་བའི་སྐབས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ཚིགས་བཅད་ཀྱི་ལམ་ནས་གླེགས་བམ་དེ་དཔར་དུ་སྒྲུབ་དུས་དངོས་ཤགས་གང་རུང་ནས་རྒྱུ་དངོས་སྤྱོར་མཁན་གྱི་མཚན་དང་བཅས་དྲངས་ཏེ་དམ་པ་དེའི་གསུང་རབ་དཔར་ཤིང་དུ་འགོད་སྐབས་བཀྲ་ཤིས་སྨོན་ལམ་དང་བཅས། དམ་པ་གང་དེའི་གསུང་རབ་ཕྱོགས་དང་རིས་སུ་མ་མཆིས་པར་ཕྱོགས་ཡོངས་ནས་བསྟན་པ་རྒྱས་ཆེད་དང་དགོས་འདོད་ཀྱི་འབྲས་བཟང་སྨིན་སླད་དུ་སྨོན་ཚིག་སྦྱར་བ་དེ་ལ་ཟེར།  འོ་ན་ཤིས་ཚིག་དེ་ལྟར་ཕུལ་དགོས་དོན་གང་ཡིན་ནམ་ཞེས་ན། སྐྱོབ་པ་འཇིག་རྟེན་མགོན་པོས114-1217གསུངས་དོན། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། སྨོན་ལམ་བྱི་དོར་མ་བྱས་ན། དགོས་འདོད་ཀྱི་འབྲས་བུ་མི་བྱུང་བས། མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། ཅེས་པས་ཀྱང་མཇུག་གི་དཔར་བྱང་སྨོན་ཚིག་བསྒྲོན་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བཟུང་དགོས་པ་རྟོགས།

3 དུས་རབས་མི་འདྲ་བའི་དཔར་མའི་ཁྱད་ཆོས།
3_1 ཧོར་དཔར་མ།

ས་པཎ་ནི་དུས་རབས13པའི་ནང་དུ་བྱོན་པའི་བོད་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན། ཁོང་ནི་རིག་པའི་གནས་མཐའ་དག་ལ་མཁས་པའི་དབང་གིས་ཧོར་གོ་དན་གྱི་གདན་ཞུས་ལྟར་སྤྱི་ལོ1247ལོར་ཧོར་ཡུལ་དུ་ཕེབས། ཁོང་གི་སྐུ་དྲིན་ལས་བོད་ཀྱི་ནང་བསྟན་ཧོར་ཡུལ་སོགས་མི་རིགས་གཞན་ལ་ཡང་དར་ཁྱབ་ཆེན་པོ་བྱུང་། ས་པཎ་གྱི་གསུང་ཧོར་ཡིག་དང་མི་རིགས་གཞན་གྱི་ཡི་གེར་བསྒྱུར་གནང་བ་མ་ཟད། དེ་དག་བྲིས་མ་དང་དཔར་མའི་ཐད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འྦོལ་སྦྱངས་ཀྱི་དགོས་མཁོ་བསྐངས་པ་ནི།  ས་པཎ་གྱི་གསུང་ཧུད་ཧུ་སྐད་དུ་བསྒྱུར་བ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་མ་བྲིས་མ་དང་ས་སྐྱ་ལེགས་བཤད་ཧོར་ཡིག་དཔར་མ་སོགས་ཡོད་པས་ཤེས། དཔར་མ་དེ་དག་ཡུལ་དུས་དབང་གིས་འགྲེས་བཟད་ཤིན་ཏུ་ཆེ་བའི་སྟབས་ཀྱི་སྤྱི་ལོ་འདི་ཡིན་ཞེས་ཁ་ཚོན་གཅོད་མ་ཐུབ་ཀྱང་། ཡོན་ཧོར་དཔར་ཡིན་པ་ནི་རྒྱལ་ཁབ་ཕྱི་ནང་གི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གིས་ཐག་བཅད་འདུག ལྷག་དོན་དུ་རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཧོར་དཔར་མ་དེའི་མཛད་བྱང་དུ་མཆོད་རྟེན་དཀར་པོ་དཔར་དུ་བསྒྲུབས་པ་ཞེས་པ་ལས་ཧོར་དཔར་གྱི་བདེན་པ་རྙེད།  དེས་ན་ས་པཎ་གྱི་གསུང་རིག་གནས་ཀྱི་སྐོར་ཚད་མ་རིགས་གཏེར་དང་ཆོས་ལུགས་ཀྱི་སྐོར་སྡོམ་གསུམ་རབ་དབྱེ་བཅས་ཀྱི་དཔར་བྱང་དུའང་ཏཱ་ཏུར་མཆོད་རྟེན་སྔོན་པོར་ཡི་གེར་བཀོད། མཆོད་རྟེན་དཔར་པོ་དཔར་དུ་བསྒྲུབས་ཞེས་པས་ཀྱང་འདི་ནི་དུས་རབས15པར་བྱོན་པའི་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེས་ཧོར་དཔར་དུ་ཞེས་ལུང་དྲངས་པའི་དཔར་མ་དེ་གྲས་ཡིན་པའི་བདེན་དཔང་ཐུབ། ད་ལྟ་ང་ཚོས་མཇལ་ཡུལ་དུ་མཆིས་པའི་དཔར་བྱང་སྨོན་ཚིག་སྔ་ཤོས་དེ་ནི་སྤྱི་ལོ1284ལོར་ཡོན་གྱི་རྒྱལ་ས་ཏཱ་ཏུར་དུ་དཔར་པོད་ཉིས་བརྒྱ་བཏབ་པའི་ས་པཎ་གྱི་ཚད་མ་རིགས་གཏེར་གྱི་སྨོན་ཚིག་དེ་ཡིན།

ཡོན་གྱི་དུས་སུ་དཔར་དུ་བཏབ་པའི་གནའ་དཔེ་དག་གི་དཔར་བྱང་སྨོན་ཚིག་ཏུ།  དཔར་ལ་བརྐོ་བར་བྱ་བའི་གཞུང་དེ་དཔར་ལ་པོད་གྲངས་མང་ཉུང་ཇི་ཙམ་ཞིག་བཏབ་ཡོད་མེད་དེ་སྤྱིར་གྱི་ཁ་གསལ་བཀོད་པ་དེ་གོང་གི་ས་པཎ་གྱི་ཚད་མ་རིགས་གཏེར་གྱི་དཔར་བྱང་ལས་ཤེས་ལ་ད་དུང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་བཞིན་བ་བཞིན་དཔེ་གཅིག་ཞུས་ན། སྤྱི་ལོ1299ལོར་ཕོ་བྲང་ཆེན་པོ་ཏཱ་ཏུའི་མཆོད་རྟེན་དཀར་པོ་དཔར་དུ་བརྐོས་པའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་གྱི་དཔར་བྱང་དུ། ཐེག་མཆོག་མངོན་པའི་བསྟན་ཆོས་ཀུན་ལ་བཏུས། །རྒྱས་སྲས་ཐོགས་མེད་གཞུང་བཟང་དམ་པ་འདི། །འཛམ་གླིང་ཆོས་རྒྱལ་ཆེན་པོའི་བཙུན་མོ་མཆོག །རིགས་བཟང་མཐོ་རིས་ཡོན་ཏན་ཀུན་དང་ལྡན། །དད་སོགས་འཕགས་པའི་ནོར་བདུན་གྱིས་མཛེས་པ། །དཔལ་ལྡན་ཆེན་མོ་འབོལ་གན་དད་བློ་ཡིས། །བདེ་གཤེགས་མགོ་འཕང་ཐོབ་པར་བྱ་ཕྱིར་དང་། །དེ་ཡི་བསྟན་པ་རྒྱས་པར་སྤེལ་ཕྱིར་དང་། །སྐྱེ་བོ་ཀུན་ཏུ་དམ་ཆོས་གཟུང་བྱའི་ཕྱིར། །ཆོས་གཏེར་མི་ཟད་པར་བསྒྲུན་པ་ཡིན། །བདེ་གཤེགས་ཆོས་ཚུལ་ཀུན་འཛིན་འཇམ་དབྱངས་དང་། །ཀུན་དགའ་དབང་ཕྱུག་དགེ་སློང་རིན་ཆེན་འཕེལ། །སྒྲ་བསྒྱུར་དམ་པ་ཀ་ར་ན་དས་དང་། །བད་མ་སེ་ན་དུ་ལག་ཡང་ང་དང་། །སམ་གྷ་དས་དང་ཟམ་ཆུང་ལ་སོགས་ཀྱིས། །རབ་ཏུ་བརྩམས་པའི་འདི་ཡིས་ལག་ལེན་གྱིས། །ཡིན་མཁན་མཁས་པ་ཆོས་སྐྱབས་ཞེས་བྱས་བྲིས། །བཟོ་རིགས་མཁས་པ་རྣམས་ཀྱིས་ལེགས་པར་བརྐོས། །དེ་ལས་བྱུང་བའི་དགེ་བ་རྒྱ་ཆེན་དེས། །འགྲོ་བ་ཀུན་གྱིས་སངས་རྒྱས་ཐོབ་པར་ཤོག །ཇི་སྲིད་དེ་ན་ཐོབ་པ་དེ་སྲིད་དུ། །ཆོས་ཚུལ་དམ་པ་འདི་དང་མི་འབྲལ་ཞིང་། །འདིར་ཡང་མི་དབང་ཐའི་ཧུ་དཔོན་མོ་དང་། །སྲས་དང་འཁོར་བཅས་སྐུ་ཚེ་རིང་བ་དང་། །རྒྱལ་སྲིད་ཡངས་དང་རྒྱལ་ཁམས་བདེ་བ་དང་། །ཆོས་བཞིན་རྒྱལ་སྲིད་རྟག་ཏུ་སྐྱོང་གྱུར་ཅིག །ཐེག་མཆོག་མངོན་པའི་སྡེ་སྣོད་མ་ལུས་དོན། །དོན་རྣམས་ཇི་བཞིན་སྟོན་པ་ཐོག་མེད་གཞུང་། ། གཞུང་འདི་པར་དུ་བསྒྲུབས་པའི་ཞུས་དག་རྣམས། །སྡེ་སྣོད་འཛིན་ཡོན་ཏན་རིན་ཆེན་ཡིན། །སྟོབས་ཀྱིས་འཁོར་ལོའི་སྒྱུར་བའི་རྒྱལ་པོ་ཇིང་གིས་གན་གྱི་བརྒྱུད་པ་དྲུགཔ། །འཛམ་བུའི་གླིང་ཆོས་བཞིན་སྐྱོང་བའི་བཙུན་མོ་དམ་པ། །རིགས་དང་གཟུགས་དང་བསོད་ནམས་ཀྱི་དཔལ་དང་ལྡན་ཞིང་། །དཀོན་མཆོག་གསུམ་གྱི་ཡོན་ཏན་ནི་ཤེས་ནས་མི་ཕྱེད་པའི་དད་པ་ཅན་དཔོན་མོ་ཆེན་མོ་བྷོལ་གན་གྱིས། །ཏི་ཤྲཱི་བླ་མགྲགས་པ་འོད་ཟེར་གྱིས་བསྟན་པ་སྐྱོང་བའི་དུས་སུ། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་། དབུ་མ་རྩ་བའི་ཤེས་རབ་དང་། མངོན་པ་ཀུན་ལས་བཏུས་པ་དང་། མངོན་པ་མཛོད་དང་། ཚད་མ་རྣམ་པར་ངེས་པ་དང་། རིགས་གཏེར་རྣམ་པར་བསྒྲུབས་ཤིང་། རེ་རེ་ལ་བཞི་བརྒྱ་བཞི་བརྒྱ་བཏབ་ནས། སྡེ་སྣོད་འཛིན་པ་རྣམས་ལ་ཕུལ་བའི་དགེ་བས། རྒྱལ་པོ་ཆེན་པོ་ཧྭང་ཐའི་ཧཱུ། དཔོན་མོ་ཆེན་མོ། སྲས་བརྒྱད་པ་དང་བཅས་པ་རྣམས། སྐུ་ཚེ་རིང་ཞིང་རྒྱལ་ཁམས་བདེ་ལ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་དར་བར་གྱུར་ནས་མཐར་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག ས་མོ་ཕག་ལོ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་ཕོ་བྲང་ཆེན་པོ་ཏའི་ཏུའི་མཆོད་རྟེན་སྔོན་པོར་བྲིས། མཆོད་རྟེན་དཀར་པོར་གྲུབ་པ་དགེའོ། །ཅེས་པ་སོགས་སོ། །

དུས་རབས13-14ཡར་སྔོན་གྱི་བོད་ཡིག་དཔར་མ་མི་ཉང་བ་ཞིག་གི་ཡིག་གཟུགས་ཀྱི་ཐད་ནས་བརྗོད་ན་དུས་རབས16མན་གྱི་དཔར་མ་ལྟ་བུའི་དཔར་གཟུགས་མངོན་གསལ་དོད་པོ་མེད་པ་ཞིག་རེད་འདུག གང་ཡིན་ཟེར་ན། ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་ཡོན་གྱི་དཔར་མ་ཏི་ཤྲཱི་གསུམ་པ་སྟེ་དྷརྨ་པ་ལའི་སྐབས་དཔར་དུ་པོད་ལྔ་བརྒྱ་བཏབ་པའི་སློབ་དཔོན་ཆོས་གྲགས་ཀྱི་མཛད་པ་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། ད་ལྟ་བོད་ལྗང་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་པ་དེ་སྤྱི་ལོ2011ལོར་ཐོག་མར་མཇལ་བའི་སྐབས་སུ། གནའ་དཔེའི་ཤེས་བྱ་མི་དམན་པའི་སྐྱེ་བོ་མང་པོ་ཞིག་གིས་ཀྱང་རྣམ་འགྲེལ་ཚིག་ལེའུར་བྱས་པ་དེའི་ཡིག་གཟུགས་ལ་བལྟས་ནས་བྲིས་མ་ཞེས་འབོད་མཁན་ཡང་བྱུང་། རྒྱུ་མཚན་ནི་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ས་པཎ་གྱི་ཚད་མ་རགས་གཏེར་རྩ་འགྲེལ་དེའི་ཡིག་གཟུགས་དང་གཉིས་སུ་མེད་པར་དཔར་གྱི་རྗེས་ཤུལ་ཡེ་ནས་མེད་པའི་རྐྱེན་གྱིས་ཡིན། དེ་ནི་གཙོ་བོ་སྐབས་དེ་དུས་ཀྱི་དཔར་བརྐོའི་ལག་རྩལ་ཕུལ་དུ་བྱུང་བའི་རྒྱུ་མཚན་གྱིས་བྲིས་དཔར་གྱི་དབྱེ་བ་འབྱེད་དཀའ་བ་བྱུང་ཡོད་པ་སྟེ། བོད་ཀྱི་གསུང་རབ་སྨྲ་བ་དུང་དཔར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་གསུངས་དོན་སྔོན་དགའ་ལྡན་དཔར་རྙིང་དུ་གྲགས་པ་དེའང་ཡིག་གཟུགས་དཔེ་ཆ་ལག་བྲིས་མ་དང་ནོར་འགྲོ་བ་ལྟ་བུའི་པར་བརྐོའི་ལག་རྩལ་ཧ་ལས་པ་ཞིག་འདུག་ཅེས་གསུངས་པས་ཀྱང་དུས་རབས15ཡན་གྱི་དཔར་མའི་ཡིག་གཟུགས་ལག་བྲིས་དང་ནོར་ཉེན་ཡོད་པ་དེ་ཤེས། དེས་ན་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་གནའ་དཔེའི་མིང་མཛོད་དུའང་དཔར་མ་དེ་བྲིས་མ་ཡིན་པར་ཐག་བཅད་དེ་བཞག་འདུག སྤྱི་ལོ2002ལོར་ས་སྐྱ་དོན་དུ་གནའ་དཔེ་བརྟག་དཔྱད་ལ་འགྲོ་བའི་སྐབས་ས་སྐྱའི་ཆོས་བརྩིགས་བྲག་རི་མའི་ཁྲོད་དུ་བཞུགས་པའི་གནའ་དཔེ་ཤེར་ཕྱིན་པོད་ག་པ་ཞིག་མཇལ་བའི་སྐབས་སུ། ཤེར་ཕྱིན་དེའི་ཡིག་གཟུགས་དང་ཚེག་དང་ཤད་ཀྱི་རྒྱག་སྟངས་ནི་ས་པཎ་གྱི་ཚད་མ་རིགས་གཏེར་རྩ་འགྲེལ་དང་གཉིས་སུ་མེད་པར་ཚེག་གི་རྒྱག་སྟངས་སུམ་རྟགས་ཀྱི་གཞུང་དང་མ་བསྟུན་པར་ཧ་ལམ་ཡིགམཁན་གཅིག་གི་སོར་མོའི་འདུ་བྱེད་ལས་བྱུང་བ་ལྟ་བུ་ཞིག་སྣང་། ཡིན་ནའང་ཤེར་ཕྱིན་པོད་ག་པ་ཡིག་ཕྲེང་བརྒྱད་ཅན་དེ་ནི་དཔར་མ་མ་ཡིན་པར་བྲིསམ་ཡིན་པའི་དཔང་རྟགས་ཁུངས་བཙུན་ཞིག་ནི་ཤེར་ཕྱིན་དེའི་མཛད་བྱང་དུ་ཤག་ཀྱ་སེང་གེས་བྲིས་ཞེས་འཁོད་འདུག་པས་དེས་ན་ཤེར་ཕྱིན་དེ་ནི་དཔར་མ་མ་ཡིན་པར་བྲིས་མ་ཡིན་པའི་ངེས་པ་རྙེད། འོན་ཏེ་ཡིག་གཟུགས་དང་ཚེག་ཤད་རྒྱག་སྟངས་ནི་དུས་རབས13-14བར་གྱི་དཔལ་ས་སྐྱའི་ཤེར་ཕྱིན་ལྟ་བུ་ཡོང་དོན་ནི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དཔར་བྱང་དུ། བོད་ཀྱི་ཡི་གེ་པ་ཡིས་ཡི་གེར་བཀོད། རྒྱ་ནག་བཟོ་པའི་ཚོགས་ཀྱིས་དཔར་དུ་བརྐོས། ཞེས་དང་རིགས་གཏེར་གྱི་རྩ་བར། ཡིག་མཁན་མཁས་པ་བཀྲ་ཤིས་བཟང་པོས་བྲིས། བཟོ་རིགས་མཁས་པ་རྣམས་ཀྱིས་ལེགས་པར་བརྐོས། ཞེས་བྱུང་བ་ལྟར་ན་རྒྱ་ནག་བཟོ་པའི་ཚོགས་ཀྱིས་ཚད་མ་རིགས་གཏེར་དེ་དཔར་ལ་བརྐོ་བའི་དུས་སུ། དུས་རབས13པའི་བོད་ཀྱི་ཡིག་མཁན་བཀྲ་ཤིས་བཟང་པོ་དང་ཆོས་སྐྱབས་ལ་སོགས་ཀྱིས་བྲིས་པའི་ཡི་གེའི་དེའི་ཁྱད་ཆོས་ལ་བོད་ཡིག་མ་ཤེས་པའི་རྒྱ་ནག་བཟོ་པའི་ཚོགས་ཀྱིས་བོད་ཡིག་དེ་རི་མོའི་གཟུགས་སུ་བཅོལ་ནས་དཔར་ལ་བཏབ་པ་ཞིག་ཡིན་ཙང་། དུས་རབས13པའི་ཡོན་གྱི་དཔར་མའི་སྟེང་དུའང་དུས་རབས13པའི་ཤེར་ཕྱིན་བྲིསམའི་ཡིག་གཟུགས་ཇི་བཞིན། ཚེག་དང་ཤད་སོགས་སུམ་རྟགས་གཞུང་ལ་བཀུར་བསྟི་བ་བྱས་པ་ལྟ་བུ་བྱུང་། དེ་ནི་དུས་རབས13པའི་བོད་ཡིག་གི་ཡིག་གཟུགསཀྱི་ཁྱད་ཆོས་ཤིག་ཡིན་པར་སེམས།

3_2 ལ་སྟོད་ཤེལ་དཀར་དཔར་མ།

ལ་སྟོད་ཤེལ་དཀར་དཔར་མ་ཞེས་མཇལ་བ་ཙམ་གྱིས་གནའ་དཔེ་ཤེས་བྱ་མི་དམན་པའི་སྐྱེ་བོ་མི་ཉུང་བ་ཞིག་གིས་མི་དབང་ཕོ་ལྷའི་དུས་རབས18པའི་ནང་དུ་ཤེལ་དཔར་དུ་དཔར་དུ་བཏབ་པའི་སྣར་ཐང་བཀའ་འགྱུར་དུ་གྲགས་པ་དེའི་གྲས་ཡིན་པའི་ངོས་འཛིནགནང་སྲིད་སྙམ། འོན་ཏེ་ད་ཐེངས་འདིར་གླེང་བར་བྱ་བའི་ལ་སྟོད་ཤེལ་དཀར་དཔར་མ་ཞེས་པ་དེ་ནི་དུས་རབས14པའི་སྟོད་དུ་སི་ཏུ་ཆོས་རིན་ཡབ་སྲས་ཀྱི་སྐུ་དུས་སུ་དཔར་དུ་བཏབ་པའི་གནའ་དཔེ་དཔར་མའི་སྐོར་ཡིན།  དེ་ཡང་མངོན་རྟོགས་རྒྱན་འགྲེལ་བ་དོན་གསལ་ལ་ཤེལ་དཀར་དཔར་མའི་དཔར་བྱང་དུ། སླད་ཀྱི་པཎྡི་ཏ་དཔལ་ལྡན་གོ་མི་བཅི་མེད་ལ་སོགས་པ་དང་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པས། དངོས་བརྒྱད་ཡུམ་གྱི་འབྲུག་སྒྲ་ཟབ་མོ་ཅན། །ཆོས་ཀྱི་ཆུ་བོ་ལུགས་བརྒྱད་དང་ལྡན་པ་འབབས། །གྲུབ་མཐའ་རིག་པའི་གཞུང་རི་ཐག་བྱེད་པའི། །མངོན་རྟོགས་རྡོ་རྗེའི་མེ་འཆར་ཆུ་འཛིན་རྒྱལ། །དྲི་མེད་ཆེན་པོའི་སྤྱན་ཡངས་ཉི་མ་ཤར། །ཉམས་ལེན་སྦྱོར་བའི་ཡན་ལག་ཤུགས་ཆེན་རྒྱས། །རྣམ་སྨིན་ཆོས་སྐུའི་རལ་ཕྲེང་གཡོ་བས་བརྗིད། །མི་ཕམ་སྨྲ་བའི་སེང་གེ་རྒྱལ་གྱུར་ཅིག །རིག་འགྲོལ་དང་མངོན་རྟོགས་མ་ཚང་དང་། །རྒྱལ་ཡུམ་ཀུན་གྱི་རྒྱན་དུ་མི་སྒྲུབ་པའི། །མངོན་རྟོགས་འགྲེལ་མཁས་གཞན་ལས་ཕུན་ཕྱིན་པ། །འཇིགས་མེད་སེང་གེ་བཟང་པོ་རྒྱལ་གྱུར་ཅིག །ཤར་ཕྱོགས་རྒྱལ་པོས་ས་ཞ་དབང་བསྐུར་བ། །མི་དབང་བྱེ་བའི་རལ་པར་ཞབས་བཀོད་པའི། །ཆོས་ཀྱི་རྒྱལ་པོ་ཏ་ཧུའི་མཚན་འཛིན་པ། །ཀུན་གྱི་གཙུག་རྒྱན་ཆོས་ཀྱི་རིན་ཆེན་བྱུང་། །སྲས་གཞོན་ཟླ་བ་དཀར་པོའི་རྒྱུད་པ་ཅན། །རྒྱལ་ཕྲན་སྐར་མ་ཙམ་གྱིས་ཕྱག་བྱ་བ། །གླིང་བཞི་མ་ལུས་གསལ་བའི་སྟོབས་པོ་ཆེ། །གངས་དཀར་རིའི་རྩེ་ནས་མངོན་པར་ཤར། །ཏའི་བསྭི་ཏུ་ལྷ་བཙན་སྐྱབས་ཞེས་པ། །འབྱོར་བའི་ཆུ་གཏེར་ཕ་མཐའི་མི་མངོན་ཞིང་། །དཔང་གི་རྡུལ་ཚུབ་ཉི་མ་ཕམ་བྱེད་པ། །ཆབ་སྲིད་ཤིང་ཆེན་ས་ལ་རྒྱས་པ་བྱུང་། །དེས་མཆོད་ཆོས་ཀྱི་སྡེ་ཆེན་རབ་ལྟས་ན། །འཆང་ཀུན་དེ་ནི་འདུས་པ་བཞིན། །འཕགས་པ་བདུད་རྩིའི་ཆར་རྒྱུན་ཟླ་བཞིན་མ། །མཐའ་ཡས་ས་ལ་དབང་བསྒྱུར་བཙུན་མོ་མཆོག །ལྷ་ལྕམ་འཆི་མེད་བུ་མོའི་དཔལ་འཕྲོག་ཅན། །སྡེ་གཉིས་ཆོས་ཀྱིས་སྐྱོང་བའི་བདག་མོ་བྱུང་། །ནོར་གྱི་སྤྱན་ལྡན་ནང་བློན་རྣམས་ཐོས་བཞིན། །དཔུང་སྤྱན་ལྡན་ཕྱི་བློན་ལྷ་མིན་འདྲ། །ཡིད་འཕྲོག་མདངས་གསལ་དྲུང་སྐོར་གཞོན་ནུ་རྣམས། །རབ་མཛེས་ནམ་མཁའི་ལྷ་ཕྲན་འདུས་པ་བཞིན། །ཁོར་ཡུག་རི་བོའི་ཁོངས་སུ་ཆབ་སྲིད་རྣམས། །མི་ཤོང་གོ་སྐབས་མེད་པར་གནས་པ་འདྲ། །ལྷ་དབང་དང་མཚུངས་ལྷ་བཙུན་རྒྱལ་པོ་དེས། །ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རིན་ཆེན་གྱི། །ཐུགས་དགོངས་རྫོགས་ཕྱིར་ཐུགས་དགོངས་རབ་དགེ་བས། །བཟང་པོའི་ཞབས་ཀྱི་གཞུང་བཟང་སྤར་དུ་བསྒྲུབས། །ལག་པའི་འདུ་བྱེད་གློག་ཕྲན་ལྟར་འཁྱུག་པའི། །མཽ་རིས་བཟོ་པའི་རྣམ་འཕྲུལ་བསོད་ནམས་དཔལ། །རིག་པའི་མཐར་ཕྱིན་བསོད་ནམས་རིན་ཆེན་ཏེ། །བོད་ཡུལ་མཁས་པ་སྤུན་གྱིས་རབ་ཏུ་བསྐོས། །འཛམ་གླིང་རྒྱན་སྒྱུར་ཤེལ་དཀར་ཤར་གྱི་རི། །ཡིག་དཔོན་བྱང་སྐྱབས་ལག་པའི་དཀྱིལ་འཁོར་ལས། །སྤར་གཞུང་འབུམ་ཕྲག་འོད་ཟེར་རབ་འཕྲོས་ཏེ། །ཆོས་གྲ་སོ་སོའི་པད་ཚལ་རྣམས་སུ་བཀྱེ། །དེ་ཚེ་ལུང་དང་རིག་པའི་འདབ་གཤོག་ཅན། །ལེགས་བཤད་གླ་དབྱངས་སྒྲོགས་པའི་སྡེ་བེ། །བློ་གསལ་བུང་བ་གཞོན་ནུའི་ཕྲེང་བ་རྣམས། །དགའ་བའི་གར་སྟབས་རོལ་པས་ཁྱབ་པར་གྱུར། །འདི་བསྒྲུབས་དགེ་བ་སྟོན་ཀའི་ཟླ་འོད་ཀྱིས། །ཐུབ་བསྟན་གནམ་མཁས་ཁྱབ་པར་གསལ་བ་དང་། །གཞན་སྡེའི་མུན་པ་མཐའ་དག་འཇོམས་པ་དང་། །རང་སྡེ་ཀུ་མུད་ཚལ་རྣམས་རྒྱས་གྱུར་ཅིག །མི་དབང་སྐུ་ཚེ་ས་གཞི་ལྟར་བརྟན་ཞིང་། །འབྱོར་བ་ཆུ་བོའི་རྒྱུན་ལྟར་འབྱུང་བ་དང་། །དགྲ་བོ་འཇོམས་པའི་མི་ཆེན་འབར་བ་དང་། །སྙན་གྲགས་རླུང་ལྟར་ཀུན་ཏུ་བསྐྱོད་པར་ཤོག །བཀྲ་ཤིས་མེ་ཏོག་ཆར་ཕྲེང་འབབ་པའི་ཚེ། །བུ་མོ་མཛེས་མའི་མགྲིན་སྙན་སྡེབས་པ་ལས། །ཁྲི་སྐོར་བདེ་སྐྱིད་བར་ཆད་མེད་དོ་ཞེས། །དགའ་སྟོན་དབུས་སུ་སྙན་པར་འཕེལ་བར་གྱུར། །ང་རྒྱལརི་བོ་མཐོ་བའི་མི་བདག་དག །ནོར་འཛིན་སའི་ལྟེ་བར་མད་གྱུར་ཀྱང་། །འབུམ་ཕྲག་གཞུང་གི་འོད་ཟེར་ཀུན་འབྱེད་པའི། །སྤར་བྱེད་རྟ་ལྗང་རོལ་པའི་ཉི་འདྲ་ཉུང་། །སྟོབས་ཆེན་གང་གིས་སངས་རྒྱས་བསྟན་པ་དག །འདམ་དུ་བྱིང་འདྲ་གྱེན་དུ་རབ་འདེགས་པ། །མེས་དབོན་སྔོན་གྱི་རྒྱལ་པོའི་རྣམ་ཐར་ཅན། །ལྷོ་ཕྱོགས་རྒྱལ་པོའི་དབང་ཕྱུག་གང་འདི་ཡིན། །དཔལ་ཤེལ་དཀར་གྱི་ཕོ་བྲང་ནས། །ཉི་ཟླ་ལྟར་གྲགས་པའི་འགྲེལ་པ་དོན་གསལ་བ་འདི། །ནང་གཉེར་ཇོ་རྦོ་རྒྱ་དར་གྱིས། །གཟོ་བའི་ཞབས་ཏོག་བརྩོན་པར་བསྒྲུབས། །ཐམས་ཅད་འདུ་ཞེས་བྱ་བ།མེ་མོ་ཕག་གི་ལོ; གྲོ་ཞུན་གྱི་ཟླ་བ་ལ་སྤར་དུ་བསྒྲུབས་པ་འདིས; ཕྱོགས་དང་དུས་དང་གནས་སྐབས་ཀུན་ཏུ་ཁྱབ་པར་གྱུར་ཅིག །ཤུབྷམ། །ཞེས་པའི་དཔར་བྱང་འདི་ནི་སྤྱི་ལོ་དུས་རབས7པར་སློབ་དཔོན་སེང་གེ་བཟང་པོས་བརྩམས་པའི་མངོན་རྟོགས་རྒྱན་འགྲེལ་བ་དོན་གསལ་ཏེ། རྒྱ་གར་གྱི་མཁན་པོ་བིཏྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་གཏན་ལ་ཕབ་པ་ལ་སྟོད་ཤེལ་དཀར་དུ་སྤར་དུབཏབ་པ་དེའི་དཔར་བྱང་ཡིན། དཔར་བྱང་དེ་རོབ་ཙམ་ཞིག་བཀྲལ་ན། ཤར་ཕྱོགས་རྒྱལ་པོས་ས་ལ་དབང་བསྐུར་བ་ཞེས་པའི་སྐབས་དེ་དུས་ཀྱི་ཤར་ཕྱོགས་རྒྱལ་པོ་ནི་ཡོན་རྒྱལ་རབས་ཀྱི་གོང་མ་མཐའ་མཇུག་ཏེ་ཐོ་གན་ཏེ་མུར་གྱི་སྐབས་ཡིན་པ་དང་། ལ་སྟོད་ལྷོ་ཡི་བདག་པོ་སི་ཏུ་ཆོས་ཀྱི་རིན་ཆེན་གྱིས་སྤྱི་ལོ1385ལོར་ལ་སྟོད་ཤེལ་དཀར་ཕྱག་བཏབ་ཅིང་སྤྱི་ལོ1402ལོར་དགོངས་པ་རྫོགས། ཡབ་སི་ཏུ་ཆོས་ཀྱི་རིན་ཆེན་དང་ཡུམ་བྱང་བདག་ནམ་མཁའ་འབུམ་གཉིས་ཀྱི་སྲས་ལྷ་བཙན་སྐྱབས་དང་ལྷ་ལྕམ་བྱང་བདག་རྣམ་རྒྱལ་མའི་སྲས་མོ་བཙན་ལྕམ་རྒྱལ་མོ། གཉིས་ཀྱི་སྐུ་དུས་སུ། སི་ཏུཆོས་ཀྱི་རིན་ཆེན་དགོངས་པ་རྫོགས་ནས་བགྲང་བྱ་ལྔ་ཙམ་འདས་པའི་ལོ་སྟེ་དཔར་བྱང་མེ་མོ་ཕག་གི་ལོ་སྤྱི་ལོ1407ལོའི་གྲོ་ཞུན་གྱི་ཟླ་བ་སྟེ་ཟླ་བ་7པའི་ནང་དུ་མཐོ་རིས་བཟོ་བའི་རྣམ་འཕྲུལ་བསོད་ནམས་དཔལ། །རིག་པའི་མཐར་ཕྱིན་བསོད་ནམས་རིན་ཆེན་ཏེ། །བོད་ཡུལ་མཁས་པ་སྤུན་གྱིས་རབ་ཏུ་བརྐོས་ཏེ་སྤར་དུ་བཏབ་པ་ཞིག་རེད་འདུག སི་ཏུ་ཆོས་རིན་གྱི་དགོངས་རྫོགས་སུ་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་དཔར་དུ་བཏབ་པའི་དགོས་པ་ནི་ཡབ་སི་ཏུ་ཆོས་རིན་དང་སྲས་ལྷ་བཙུན་སྐྱབས་གཉིས་ཀྱིས་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ་དང་ལོ་ཆེན་བྱང་ཆུབ་རྩེ་མོ། ས་ལོ་གྲགས་པ་རྒྱལམཚན་སོགས་རང་གི་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་ནང་ཆོས་དང་རྩིས་གཞུང་སོགས་ལ་འབད་པ་བླ་ལྷག་མཛད་པ་མ་ཟད་དཔང་ལོ་དང་ལོ་ཆེན་གཉིས་ལ་བཀུར་བསྟི་ཞབས་ཏོག་གནང་བའི་རྐྱེན་གྱིས་དཔང་ལོས་འགྱུར་བཅོས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་དེ་སི་ཏུའི་ཆོས་རིན་གྱི་དགོངས་རྫོགས་སུ་དཔར་དུ་བཞེངས་པར་སེམས། དེས་ན་ད་ཐེངས་ལ་སྟོད་ཤེལ་དཀར་གྱི་དཔར་རྙིང་དེ་རྙེད་སོན་བྱུང་བ་དེས་བོད་དུ་དུས་རབས13པའི་སྔོན་ནས་དཔར་བརྐོའི་ལག་རྩལ་དར་ནས་གནའ་དཔེ་དཔར་ལ་བཏབ་པའི་ལག་རྩལ་དེ་བྱུང་ཟིན་པ་དངོས་རིགས་ཀྱི་ཐོག་ནས་བདེན་དཔང་བྱ་ཐུབ་པའི་གལ་ཆེན་དཔང་པོ་ཞིག་ཡིན། སྤྱི་ལོ1407ལོར་ལ་སྟོད་ཤེལ་དཀར་གྱི་དཔར་མ་དེར་དུས་རབས11-12ཀྱི་གནའ་དཔེ་བྲིས་མ་ཇི་བཞིན་གཞུང་དེའི་ལྡེབ་གྲངས་ཀྱི་ངོས་སུ་སྒོར་ཐིག་བརྐོས་འདུག་ལ་དུས་ཕྱིས་ཀྱི་དཔར་མ་ཇ་བཞིན་གོང་འོག་དང་གཡས་གཡོན་གཉིས་ཐིག་གི་རྒྱ་བཏབ་མེད། ལྡེབ་གྲངས་ཀྱང་ལྡེབ་ཀྱི་ཉིན་ངོར་སྲོལ་རྒྱུན་ལྟར་པོད་གྲངས་དང་ཡི་གེའི་ལྡེབ་གྲངས་བཀོད་པ་མ་ཟད་སྲིབ་ངོས་ས་བོད་ཨང་བཀོད་པ་བཅས་ནི་བུད་རབས15པའི་ལ་སྟོད་ཤེལ་དཀར་གྱི་དཔར་མའི་ཁྱད་ཆོས་ཡིན་ནོ། །

3_3 གོང་དཀར་དཔར་མ།

དུས་རབས14པར་ཕག་གྲུས་བོད་ཀྱི་སྲིད་དབང་བཟུང་པའི་རྗེས་སུ་བོད་ཀྱི་ཡུལ་ལུང་ཁག་ཏུ་རྫོང་གཞིས་འཛུགས་སྐྲུན་གནང་བ་དང་ཕག་གྲུའི་ཆོས་རྒྱལ་ལྔ་བ་དབང་གྲགས་རྒྱལ་མཚན་གྱིའ་ཕག་གྲུའི་མངའ་ཁོངས་སུ་གཏོགས་པའི་རྫོང་གཞིས་ཀགལ་བོད་ཡིག་དཔར་ལ་བརྐོ་བའི་བཀའ་མངགས་གནང་ཏེ་དཔར་ལ་བརྐོས་ཡོད་ཅེས་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བ་མ་ཟད། སྐབས་དེ་དུས་དཔར་ལ་བརྐོས་པའི་གནའ་དཔེ་མི་ཉུང་བ་ཞིག་ཀྱང་གནའ་དཔེ་ཡོངས་བཤེར་གྱི་ལས་རིམ་ནང་དུ་མཇལ་ཐུབ་པ་བྱུང་། དེ་དག་ནི་ས་སྐྱ་ཁུ་དབོན་གྱི་གསང་འབུམ་དང་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་གསུང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་ཚད་མའི་སྐོར་སོགས་ཡིན། ད་ལྟ་གོང་དཀར་དཔར་མར་གྲགས་པ་དེ་དག་གི་ཁྲོད་ནས་དཔར་བྱང་རེ་གཉིས་དཔེར་དྲངས་ཏེ་ཞིབ་འཇུག་བགྱིས་པ་དང་ཆབས་ཅིག་གོང་དཀར་དཔར་མའི་ཁྱད་ཆོས་སྐོར་ལ་ཞུས་ན། ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ས་སྐྱ་བསོད་ནམས་རྩེ་མོའི་གསུང་ཀྱེའི་རྡོ་རྗེ་རྣམ་བཤད་ཉི་མའི་འོད་ཟེར་དཔར་བྱང་དུ། ནཱ་མོ། །※※རབ་གསལ་མཁྱེན་པའི་འོད་ཟེར་སྟོང་ཕྲག་གིས། །ལོག་པར་སྨྲ་བའི་ཉིན་སྤོང་ཕམ་མཛད་ནས། །ཐུབ་བསྟན་པད་མོའི་ཚལ་ཀུན་རྒྱས་མཛད་པ། །རིག་འཛིན་གཟའ་ཡི་བདག་པོ་རྒྱལ་གྱུར་ཅིག །ཟབ་མོ་རྡོ་རྗེའི་ཚིག་རྣམས་གསལ་བའི་སླད། །དཔལ་ལྡན་བསོད་ནམས་རི་བོའི་རྩེ་མོར་གནས། །མན་ངག་ཐུབ་པའི་གཞོན་པའི་མཛད་པའི་དཔལ། །རྣམ་བཤད་ཉི་མའི་འོད་ཟེར་ཤར་བ་འདི། །བསྟན་ལ་རིང་དུ་གནས་པར་བྱ་བའི་ཕྱིར། །རབ་གསལ་པར་གྱི་ཡི་གེར་བསྒྲུབ་ཤོག་ཅེས། །མཁྱེན་རྩེའི་སྤྱན་ཡངས་ས་ལ་སྤྱོད་པའི་སྲས། །རིག་འཛིན་གྲ་ལྔའིརྒྱལ་པོའི་བཀས་བསྐུལ་ནས། །གྲུབ་པའི་དབང་ཕྱུག་མར་རྔོག་གདན་སའི་མཆོག །སྤྲེ་ཞིང་ཆོས་ཀྱི་འབྱོར་བའི་སྡེ་ཆེན་དུ། །པར་ལ་མཁས་པའི་ཁྱུ་མཆོག་བཟོད་པར་འཕེལ། །རྣམ་མང་ཡོན་གྱིས་མཆོག་ནས་གུས་པར་བསྒྲུབས། །དགེ་བའི་ངག་གི་དབང་ཕྱུག་ས་སྐྱ་པ། །མཁས་མཆོག་བརྒྱུད་པར་བཅས་པའ་རིང་ལུགས་རྣམས། །ས་དང་ནམ་མཁའི་ཕ་མཐའ་རྒྱས་གྱུར་ཏེ། །རྡོ་རྗེ་ཐེག་པའི་ལམམ་བཟང་གསལ་གྱུར་ཅིག །ཁྱད་པར་ཆོས་རྒྱལ་གྲ་ལྔ་རྒྱལ་པོ་ཡི། །རྣམ་དཀར་ཆོས་ཀྱི་མཛད་པ་རབ་རྒྱས་ཤིང་། །གང་གིས་དྲིན་གྱིས་འགྲོ་ཀུན་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་ལ་གེགས་དང་བྲལ་གྱུར་ཅིག །འཇིག་རྟེན་ཀུན་ཏུ་ལོ་ཕྱུགས་ལེགས་པ་དང་། །ནད་མེད་ཕན་ཚུན་འཛའ་བའི་སེམས་ཀྱི་གནས། །རྒྱུ་དང་མི་རྒྱུ་བདེ་ལེགས་ཀུན་ལྡན་ཞིང་། །ཆོས་ལྡན་འབྱོར་བའི་གཏེར་ལ་སྤྱོད་གྱུར་ཅིག །ཅེས་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་གསུང་སྔགས་རིམ་ཆེན་མོའི་དཔར་བྱང་དུ། མཁས་པའི་དབང་པོ་རྒྱལ་ཚབ་ཆོས་ཀྱི་རྗེ། །གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དང་། །རྒྱལ་བའི་དབང་པོ་ཀུན་དགའ་བཟང་པོའི་གསུང་། །དང་དུ་བླངས་ནས་རྗེ་བཙུན་ཙོང་ཁ་པའི། །ཐུགས་དགོངས་རྪོགས་ཤིང་རྡོ་རྗེ་ཐེག་པའི་ལམ། །ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱ་བ་དང་། །ས་ལ་དབང་བསྒྱུར་གྲགས་པའི་གླིང་ཁྱབ། །ཕས་རྒོལ་བདུད་ཀྱི་དཔུང་འཇོམས་རྒྱལ་བའི་མཆོག །བོད་ཁམས་ཆོས་བཞིན་སྐྱོང་བའི་དགེ་མཚན་ཅན། །མི་དབང་རྒྱལ་པོའི་ཆབ་སྲིད་བརྟན་པའི་ཕྱིར། །བསོད་ནམས་སྟོབས་ཀྱིས་གཞན་སྡེ་ཟིལ་གྱིས་གནོན། །ལྷག་བསམ་དག་པས་རང་སྡེ་ཁྲིམས་ཀྱིས་འཚོ། །གོང་མའི་བཀའ་སྒྲུབ་སྐྱབས་གསུམ་གུས་པས་བསྟེན། །རྣམ་བཞི་འཛོམས་པའི་དྲུང་ཆེན་ཁུ་དབོན་གྱིས། །དཔར་དུ་བཞེངས་པའི་ཡི་གེ་ཞུས་དག་པ། །མདོ་སྔགསགཞུང་བརྒྱ་གསལ་བའི་བློ་གྲོས་ཅན། །བསླབ་གསུམ་རྣམ་པར་དག་པའི་ཆོས་རྒྱལ་དང་། །མཁའ་སྤྱོད་བརྙེས་པའི་གདུང་རྒྱུད་སྡོམ་བརྩོན་མཆོག །རྒྱུད་སྡེའི་མངའ་བདག་རིན་ཆེན་དཔལ་བཟང་ཡི། །མཁས་པའི་ཕུལ་བྱུང་ནམ་མཁའ་བཟང་པོས་བྲིས། །ལག་པའི་འདུ་བྱེད་བསྒྱུར་ལ་འགན་ཟླ་བྲལ། །རིག་བྱེད་འཛིན་པའི་གཙོ་བོ་སྐྱབ་པ་དང་། །དགེ་བསམ་ལསྩོགས་མཁས་པ་རྣམས་ཀྱིས་བརྐོས། །ཕུན་ཚོགས་དཔལ་འབྱོར་གྱིས་མཛེས་གུ་རུ་དང། །གཡུ་རུང་བསམ་བཟངལས་བྱེད་རྣམས་ཀྱིས་འབད། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །རྡོ་རྗེ་ཐེག་པའི་ལམ་དང་མི་བྲལ་ཞིང་། །ཕྱོགས་དུས་ཀུན་ཏུ་ལམ་གྱི་རིམ་པ་འདིའི། །བཤད་སྒྲུབ་བསྟན་པ་རྒྱས་པར་ཤོག །སྦྱིན་བདག་ཁུ་དབོན་སྐྱེ་བོ་ཐམས་ཅད་དུ། །ཨིནྟཱ་བྷུ་ཏི་ཟླ་བ་བཟང་པོ་ལྟར། །སྔགས་སྦྱོར་རྒྱལ་པོ་ཁོ་ནར་གྱུར་ནས་ཀྱང་། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐུ་ཚེ་འདིར་ཡང་མངའ་རིས་ཐམས་ཅད་དུ། །གཙག་ལག་གཉིསཀྱིས་འབྱོར་བ་རྒྱས་པ་དང་། །འགལ་རྐྱེན་ཞི་ཞིང་ཕན་ཚུན་ཕ་མ་ལྟར། །བྱམས་པའི་སེམས་ཀྱིས་ཕན་ཚུན་རྟག་ཏུ་གནས་གྱུར་ཅིག །ཅེས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་འདི་ཕོ་བྲང་གཉིས་པ་གོང་དཀར་དཔལ་གྱི་སྡེ་ཆེན་དུ་ཟིལ་གནོན་གྱི་ལོ་ཆུ་སྟོད་ཀྱིས་ཉ་བའི་གྲལ་ཚེས་བཞི་ལ་ལེགས་པར་གྲུབ་པའོ། །འདི་ཡི་ཆེད་དུ་འབད་པ་ཆེར་བགྱིས་པའི། །གཞོན་ནུ་སེང་གེ་བྱང་ཆུབ་སྙིང་པོའི་བར། །དམ་ཆོས་མ་ལུས་རྒྱལ་པའི་དགོངས་པ་བཞིན། །རང་གིས་ངེས་ནས་གཞན་ལ་འདོམས་པར་ཤོག །ཅེས་པའི་དཔར་བྱང་གཉིས་བསྡུར་བ་ན། ས་སྐྱའི་བླ་ཆེན་བསོད་ནམས་རྩེ་མོའི་ཀྱེ་རྡོ་རྗེ་རྣམ་བཤད་ཉི་མའི་འོད་ཟེར་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྔགས་རིམ་ཆེན་མོ་གཉིས་ནི་དུས་རབས15པར་གོང་དཀར་རྫོང་ནས་དཔར་དུ་བཏབ་པའི་གནའ་དཔེའི་གྲས་ཤིག་རེད། ས་སྐྱའི་བླ་ཆེན་བོས་ནམས་རྩེ་མོའི་ཀྱེ་རྡོ་རྗེའི་རྣམ་བཤད་ཉི་མའི་འོད་ཟེར་སོགས་གོང་དཀར་རྫོང་གི་རྫོང་དཔོན་གྲ་ལྔའི་རྒྱལ་པོ་སྟེ་གོང་དཀར་བ་ཀུན་དགའ་རྣམ་རྒྱལ་གྱིས་སྦྱིན་བདག་མཛད་ནས་གནའ་རབས་སྤྲེའུ་ཞིང་སྟེ་འགོས་ལོ་གཞོན་ནུ་དཔལ་གྱིས་ཇོ་ཚུལ་གྱི་སྲས་ཀུན་དགའ་རྡོ་རྗེ་ཡིན་ཏེ་མེ་མོ་གླང་ལོ་ལ་འཁྲུངས། འདིས་མེས་མདོ་སྡེ། ལྷོ་ནག་ལ་མོའི་མཚེའུ་དར་རེ། དཔལ་ཆེན་གོ་བོ། གུབ་ཐོབ་ཤོལ་པ་བ། མལ་ནག་མོ་རྣམས་བསྟན། སྤྲེའུ་ཞིག་གི་གནས་གཞི་བཏབ་ཅེས་གསུངས་པ་དེ་ནི་ད་ལྟ་གོང་དཀར་རྫོང་གི་མངའ་འོག་ན་ཡོད་པའི་གནའ་རབས་སྤྲེའུ་ཞིང་ཞེས་པའི་སར་གོང་དཀར་རྫོང་གི་རྫོང་དཔོན་གྲ་ལྔའི་རྒཡལ་པོས་སྐུལ་ཏེ་དཔར་མཁན་བཟོད་པ་འཕེལ་གྱིས་དཔར་ལ་བརྐོས་པ་ཞིག་ཡིན། རྗེ་རིན་པོ་ཆེའི་གསུང་སྔགས་རིམ་ཆེན་པོ་ནི་གོང་དཀར་གྱི་སྡེ་བ་ནང་སོ་བ་བཞི་འཛོམས་པས་དགུང་ལོ་ལྔ་བཅུ་ང་གཅིག་སྟེང་སྦྱིན་བདག་བྱས་ཏེ་དཔར་མཁན་སྐྱབས་པ་དང་དགེ་བསམ་ལ་སོགས་པས་སྤྱི་ལོ1426ལོར་གོང་དཀར་དུ་དཔར་ལ་བརྐོས་ཏེ་རྔོག་རིན་ཆེན་དཔལ་བཟང་གིས་ཞུས་དག་བྱས་ནས་བསྒྲུབས་པ་ཞིག་ཡིན་ནོ། །

3_4 ཡུང་ལོའི་དཔར་མ།

མིང་ཡུང་ལོའི་བཀའ་འགྱུར་གྱི་དཔར་བྱང་ནི།༄༅། །ཏའི་མིང་རྒྱལ་པོས་མཛད་པའི་བཀའ་འགྱུར་བསྟོད་པ་ལ་ནི།དེས་ཀྱིས་བསམ་པ་ལ། དེབཞིན་གཤེགས་པ་དོན་ཆེན་པོའི་ཕྱིར་དུ་སྣང་བ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ཟབ་མོ་གསུངས་ཤིང་། དོན་བསྟན་པ་ཡུན་རིང་དུ་སོང་བའི་རྗེས་སུ། ངེད་ཀྱི་ཤར་ཕྱོགས་ཀྱི་ཡུལ་དབུས་སུ་སླེབས་པ་དང་། དེ་དག་བསྒྱུར་བའི་དོན་ལ་བརྟེན་ནས། སྐྱེ་བོ་རྣམས་འདུལ་བ། དབང་རྣོན་བློ་གསལ་བ་རྣམད་ཀྱིས་མ་གཏོགས་པ། དེ་དག་གི་ཚིག་གོ་བར་དཀའ་ཞིང་། དེའི་དོན་ཟབ་མོ་ནི། ལྟ་སྨོས་ཀྱང་ཅི་དགོས།དེ་ཐོབ་པ་ལ་སེམས་དང་ལུས་འདུལ་བ་བསྒྲུབས་དགོས་ཤིང་། སེམས་ཇིདཐོག་བཅས་མ་ཡིན་པ་ཤིན་ཏུ་གསལ་ཤིང་འགྲོ་བ་དང་བཅས་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ཚང་བ་མེད་པ་རྟོགས་སྟེ། དེའི་དོན་ཐོས་པ་རྒྱ་ཆེན་དགོས་པ་ནི། ཆོས་ཀྱི་གཏེར་མཛོད་ལས་བྱུང་བ་ཡིན་གྱིས། །ཆོས་ཐམས་ཅད་ལེགས་པར་དཔྱད་པ་ནི། རང་གི་སེམས་ཉིད་ལ་ཐུག་སྟེ། དེ་དཞིན་དུ་བསྒྲུབ་ན། གྲོལ་ཞིང་དམ་པ་ཐོབ་པ་ཏེ། མི་གཡོ་བར་རྟག་ཏུ་གནས་ཤིང་། གང་གིས་ཀྱང་སྒྲིབ་པར་མ་ནུས་པ། དེ་ནི་སྙིགས་མའི་དུས་ཀྱི་སྒྲོལ་བའི་ལམ་དང་ཟམ་པ་ལྟ་བུ། ངེད་རྒྱལ་ཁབ་དགག་པ་དང། གདན་ས་ཆེན་པོ་ལ་གནས་པ་ནི། བདག་གིས། ཡབ་ཡུམ་གྱིས་དྲིན་ཆེན་པོ་དང་། རབ་རིམ་པས་ཕན་བཏགས་པས། དེའི་དྲིན་བསལ་པར་དཀའི་བའི་དོན་གྱིས། གསེར་ཡིག་པ་མངགས་ནས། ནུབ་ཕྱོགས་ནས་བཀའ་འགྱུར་གདན་དྲངས་འོངས་ནས། པར་དུ་བསྒྲུབས་ནས། ཀུན་ལ་སྦྱིན་པའི་ཕན་ཡོན་གྱིས། ཡབ་ཡུམ་གཉིས་འདྲེན་པར་བྱ་བ་དང་། སེམས་ཅན་ཀུན་གྱི་མིང་མཛད་པའི་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་དུ། དེ་ལྟ་བུའི་ཕན་ཡོན་ནི་བརྗོད་ཀྱིས་མི་ལངས། དོན་དམ་པས་སེམས་ཉིད་འཁྲུལ་བས། ཉོན་མོངས་པའི་བག་ཆགས་ཀྱིས་བཅིང་བ་གང་ཡང་མི་ཤེས་པར་འཐོམས་ཤིང་། དེ་ལྟ་བུ་ནི། ཆོས་འདིའི་གཏེར་མཛོད་ཀྱིས་མ་དཔྱད་པ་ནི། དོན་དམ་པས་སེམས་ཉིད་ཐོབ་པར་མི་འགྱུར་ཏེ། དེ་དག་གི་དོན་ཡང་རྟོགས་པར་མི་འགྱུར། དེའི་སེམས་ཀྱིས་དཔྱད་པ་ནི་འཁོར་བ་པ་རྣམས་ལ་འདྲེན་ཞིང་། འཁོར་བ་ལས་བཏུང་བ་རྣམས་ལའང་སྒྲོལ་བ། དེ་ཉིད་དེ་བཞིན་གཤེགས་པས་བྱམས་པའི་སྨོན་ལམ་ཡིན་གྱིས། དེའི་ཕྱིར་བསྟོད་པ་ལ་བྱས་ཤིང་ཆོས་ཀྱི་དབུས་ན་བྲིས་པས། ཆོས་ཀྱི་གྲོགས་སུ། ཕྱི་རབས་པ་རྣམས་ལ་རྒྱུད་དོ།། ༄༅། །བསྟོད་པ་ནི་དེ་བཞིན་གཤེགས་པའི་བདེན་པའི་དོན་བཤད་པའི། །ཆོས་ཀྱི་སྒྲ་དབྱངས་ཀུན་ལ་ཁྱབ་གྱུར་ཏེ། གང་གའི་ཀླུང་གི་བྱེསྙེད་འཇིག་རྟེན་ཁམས། །རེ་རེ་ནས་ཀྱང་ཡོངས་སུ་གང་བར་འགྱུར། ཆམས་ཅན་ཀུན་ལའདུལ་བར་མཛད་པ་ཡིས། །ཐམས་ཅད་སངས་རྒྱད་གོ་འཕང་ཐོབ་པར་འགྱུར། །ཟག་པ་རྡལ་དང་བཅསཔ་རྣམས་ལ་ཡང་། །ཐམས་ཅད་རིག་པའི་རྒྱ་མཚོར་གྲོལ་བར་འགྱུར། །གྲངས་མེད་སྐལ་བ་དུ་མ་རྣམས་ལ་ཡང་། །རྒྱ་ཆེན་ཐབས་ཀྱི་སྒོ་མོ་རབ་དབྱེ་བས། །འཁྲུལ་བའི་ནམ་མཁའི་མེ་ཏོག་འཛིན་པ་ལ། །ཐམས་ཅད་རྟོགས་པས་གསལ་བར་འགྱུར་བ་ནི། །གལ་ཏེ་གཅིག་གིས་སངས་བར་མ་འགྱུར་ན། །བདག་གིས་ཀྱང་ནི་སངས་རྒྱས་མི་མཛད་ཞེས། །བདག་ཉིད་བསམ་པ་སེམས་ཅན་རྣམས་ལ་ཡང་། །རྒྱ་ཆེན་ཆོས་ཀྱི་དོན་ནི་བཤད་པར་བྱ། །དེང་གི་སེམས་ནི་སྐད་ཅིག་ཙམ་ལ་ཡང་། །ཐམས་ཅད་བྱང་ཆུབ་གོ་འཕང་ཐོབ་པར་སྨོན། །གོང་དུ་ཡབ་ཡུམ་གཉིས་ཀྱི་དྲིན་བསམ་པ་དང་། །འོག་མ་རྣམས་ལ་ཡང་ཕན་པ་བྱ་བའི་ཕྱིར། །ལྷན་ཅིག་བླ་མེད་སངས་རྒྱས་ཐོབ་གྱུར་ཅིང་། །འདོད་དང་ཟག་བཅས་ཐམས་ཅད་ཞི་ནས་སུ། །དོན་དམ་རྒྱལ་བའི་སེམས་ཉིད་ཐོབ་བྱེད་ཞིང་། སྙིགས་དུས་སེམས་ཅན་ཀུན་ལ་ཕན་པ་དང་། །དེ་ལྟ་བུ་ཡི་རྒྱ་ཆེན་གསང་བའི་དོན། །ནུབ་ཀྱི་ཕྱོགས་རྣམས་སུའང་ལེགས་པར་སྦྱིན། །ཀ་ལ་པིང་ཀ་དང་ནི་ཚངས་པའི་དབྱངས། །ཤིན་ཏུ་སྙན་པས་བསམ་གྱིས་མི་ཁྱབ་ལ། །དཔེར་ན་ཕྱོགས་བཅུར་རྔ་བོ་བརྡུངས་པ་ཡིས། །སྒྲ་ནི་གང་དུའང་ཐོགས་པ་མེད་པར་གྱུར། །རྣ་ལྡན་ཀུན་གྱིས་ཡོངས་སུ་ཐོས་གྱུར་པའི། །ཚོར་བས་ཐམས་ཅད་སངས་རྒྱས་ཐོབ་ཀྱས་ཤིང་། །ལེགས་པར་ཡང་དག་བརྟན་པའི་མི་གཡོ་བར། །རྟག་ཏུ་འཁོར་བ་ཡོངས་སུ་མི་ལྷུང་ངོ་། །འཇིག་རྟེན་མགོན་པོས་དཔང་པོ་མཛད་པ་དང་། །དེ་བཞིན་དུ་ནི་དཔང་པོ་བྱས་པ་ཡིས། །དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཡུན་རིང་རྒྱུན་དུ་སྤྱོད་པར་ཤོག །ཡུན་ལོ་བརྒྱད་པའི་ལོ་ཟླ་གསུམ་པའི་ཚེས་དགུ་ཉིན། སོགས་ལས་གསལ་བོར་རྟོགས་སོ། །

3_5 གུང་ཐང་དཔར་མ།

དེ་ཡང་ཀུན་མཁྱེན་ཀློང་ཆེ་རབ་འབྱམས་པའི་ཐེག་མཆོག་མཛོད་གང་ཐང་དཔར་མའི་མཛད་བྱང་ནི། ཨོཾ་ཧོ:ཐེག་མཆོག་འདི་ཉིད་དཔར་དུ་བསྒྲུབས་པ་ལ། བཟོ་རིག་བིཤ་ཀརྨ་ཡིས། རིང་ནས་མངགས་ཤིང་དགོས་དུས་ཕན་པ་ནི། མངའ་རིས་ཡིག་དཔོན་རྡོ་རྗེ་དཔལ་ཞེས་པའི། སློབ་མའི་ཐ་ཆུང་གཙང་བ་འོད་ཟེར་གྱིས། སྟོད་ཆ་བྲིས་ཤིང་དེ་ཡི་ལྷག་མ་རྣམས། དགེ་སློང་སྒྲོལ་མ་སྐུ་མཆེད་གཉིས་ཀྱིས་བྲིས། །ལེ་ལྷའི་རི་མོ་སྤྲུལ་སྐུ་སྨན་ཐང་པའི། །བརྒྱུད་འཛིན་མཁས་པའི་འབྱུང་གནས་གུང་ཐང་པ། མཁས་པ་དྲི་མེད་སོར་མོའི་སྒྱུ་རྩལ་ལོ། ལེ་ལྷ་སྟོད་ཆའི་བར་བརྐོས་རིག་བྱེད་ནི། མཁས་པ་ཆེན་པོ་བསོད་ནམས་བཀྲ་ཤིས་ཡིན། དེ་མཚམས་སྟོད་ཆ་དགེ་སློང་པད་མ་དང་། དགེ་སློང་མཁའ་འགྲོ་གཉིས་ཀྱིས་ལེགས་པར་བརྐོས། དགེ་སློང་ཤེར་དཔལ་དགེ་སྦྱོང་ནམ་མཁའ་དང་། དགེ་སློང་བཟང་པོ་རྒྱལ་མཚན་རྣམ་གསུམ་གྱིས། སྨད་ཀྱི་ཆ་རྣམས་ལྷག་བསམ་དག་པས་བརྐོས། དགེ་སློང་ཡི་དམ་དཔོན་མོ་ཆོས་དབང་དང་། དགེ་བཤེས་སྐྱབ་པ་དགེ་བཤེས་ཚེ་འཕེལ་དང་། དགེ་བཤེས་མང་ཐོས་བཅུ་དཔོན་རྡོ་རྒྱལ་དང་། དགེ་བཤེས་མཁའ་འགྲོ་དགེ་བཤེས་ཆོས་སྐྱོབ་ཀྱིས། ཟླ་བདུན་ཁོངས་སུ་བར་ཆད་མེད་པར་གྲུབ། པར་ཤིང་གང་དགོས་དགེ་བཤེས་བཟང་རྒྱལ་གྱིས།རང་གཞན་དོན་ཕྱིར་ལྷག་བསམ་དག་པས་ཕུལ། གཞོགས་དང་བརྡར་བྱེད་རོང་པོ་རྣམ་རྒྱལ་དང་། དགེ་སློང་བློགྲོས་དགེ་སྦྱོང་མགོན་ནེ་སོགས།དད་བརྩོན་ལྷག་བསམ་དག་པས་གུས་པར་བསྒྲུབས།སྔ་ཕྱིར་ཞུ་དག་དོ་དམ་ཆེད་གཉེར་ནི། བདག་ཉིང་བདག་གི་མགོན་དུ་ལེགས་བསམས་ཏེ། དགེ་སློང་རང་ཉིད་དགེ་སློང་ཆོས་དར་དང་། དགེ་སློང་དཀོན་མཆོ་དཔལ་བཟང་རྣམ་གསུམ་གྱིས། སྐུ་གསུམ་ཐོབ་ཕྱིར་སྒོ་གསུམ་གུས་པས་བསྒྲུབས། དེ་ལྟར་རང་གཞན་བསམ་སྦྱོར་རྣམ་དག་གིས། མཐོང་ཐོས་དྲན་རེག་སྲིད་པའི་མཐའ་ཆོད་པའི། ཐེག་མཆོག་རིན་ཆེན་མི་ཟད་ནམ་མཁའ་མཛོད། འཛད་མེད་ཐར་པའི་ཆོས་སྒོ་འདི་ཕྱེ་བས། འགྲོ་ཀུན་ཟབ་དོན་དཔལ་ལ་སྤྱོད་པར་ཤོགདོན་བཟང་ཚིག་བཟང་སྲིད་གསུམ་མཆོད་རྟེན་འདི།གུང་ཐང་རྒྱལ་པོའི་ཆབ་འོག་གཙང་གི་ཆ།ཀུན་གསལ་སྒང་པོ་ཆེ་ཡི་རི་ཁྲོད་དུ།ཆུ་མོ་སྦྲུལ་ཏེ་སྤྱི་ལོ1533ལོ་འབྲུ་བཅུད་སྨིན་པའི་དུས། དཔལ་ལྡན་མངོན་དགའི་ཆོས་རྗེ་རབ་འབྱམས་པ། མཁན་སློབ་བཅས་པར་རབ་གནས་མངའ་གསོལ་མཛད། དགེ་བ་འདིས་མཚོན་འཁོར་འདས་དགེ་ཚོགས་ཀྱིས། ཐེག་མཆོག་སྙིང་པོའི་བསྟན་པ་དར་ཞིང་རྒྱས། ངེས་དོན་བསྟན་འཛིན་སྐྱེས་བུ་སྐུ་ཁམས་བཟང་།ཆོས་རྒྱལ་སྦྱིན་བདག་སྐུ་བསོད་མངའ་ཐང་རྒྱས།རྒྱལ་ཁམས་ཀུན་ད་ནད་མཚོན་མུ་གེ་བྲལ། མཐའ་དམག་གདུག་པའི་བསམ་ངན་སྦྱོར་རྩིབ་ཞི། འགྲོ་ཀུན་ཆོས་ལྡན་དཔལ་རྒྱས་ཤོག དཔར་འདིའི་ཕྱོགས་སུ་སྒོ་གསུམ་ལོངས་སྤྱོད་ཀྱིས། དངོས་སམ་བརྒྱུད་ནས་བཟང་ངན་འབྲེལ་ཐོགས་རྣམས། དཔལ་རི་པད་མོ་འོད་ཀྱི་གཞལ་ཡས་སུ།ཀུན་བཟང་རིག་ལྔ་ཨོ་རྒྱན་ཡབ་ཡུམ་དང་། བྷེརོ་བྷི་མ་དྲི་མེད་འོད་ཟེར་སོགས། དབྱེར་མེད་འདུ་འབྲལ་མེད་པའི་ཞབས་དྲུང་དུ། ལུས་འདི་མ་སྤངས་ཚེའདི་སངས་རྒྱས་ནས། མེད་བཞིན་སྣང་བའི་འཁོར་བ་དོང་སྤྲུགས་ཤོག ཅེས་པ་འདི་ལས་དུས་རབས14པའི་ནང་དུ་བྱོན་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་མཛོད་དང་དུས་རབས12པའི་ནང་དུ་བྱོན་པའི་མཉམ་མེད་དྭགས་པོ་ལྷ་རྗེ་རིན་པོ་ཆེའི་གསུང་ཐར་རྒྱན་སོགས་གུང་བསྒྲིགས་ཏེ་དཔེ་བསྡུར་བྱས་པའི་ཁྱད་ཆོས་འདི་ལྟར། གཅིག་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་མཛོད་སྤྱི་ལོ1533ལོའི་མངའ་རིས་གུང་ཐང་དང་དྭགས་པོའི་ཐར་རྒྱན་སོགས་དཔར་ལ་བརྐོ་སྐབས་གསུང་རབ་དེའི་དབུ་ཞབས་ལྷ་སྐུ་བཻིས་མཁན་གྱི་ལྷ་བྲིས་པ་སྟེ་ལེ་ལྷའི་རི་མོ་སྤྲུལ་སྐུ་སྨན་ཐང་པའི་བརྒྱུད་འཛིན་མཁས་པའི་འབྱུང་གནས་གུང་ཐང་པ་མཁས་པ་དྲི་མེད་སོར་མོའི་སྒྱུ་རྩལ་ལོ་ཞེས་གཅིག་མཚུངས་སུ་བྱུང་སྟབས་དུས་རབས16པའི་གུང་ཐང་དཔར་མའི་དབུ་ཞབས་ལྷ་སྐུར་བོད་ཀྱི་རི་མོའི་གྲུབ་མཐའ་ཆེན་པོ་བཞི་ལས་སྤྲུལ་སྐུ་སྨན་ཐང་བས་སྲོལ་བཏོད་པའི་སྨན་ལུགས་སྒྱུ་རྩལ་ཉམས་ལྡན་པའི་ཁྱད་ཆོས་ཡོད། གཉིས་པ་གུང་ཐང་དཔར་མ་གཞན་མི་ལ་བཞད་པའི་རྡོ་རྗེའི་རྣམ་མགུར། དྭགས་པོ་ལྷ་རྗེ་ཆིན་པོ་ཆེའི་ཐར་རྒྱན། པད་མ་བཀའ་ཐང་། མ་ཎི་བཀའ་འབུམ་སོགས་ཕན་ཚུན་བསྡུར་ན། གུང་ཐང་དཔར་མ་དེ་དག་གི་ལྡེབ་གྲངས་འགོད་སྟངས་ལ་དམིགས་བསལ་གྱི་ཁྱད་ཆོས་ཏེ་དཔར་ལ་བརྐོ་བར་བྱ་བའི་གཞུང་དེའི་ལྡེབ་གྲངས་བརྒྱ་ལ་བྱིན་ཡོད་ན་བོད་ཀྱི་སྲོལ་རྒྱུན་གྱི་བོད་ཡིག་གི་ཨང་ཡིག་བརྒྱ་ཞེས་མ་བརྐོས་བར་བརྒྱ་གནས་དེ་དམིགས་བསལ་རྟགསའདིས་མཚོན་པར་བྱད་པནི་གུང་ཐང་དཔར་མའི་ཁྱད་གཅིག་ཡིན། གསུམ་དཔར་མ་དེ་དག་གི་ལྡེབ་གྲངས་ཀྱི་ཡིག་ཕྲེང་ལ་ངེས་པ་མེད་ཀྱང་གཞུང་དེའི་བམ་པོའི་ཡིག་མཁན་སུ་དང་སུས་བརྐོས་པ་སྔོན་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཇི་བཞིན་རང་རང་བམ་པོའི་རྫོགས་མཚམས་སམ་ཞབས་ཤོག་ཏུ་འདི་ཡན་དཔོན་ཡིག་ག་གེ་མོས་བྲིས་ཞེས་བྱུང་བ་དེ་ཡང་གུང་ཐང་དཔར་མའི་ཁྱད་ཆོས་ཤིག་ཡིན། བཞི་པ་དུས་རབས16པའི་གུང་ཐང་དཔར་མའི་གཞུང་གི་ནང་དོན་ངོས་ནས་བརྗོད་ན་མང་ཆེ་བ་ཞིག་ནི་རྙིང་མ་དང་བཀའ་བརྒྱུད། བཀའ་གདམས་པའི་གཞུང་སོགས་ཡིན། ལྷག་དོན་དུ་ཡིག་མགོའི་ཤད་གཉིས་ཀྱི་བར་དུ་དམིགས་བསལ་རྟགས་དུས་དཀར་གཟུགས་ཀྱིས་བརྒྱན་པ་ཞིག་ཡིན། རྟགས་དེ་ནི་གུང་ཐང་དཔར་མའི་ཐུན་མོང་མ་ཡིན་ཁྱད་ཆོས་ཤིག་ཡིན།

3_6 ཡར་འབྲོག་དཔར་མ།

དུས་རབས14པར་བྱོན་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་དཔར་བྱང་དུ། ཨོཾ་ཤྲི་ཡ་སེསྟུ། དཔལ་ལྡན་ཐོག་མཐའ་ཀུན་བྲལ་བྱང་ཆུབ་སེམས། །ཕྱག་རྒྱ་བཞི་ཡིས་དེ་ཉིད་རྩེར་སོན་པས། །སྐུ་བཞིའི་རྒྱལ་སྲིད་ཆེ་ལ་དབང་འབྱོར་བ། །རྣམ་སྣང་མཛད་པའི་འགྲོ་འདི་ཤིས་གྱུར་ཅིག།རྨད་བྱུང་རིགས་རྣམས་ཀུན་གྱི་འཁོར་ལོས་བསྒྱུར། །སྣ་མང་དཀྱིལ་འཁོར་བཞི་ཡི་དཔུང་ཚོགས་ཀྱིས། །འཇིག་རྟེན་འཇིག་རྟེན་ལས་འདས་དངོས་གྲུབ་ཚོགས། །གདུལ་བྱའི་བསམ་པ་ཇི་བཞིན་རྩོལ་བྱས་བསྲུངས། །མཐའ་དག་རྒྱལ་བ་དངོས་ཀྱི་མཁྱེན་བརྩེའི་དངོས། །གསུང་རབ་ཀུན་གྱི་གླེགས་བམ་གཅིག་པུ་པ། །བགྲང་ཡས་འཁོར་ལོའི་བདག་པོ་རྡོ་རྗེའི་ཛྣ། །ཕྱོགས་ལས་རྣམ་རྒྱལ་འགྲོ་བའི་བླ་མར་འདུད། །རབ་འབྱམས་རྒྱལ་བའི་བསྟན་པ་ཡིད་བཞིན་འཇིད། །སྐལ་བཟང་འགྲོ་ལ་འདོད་པ་འཇོ་བའི་གཏེར། །དཔལ་ལྡན་དེ་ཉིད་འདུས་པའི་གསུང་རབ་ཆེ། །ཐུབ་རྣམས་འདུལ་ཞལ་ཆེ་ལས་བསྙད་འདྲ་བ། །མངོན་མཐོའི་སྐྱེད་ཚལ་བསྒྲོད་ལ་བཞོན་པ་སྟེ། །ཐེག་གསུམ་ཁང་བཟང་རྩེར་ཕྱིན་ལམ་པོ་ཆེ། །རྒྱུད་སྡེ་བཞི་ཡི་རྒྱལ་ཐབས་བླ་མེད་ལས། །ཆོས་ཀྱི་རྒྱལ་བོར་བྱེད་པ་བསྒྲོད་གཅིག་ཚུལ། །གང་ལས་རྒྱུད་སྡེ་ཐམས་ཅད་ཀྱི། །སྤྱི་ཡི་རྣམ་གཞག་རབ་གསལ་བ། །རྟོག་གེའི་རྙོག་པས་མ་བསླད་ཅིང་། །རྒྱུད་ལྡན་གདམས་པས་བརྒྱན་པ་ལ། །ཡོངས་འདི་ཡིས་ཀུན་ལ་འདོད་དགུའི་དཔལ། །སྩོལ་སླང་དབང་གི་རྒྱལ་པོ་སྟེ། །མི་ཟད་ཆོས་ཀྱི་སྦྱིན་པ་ཡི། །རྒྱལ་མཚན་རྩེར་མོར་མཆོད་པའི་ཕྱིར། །གླེགས་བུའི་མཛེས་མ་ལ་ཆགས་ཡི་གེའི་འབྲུ། །དོ་ཤལ་འཕྲེང་བར་སྤེལ་བས་མ་སྨྲས་ཀྱང་། །ཆགས་ལྡན་མཛའ་བོ་འགུགས་པའི་སིལ་སིལ་སྒྲས། །ལེགས་བཤད་ཟླ་བཞིན་སྙིང་ལ་དཔར་དུ་བཏབ། །འདི་ལས་རྣལ་འབྱོར་སྤྱོད་དང་བྱ་བ་བརྒྱུད། །གསལ་བྱེད་གླེགས་བམ་དང་པོར་རབ་བཀོད་པ། །སྣ་བོའི་རྒན་པོས་ཆོས་ལ་དཀར་བའི་གཞིར། །མཐུན་པར་བསྒྲོས་འདྲིའི་ཕོ་བྲང་ཆེན་པོའི་རྩེར། །ལྷ་མི་ཀུན་ཏུ་དགའ་བའི་འབྱོར་བ་ཡིས། །རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་པ་ལས། །དཔལ་འབྱོར་བཟང་པོའི་མཆོག་སྦྱིན་ཀུན་སྩོལ་བ། །ས་སྐྱོང་དེ་ཡིས་འཐུན་པའི་རྐྱེན་སྦྱར་ཞིང་། །ཁྱད་པར་མི་ཕམ་གསང་བ་བྱིན་གྱི་སྲས། །མཁྱེན་བརྩེ་གྲུབ་པའི་ཡོན་ཏན་གྱིས་མཐོ་བ། །་་་་འཇམ་དབྱངས་ཞེས་བྱའི་དམ་པ་ཡིས། །ཀུན་ནས་བསྐུལ་ཞིང་སངས་རྒྱས་ཐོབ་ཕྱིར་བསྒྲུབས། །གཞན་ཡང་དད་པའི་ཆུ་མཚོར་འབྱོར་པ་ཡི། །སྦྲང་རྩིའི་རྒྱལ་མཚན་མངར་བའི་སྦྱིན་བདག་གང་། །རྗེ་བཙུན་ཇི་སྙེད་ཀྱིས་ཀྱང་མོས་པ་དང་། །གཏོང་པའི་ཁྱད་པར་དུ་མས་་་སོ། །འདི་ཡི་དག་བྱེད་འཇམ་པའི་དབྱངས། །ངག་ལ་ཞུས་འདྲ་དེ་ཉིད་དང་། །རིག་འཛིན་ནམ་མཁའ་རྒྱ་མཚོ་ཞེས། །བློ་གྲོས་གསལ་ལྡན་མཆེད་པོར་བཅས། །ཤོག་བུའི་ཀུན་ཕན་རབ་དཀར་བར། །ཡི་གེའི་རི་བོང་མཚན་མ་ནི། །མཆོད་སྦྱིན་བརྒྱ་པས་བྲིས་པ་འདྲ། །བསོད་ནམས་བཀྲ་ཤིས་དག་གིས་བྲིས། །འབྱུང་ཁུངས་ཆེ་ལ་རིན་ཆེན་བཞིན། །ཡི་གེ་མི་ཟདའགོད་པ་ལ། །སྤར་བྱེད་ཀུན་གྱི་རབ་བཏུད་པའི། །མགོན་པོ་བསྟན་པའི་དཔལ་དུ་ཤར། །པད་མའི་མཚོ་ལ་ངང་པའི་ཁྱུ། །མངོན་འདོད་བསླབ་པ་གཅིག་པ་ལྟའི། །འློབ་མར་བཅས་པའི་གནས་གཅིག་ལ། །གླེགས་བམ་་་་འཆར་བ་འཚར། །འདི་ཡི་དགེ་བ་མཁའ་ལྟར་རབ་ཡངས་པ། །ཐབས་ཤེས་ཉི་ཟླའི་འོད་ཀྱིས་གསལ་བྱས་པས། །སྲིན་མུན་སྟུག་པོས་ལྡོངས་པའི་འགྲོ་བ་རྣམས། །ཡེ་ཤེས་འོད་བརྒྱའི་སྣང་བས་འབྱོར་གྱུར་ཅིག །མཐའ་ཡས་རྒྱལ་བའི་སྙིང་པོའི་བསྟན་པ་ལ། །ཐོས་བསམ་་་་རིམ་འགྲོ་ཆེར་འཕེལ་ཏེ། །རིམ་གྱིས་སྨིན་ཞིང་ཅིག་ཅར་འགྲོ་བའི་ལམ། །ཐར་པར་འདོད་པ་རྣམས་ལ་མངོན་འགྱུར་ཤོག །ཁྱད་པར་དཔལ་ལྡན་དེ་ཉིད་འདུས་པ་ཡི། །བཤད་སྒྲུབ་རྒྱ་མཚོའི་གོས་ཅན་མཐས་གཏུགས་པར། །རྒྱ་ཆེར་དར་ཞིང་ཡུན་དུ་གནས་པ་ཡིས། །ཡིད་ཅན་མཐའ་དག་སྐལ་བ་བཟང་པོར་གྱུར། །རྣམ་མང་ཐེག་པ་ཀུན་གྱི་ངེས་འབྱུང་བ། །རྡོ་རྗེ་ཐེག་པ་མཐར་ཕྱིན་གྱུར་པ་ལས། །འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །ཕུན་ཚོགས་དཀའ་བ་མེད་པར་གྲུབ་གྱུར་ཅིག །སྣོད་བཅུད་དགེ་ལེགས་སྲིད་དགུས་ལེགས་འབྱོར་ཞིང་། །བསྟན་ལ་དགའ་བའི་ལྷ་རྣམས་མཐུ་དང་ལྡན། །ཆོས་བཞིན་སྤྱོད་པ་རྣམས་ཀྱིས་བསམས་པའི་དོན། །ཡིད་བཞིན་གྲུབ་པས་ཀུན་དུ་ཤིས་གྱུར་ཅིག །འཁོར་ལོཅའི་མགོན་རྣམས་བདེན་པར་རབ་དགོངས་ཤིང་། །སྨིན་གྲོལ་ལམ་བཟང་འགྲོ་ལ་བདེན་པའི་མཆོག །དཀྱིལ་འཁོར་པ་རྣམས་བདེན་པར་རབ་སྒྲུབ་པའི། །བདེན་པས་ཕྱོགས་དུས་ཀུན་ལེགས་གྱུར། །ཀུན་འཛིན་གྱི་ལོ་སྨིན་དྲུག་ཅན་གྱི་དཀར་པོའི་དུས་སྦྱོར་དགེ་བ་ལ་ལེགས་པར་གྲུབ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་ལྷག་པར་གནས། །ཞེས་པའི་དཔར་བྱང་སྨོན་ཚིག་ལས་དུས་རབས14པར་བྱོན་པའི་མཁསདབངབོ་དོང་ཕྱོགས་ལས་རྣམ་རྒྱལ་ཞུ་བ་གསུང་པོད་མཚན་བཟང་པོ་སུམ་ཅུ་རྩགཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲངས་དང་མཉམ་པར་ལྗགས་རྩོམ་གནང་མཁན་དེའི་གསུང་བྱ་བའི་རྒྱུད་སྡེ་པ་སྣ་དཀར་རྩེ་ཕོ་བྲང་ནས་དཔར་དུ་བཏབ་པའི་དུས། དེར་མཁོ་བའི་ཤོག་བུ་བཟོ་མཁན་དང་ཡི་མཁན་སུ་ཡིན་པ་སོགས་བཤད་འདུག་ལ་ལྷག་དོན་དུ་མཁས་དབང་ཁོང་གི་རྒྱུད་ཀྱི་སྐོར་གསུང་སྐབས་མཚན་དཔལ་དེ་ཉིད་འདུས་པ་ཞེས་བེད་སྤྱོད་གནང་གི་ཡོད་པ་དེའང་རྟོགས་ཐུབ།

3_7 ལྷ་སྡིངས་དཔར་མ།

གངས་རིའི་ཁྲོད་ཀྱི་ལྷོ་ཕྱོགས་ཀྱི་རྒྱུད། མི་འཇིགས་པ་སྦྱིན་པའི་གནས། ལྷ་ལྡིངས་ཤེས་བྱ་བཤད་དང་སྒྲུབ་པའི་དགོན། སྐལ་ལྡན་དད་སྤེལ་ཕྱིར་ཁོ་བོ་བློ་གྲོས་གྲགས་པ་དཔལ་བཟངས་ཀྱིས། སྔོན་མེད་དཔར་དུ་བཞེངས་པ་འདི་ནི། ཡིག་བྲིས་དགེ་སློང་ཀུན་དགའ་དར་རྒྱས་ཀྱིས་བྒྱིས་ཤིང་། རིག་བྱེད་མཁས་པ་ཀུན་དགའ་བཟང་པོའི་བརྐོས་པའོ། །ཞེས་དཔར་བྱང་དུ་བྱུང་ལ་བལྟས་ན། སྐབས་དེ་དུས་ལྷ་སྡིངས་དགོན་ནས་བཀའ་བརྒྱུད་པའི་བླ་མ་ཁག་གི་རྣམ་ཐར་དང་གསུང་རྩོམ་ཁགདཔར་དུ་བཏབ་འདུག དཔར་དེ་དགལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་སྟེ་དབུ་ཞབས་ལྷ་སྐུ་ཡོད་མེད་ལ་མ་བལྟོད་པར་དབུ་ཤོག་གོ་དཀྱིལ་དུ་གཞུང་དེ་ལྗགས་རྩོམ་གནང་མཁན་གྱི་མཁས་དབང་དེའི་སྐུ་བརྙན་བརྐོ་བྲིས་གནང་བ་དང་དཔར་གྱི་ཡིག་མཁན་སྤྱིར་གྱི་ཆ་ནས་ཨེ་པའམ་ཨེ་བྲིས་པ་ཡིན་འདུག་དེ་ནི་ལྷ་སྡིངས་དཔར་མའི་ཁྱད་ཆོས་སུ་འཁུམས་སོ། །

3_8 ཕྱིང་བ་སྟག་རྩེ་དཔར་མ།

བོད་ལྗོངས་དཔར་མཛོད་ཁང་དུ་བཞུགས་པའི་དཔེ་རྟགས12722རུ་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དཀར་ཆག་སྙན་ངག་བྲིས་མར་འཁོད་དོན། ཨོཾ་སྭ་སྟི། རྣམ་པ་ཀུན་གྱིས་མཆོག་ལྡན་སྟོང་པའི་གཟུགས། རྣམ་མེད་དབྱིངས་དང་རོ་གཅིག་བདེ་བ་ཆེ། རིགས་རྣམས་ཀུན་གྱིས་ཁྱབ་བདག་རྡོ་རྗེ་སེམས། འཇམ་དཔལ་ཡེ་ཤེས་དཔལ་ལ་ཕྱག་འཚལ་ལོ། དེ་ཡི་དམ་པས་དོན་གྱི་མཚན་བརྗོད་པས། གཉིས་མེད་རྒྱུད་རྣམས་ཀུན་ལ་ངེས་སྟེར་བ། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱིས། ལེགས་པར་བཤད་པའི་ལམ་སྲོལ་ད་བཞགས་པ། འདི་ནི་མཁས་པ་ཀུན་གྱི་འཇུག་ངོགས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་སར་བགྲོད་པའི། ལམ་གྱི་སྙིང་པོ་ཕྱོགས་འདིར་མཁས་གཞན་གྱིས། གསལ་བར་མ་ནུས་སྔོན་མེད་ལེགས་བཤད་དེ། རྣམ་བཤད་མཆོག་འདི་ཀུན་ལ་སྤེལ་སླད་དུ། དཔར་དུ་སྒྲུབ་པའི་བརྐོས་དང་ཡི་གེ་ཡི། རིག་བྱེད་ཨེ་ཡི་མཁས་པ་ཀུན་བཟང་མཆེད། ཚིག་དང་དོན་དག་བྱེད་རིག་གནས་ལྔ། མཐར་ཕྱིན་དཔལ་འབྱོར་ཡོན་ཏན་རྒྱ་མཚོ། དཀར་འཇམ་དཔར་ཤིང་གླེགས་བུའི་ཚོགས་རྣམས་ནི། ཕོ་བྲང་གཞིས་ཀ་སྟག་རྩེ་ཉིད་ནས་གནང་། དཔར་དུ་སྒྲུབ་པའི་ཐུན་རྐྱེན་ཡོ་བྱད་རྣམས། བླ་མའི་བཀའ་བཞིན་སྒྲུབ་པའི་ཞབས་འབྲིང་པ། གསུང་རབ་རྒྱ་མཚོས་དད་གུས་ངང་ནས་བསྒྲུབས། འདི་ཡིས་དགེ་བས་འབད་པ་ལྷུར་ལེན་རྣམས། མྱུར་དུ་རྡོ་རྗེ་འཆང་གི་གནས་ཐོབ་ཅིག གནས་སྐབས་སུ་ཡང་འཇིག་རྟེན་འཇིག་རྟེན་ལས།འདས་པའི་ལེགས་ཚོགས་མ་ལུས་འགྲུབ་གྱུར་ཅིག ཅེས་པའི་དཔར་བྱང་སྨོན་ཚིག་འདིའི་ནང་དུ་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དཔར་དུ་སྒྲུབ་པའི་བརྐོས་དང་ཡི་གེ་ཡི། རིག་བྱེད་ཨེ་ཡི་མཁས་པ་ཀུན་བཟང་མཆེད་ཅེས་འཁོད་པ་དེ་ལས་ཨེ་ནི་ད་ལྟ་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་དུ་གནས་པའི་ཨེ་ལྷ་རྒྱ་རི་ཞེས་པ་དེའི་རྒྱུད་པ་ཡིན། དེའི་རྒྱུད་པ་ནི་བཙན་པོའི་རྒྱུད་པ་ཡིན་ཞིང་ས་ཕག་གཉིས་ཀྱིས་སྲིད་དབང་བསྒྱུར་བའི་སྐབས་ནས་ཁྲིམས་སྒོ་རང་བཙན་ཡིན་པ་དང་རྒྱུད་པ་དེ་ལས་བྱུང་བའི་ཡིག་གཟུགས་དམིགས་བསལ་ཅན་ཞིག་ཡོད་ཅེས་སྐྱེ་བོ་དམ་པ་རྣམས་ཀྱི་ཞལ་རྒྱུན་ལས་བྱུང་ལ་བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་སུའང་གསལ། དེ་སྔ་ས་གནས་སྲིད་གཞུང་གིས་ཨེ་ཁུལ་ནས་ཨེ་ཕྲུག་པ་ཞེས་ཡིག་འབྲི་ཁག་གཅིག་སྐོང་བསྡུ་བྱེད་སྐབས་ཡི་གེ་གཟབ་གཤར། ལཉྫ། ཝརྟུ། ཧོར་ཡིག སྔགས་ཡིག ཡིག་གསར་རིགས་བཅས་འབྲི་སྲོལ་དར་ཁྱབ་ཆེ་བ་དང་། ཤོག་བུ་ཚོས་གཞི་འདྲ་མིན་དང་སྣག་ཚ་འདྲ་མིན། གསང་ཡིག་འབྲི་བྱེད་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་འདུས་པའི་དམིགས་བསལ་བཟོ་རྩལ་གྱི་བྱ་ཐབས་མ་སྤྱད་ན་ཡི་གེ་གསལལ་མི་ཐུབ་པའི་ཁྱད་ཆོས་ལྡན་པའི་སྣག་ཚ་བཟོ་བ། དེ་བཞིན་བོད་སྣག་མཚལ་སྣག་གི་སྦྱོར་བ་སྣ་ཚོགས། ལོར་ཤོག་དང་དེབ་འདྲ་མིན་བཟོ་བ་སོགས་འཕྲུལ་རྩལ་ལས་བྱེད་པ་བརྒྱ་རྩ་མང་པོ་རང་རང་གི་གོ་གནས་བཟུང་ཡོད། ཨེ་ཕྲུག་དེ་དག་གི་ཕལ་ཆེ་བ་ཁྲལ་རྐང་རེའི་རི་ཀླུང་རྩ་ཆུ་ཤིང་སོགས་ཀྱི་བདག་ཐོབ་དང་། རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཡོངས་རྫོགས་རྩ་ཆག་གི་ལག་ཁྱེར་སྤྲོད་ཀྱི་ཡོད། ཅེས་པས་ཨེ་ཡི་རྒྱུད་པ་དེ་དག་གི་སུག་བྲིས་ལ་དམིགས་བསལ་གྱི་ཁྱད་ཆོས་བཞུགས་ཡོད་ཙང་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དཔར་ལ་བརྐོ་བའི་སྐབས་ཀྱི་ཡི་གེར་བར་གདན་འདྲེན་པ་དེ་གསལ། དེ་དང་འདྲ་བར་ད་དུང་ལྷ་སའི་ནུབ་ངོས་སུ་གནས་པའི་གཞུ་སྙེ་མོ་རྫོང་གི་ཕུ་སུམ་ཞེས་པའི་ས་དེར་ཡིག་གཟུགས་སྤུས་དག་ཡོད་པའི་སྐོར་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དབུ་ཅན་ནི་སྔ་དུས་བོད་དུ་ཨེ་པ་དང་སྙེ་མོའི་ཡིག་འབྲི་བ་རྣམས་ཀྱི་ཕ་མེས་མི་རབས་རིམ་པ་བརྒྱུད་ནས་བྱུང་བའི་དམིགས་བསལ་གྱི་ལག་རྩལ་ཅན་གྱི་ཆེད་ལས་ཞིག་ཡིན་པས། བོད་ལྗོངས་སུ་རྒྱ་ཁབ་ཏུ་སྦྱོང་བརྡར་བྱེད་མི་ཉུང་སྟབས་དབུ་ཅན་ཚད་ལྡན་གྱི་ལག་རྩལ་སྲོལ་རྒྱུན་ཉམས་རྒུད་དུ་སོང་། ཞེས་པས་ཀྱང་དོགས་གནད་འགྲོལ་ཐུབ། ཡང་ཡིག་གཟུགས་བྲིས་མ་དེ་ལྟར་ཡོང་དོན་ཐད་ལ། མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་གི་གསུང་པར་བོད་དབུས་གཙང་དུ་ལོ་ལྔ་བརྒྱའི་སྔོན་རྗེ་ཙོང་ཁ་པའི་སྐུ་རིང་ནས་གསུང་རབ་བསྟན་བཅོས་ཀྱི་ཤིང་དཔར་མང་པོ་སྤེལ་བའི་སྲོལ་དར་བ་ནས་བཟུང་དབུ་ཅན་གྱི་ཡི་གེ་ལ་ཕལ་ཆེར་འབྲི་ཚུགས་སྣ་གཅིག་ལས་སྣ་མི་མཐུན་པ་མང་པོ་གཏན་ནས་མ་བྱུང་ལ། དབུ་མེད་ཀྱི་འབྲི་ཚུགས་ལ་དེ་ལྟ་བུའི་དཔར་འདེབས་རྒྱུགས་ཆེ་བ་མ་བྱུང་བའི་རྐྱེན་དང་ཡུལ་གྲུ་ཕན་ཚུན་ལ་འགྲིམ་འགྲུལ་ཉམས་དམའ་བའི་དབང་གིས་དབུས་བྲིས། ཁམས་བྲིས། ཨམ་བྲིས་ཞེས་འབྲི་ཚུགས་མི་འདྲ་བ་ཁག་གསུམ་བྱུང་བ་དང་དབུས་བྲིས་ལ་ཡང་སྔོན་ཆད་བདག་གིས་མྱོང་བའི་སྐྱོགས་ལོ་ཙཱ་བ་ཡབ་སྲས་ཀྱི་སྐུ་རིང་དང་རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་དང་ད་ལྟའི་དུས་ཀྱི་འབྲི་ཚུགས་རྣམས་ལ་ཁྱད་པར་ཆེས་ཆེ་བ་བྱུང་སྣང་ཞིང་། ལྷག་པར་ད་ལྟའི་འཁྱུག་བྲིས་ཨ་མདོའི་སྐད་ཀྱིས་བོད་བྲིས་ལྕགས་ཐག་མ་ཞེས་འབོད་པ་འདི་ནི་ཡི་གེའི་ལག་རྩལ་ཡང་རྩེར་སོན་པའི་རྟགས་མཚན་དུ་ཆེའོ་ཞེས་པ་དེ་ལས་ང་ཚོས་བོད་ཀྱི་གསུང་རབ་བྲིས་མ་དེ་དག་གི་ཡིག་གཟུགས་སྣ་གཅིག་མ་ཡིན་པར་དབུས་བྲིས། ཨམ་བྲིས་སོགས་ཀྱི་གསུང་རབ་ད་ལྟའང་འབྲས་སྤུངས་དཔེ་མཛོད་ཁང་དུའང་མཇལ་རྒྱུ་འདུག

4 དཔར་ཁང་མི་འདྲ་བའི་དཔར་བྱང་།

དེ་ཡང་དཔེར་ན་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་དཔར་བྱང་དུ།   རྒྱལ་བའི་ལུང་བསྟན་ཁ་བ་ཅན་གྱི་གནས། །རྒྱལ་བའི་གསུང་རབ་མ་ལས་མཁྱེན་གྱུར་པའི། །རྒྱལ་པ་གཉིསདཔལ་ལྡན་སྐྱ་པས། །རྒྱལ་པའི་དགོངས་པ་སྟོན་པའི་གཞུང་བཟང་འདི། ། རིགས་སོགས་མཐོ་རིས་ཡོན་ཏན་བདུན་དང་ལྡན། །དད་སོགས་འཕགས་པའི་ནོར་གྱིས་ཀུན་ནས་མཛེས། །དཔོན་མོ་ཆེན་མོ་ བྷོལ་གན་དདཔ་ཡིས། །བདེ་བར་གཤེགས་གསུང་དགོངས་པ་འགྲེལ་དྲི་མེད་རྣམས། །བྲིས་ནས་བརྐོས་ཤིང་པར་དུ་སྒྲུབས་པའི་དུས། །དེ་ཚེ་ཆོས་རྗེ་གསུང་རབ་དྲི་མེད་འདིའང་། །གྲུབ་པའི་དགེ་བ་སངས་རྒྱས་ཉིད་ཐོབ་ཤོག །གནས་སྐབས་འདིར་ཡང་མི་དབང་བརྒྱུད་པ་བཅས། །སྐུ་ཚེ་རིང་ཞིང་སྐུ་ཁམས་བཟང་བ་དང་། །འཁྲག་དང་ཉེ་བ་འཚེ་བ་ཀུན་ཞི་ནས། །ཕྱོགས་རྣམས་ཐམས་ཅད་བདེ་ལེགས་ཁྱབ་གྱུར་ཅིག །ས་མོ་ཕག་ལོ་ཟླ་བ་དུས་པའི་ཚེས་བཅོ་ལྔ་ལ། ཕོ་བྲང་ཆེན་པོ་ཏཱ་ཏུའི་མཆོད་རྟེན་སྔོན་པོར་བྲིས། མཆོད་རྟེན་དཀར་པོར་གྲུབ་པ་དགེའོ། །ཞེས་པའི་དཔར་བྱང་འདི་ལས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་སྤྱི་ལོ1294ལོར་ཡོན་གྱི་རྒྱལ་ས་ཏའི་ཏུར་ཞེས་པར་བཙུན་མོ་བྷོལ་གན་གྱིས་དཔར་དུ་བཏབ་པ་ཤེས། ཕོ་བྲང་ཆེན་པོ་ཏའི་ཏུར་ཞེས་པའི་དོན་ནི་སྔར་ཅིན་རྒྱལ་རབས་སྐབས་སུ་པེ་ཅིང་ལ་ཀྲུང་ཏུའུ་གྲོང་ཁྱེར་ཟེར་ཞིང་། རྗེས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ཀྲི་ཡོན་ཁྲི་ལོ་བཞི་པར་པེ་ཅིང་གྲོང་ཁྱེར་གྱི་བྱང་ཤར་ནས་འཛུགས་སྐྲུན་བྱེད་འགོ་ཚུགས། ཀྲི་ཡོན་ཁྲི་ལོ་བརྒྱད་པ་ལྕགས་ལུག་སྤྱི་ལོ1271ལོར་རྒྱལ་ས་པེ་ཅིང་དུ་སྤོས་ཏེ། དེའི་ཕྱི་ལོ་པེ་ཅིང་ལ་ཏཱ་ཏུའུ་ཞེས་པའི་མིང་བཏགས། ཞེས་པ་ལས་ཡོན་རྒྱལ་རབས་ཀྱི་ས་མིང་པས་ཏཱ་ཏུའུ་ཞེས་པའི་མིང་དེ་ཐོན་ཚེ་ཡོན་རྒྱལ་རབས་ཀྱི་དུས་སུ་འབྲི་དཔར་བཏབ་པ་དེ་ཁ་ཚོན་གཅོད་ཐུབ། འཇུ་མི་ཕམ་རིན་པོ་ཆེའི་ཤེར་ཌིག་པར་སྨོན་ཚིག་ནི། ཨོཾ་སྭ་སྟི། མཁས་པའི་རྣམ་དཔྱོད་ཉིན་མོར་བྱེད་པ་བཞིན། །ལུང་རྟོག་བསྟན་པའི་བཤད་སྒྲུབ་པད་ཚལ་བཞད། །ལེགས་བཤད་སྙིང་པོ་སྦྲང་རྩིའི་བཅུད་མཆོག་ལྟར། སྐལ་བཟང་བུང་བའ་ཚོགས་རྣམས་དགྱེས་པར་འགྱུར། ཐུབ་དབང་བསྟན་ལ་རབ་གྲགས་ཞི་བ་ལྷ། གསུང་རབ་བྱང་ཆབ་སྤྱོད་པའི་གཞུང་ཆེན་པོ། ཚིག་དོན་ཆ་ཐས་བརྒལ་བརྟགས་རིགས་ལམ་ནས། སྤེལ་འདི་མི་ཕམ་རྣམ་པར་རྒྱལ་བས་གསུངས། བློ་ལྡན་མཁས་པའི་ཚོགས་ལ་ཕན་པ་དང་། རྣམ་དག་གཞུང་བཟང་ཕྱོགས་བརྒྱར་དར་པའི་ཕྱིར། ངག་དབང་ཤཱཀྱའི་མིང་ཅན་དུས་འདས་ཀྱིས། དངོས་རྫས་མཐུན་པའི་རྐྱེ་སྦྱར་ལྷུན་གྲུབ་སྟེང་། ཞིང་སྐྱོང་དགེ་བའི་བློ་ཅན་དད་བརྩོན་གྱིས། རྣམ་དཀར་སྤང་དུ་སྒྲུབ་པའི་བསོད་ནམས་ཀྱིས། རྒྱལ་བསྟན་དར་ཞིང་དགེ་འདུན་དབུ་འཕང་བསྟོད། ལྷར་བཅས་འགྲོ་རྣམས་བདེ་བའི་གནས་ཐོབ་ཤོག དོན་དམ་སྤྲོས་བྲལ་ནམ་མཁའི་ཀློང་། ཀུན་རྫོབ་རྟེན་འབྱུང་སྣ་ཚོགས་གཟུགས། བདེན་མེད་དབྱེར་མེད་གཞི་ལམ་འབྲས། ཐར་གསུམ་གྱི་བཀྲ་ཤིས་ཤོག ཞེས་པའི་དཔར་བྱང་སྨོན་ཚིག་དེ་ལས་མི་ཕམ་རིན་པོ་ཆེའི་གསུང་པོད་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་པར་ལ་བརྐོ་བའི་སྐབས་སུ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་གནང་མཁན་ནི་ངག་དབང་ཤཱཀྱ་མིང་ཅན་ཡིན་པ་དང་དཔར་བརྐོ་སའི་གནས་ནི་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཞིང་སྐྱོང་ལ་སོགས་པ་དད་ཅན་རྣམས་ཀྱིས་མ་སྐུལ་དང་དུ་བླངས་ཏེ་དཔར་དུ་སྒྲུབ་གསལ་བ་དང་དཔར་སྒྲུབ་རྗེས་སུ་དམ་པའི་ཆོས་དར་ཞིང་རྒྱས་པ་ཡོང་བའི་སྨོན་ལམ་དགའ་དད་སྤྲོ་གསུམ་གྱིས་ཐོག་ནས་སྤེལ་བ་དེ་ནི་དཔར་བྱང་གི་སྨོན་ཚིག་ཡིན། དེ་མིན་དཔར་བྱང་སྨོན་ཚིག་ཁག་ཁ་ཤས་ཞུས་ན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔར་བྱང་ནི་འདི་ལྟར། ཨོཾ་སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་པའི་ཚོགས། ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། བཀྲིས་གཡས་ས་འཁྱིལ་བའི་ཆོས་གྲྭ་ལས། ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་བོ། །ཞེས་དང་རྗེ་སྐུ་འབུམ་ནས་དཔར་བའི་གའུང་རབ་ཀྱི་དཔར་བྱང་ནི།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན།བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། འགྲོ་ཀུན་སྤྱོད་སྐུ་འབུམ་བྱམས་པ་གླིང་། ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ།གཞི་རྩེ་བཀྲིས་ལྷུན་དགོན་གྱིས་དཔར་བའ་དཔར་བྱང་ནི། སྭ་སྟི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེན། ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། བརྦ་ཛ་ག་ཏམ།ཞེས་པ་ལྟ་བུ་ཡིན། དེས་ན་གོང་གི་དཔར་བྱང་སྨོན་ཚིག་དག་ལ་སྤྱི་སྡོམ་ཞིག་ཞུས་ན་སྨོན་ཚིག་དེ་དག་གི་མདུན་དུ་ཐོག་མར་རྒྱ་གར་གྱི་སྐད་ལས་སྨོས་པའི་བཀྲ་ཤིསཔའི་ཚིག་ཨོཾ་སྭ་སྟི་དང་སྭ་སྟི་ཟེར་བ་གཉིས་བྱུང་བས་དེ་གཉིས་ཀྱི་དོན་ནི་བདེ་ལེགས་ས་འགྱུར་ཅིག་ཅེས་པའི་དོན་ཡིན། གསུང་རབ་དེ་དག་གི་དབུར་དེ་ལྟར་བྱོན་དོན་ནི་གསུང་རབ་དེ་དག་དཔར་བའི་སྐབས་སུ་གེགས་མེད་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྨོན་ཚིག་ཕུལ་བ་དེ་ནི་བོད་་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཤིག་ཡིན་ལ་ཐུན་མོང་མ་ཡིན་པའི་སེམས་ཁམས་ཤིག་ཀྱང་ཡིན། དེ་ལྟར་བརྗོད་དོན་ནི་ལྷོ་ཁ་ས་ཁུལ་གྱི་ཞིང་པ་རྣམས་ཀྱིས་མ་འོངས་པའི་ལོ་དེར་འབྲུ་རིགས་སྣ་ལྔའི་འབྲས་བཟང་ཡོང་བའི་སྨོན་ཚིག་ཏུ། ནས་དཀར་མོ་བཏབ་པའི་ངང་བ་ཙམ། ནས་ནག་མོ་བཏབ་པའི་སྐྱུང་ཀ་ཙམ། ནས་ཁྲ་ཁྲ་བཏབ་པའི་སྐྱ་ཀ་ཙམ། སྲན་མ་བཏབ་པའི་ཕོ་རོག་ཙམ། སྲན་ཆོར་བཏབ་པའི་རང་ཐག་ཙམ། བྲ་བོ་རྒྱ་རི་བཏབ་པའི་ལ་ཕུག་ཙམ། ལ་ཕུག་བཏབ་པ་པུག་རལ་ཙམ། ཉུང་མ་བཏབ་པ་རྫ་མོ་ཙམ། འབྲས་བུ་འབྲས་བུ་གནམ་ལ་བསྙེགས།   རྟ་ཕོའི་མཐོངས་ཐིག་གཅིག་དང་མཇལ་བ་ཤོག མཛོ་ཕོའི་སྣ་ཐིག་གཅིག་དང་མཇལ་བ་ཤོག་ཞེས་པས་ཀྱང་དོན་དེ་རྟོགས་ཐུབ་བོ། ང་ཚོས་དཔར་བྱང་གི་སྨོན་ཚིག་དེ་དག་མཐོང་ཐོས་དབང་བོའི་་ཡུལ་ད་གྱུར་ཙ་ན་གནའ་དཔེ་དེ་དཔར་ཁང་གང་ཞིག་གི་དཔར་མ་ཡིན་མིན་ཐད་ཀར་དཔར་བྱང་སྨོན་ཚིག་ལས་རྟོགས་ཐུབ་བ་སོགས་དགེ་མཚན་དཔེ་མི་སྲིད་པ་ལྡན་ཡོད། འོན་ཏེ་དཔར་བྱང་སྨོན་ཚིག་ནི་གཞུང་དེ་མཛད་པ་པོ་རང་ཉིད་ཀྱི་ཕྱག་སོར་ལས་དུས་མཉམ་ད་ཐོན་པ་ཞིག་མ་་ཡིན་པར་རྗེས་སོར་གནའ་དཔེ་དེ་དཔར་དུ་སྒྲུབ་དུས། སྐབསདེ་དུས་ཀྱི་མི་གྲགས་མཁས་པ་དག་གིས་སྦྱར་བ་ཞིག་ཡིན་པས་གཞི་གཅིག་ཏུ་འཁྲུལ་སྣང་མེད་པ་ཞུ། གལ་ཏེ་དེ་ལས་ཟློག་ཏེ་འཁྲུལ་ཚེ་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་པ་ཇི་བཞིན་མ་གཞི་བྱས་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཀར་ཆག་ཆེན་མོ་དེ་ནི་བཟང་མོད་ཀྱང་། དེ་དག་གི་ཐོག་ཏུ་དཔར་བྱང་སྨོན་ཚིག་བསྒྲོན་མཁན་དང་མཛད་པ་པོ་གཞི་གཅིག་ཏུ་འཁྲུལ་པའི་སྐྱོན་ཡང་མཆིས་ཞེས་པས་ཀྱང་དེར་ནན་ཏན་གནང་རྒྱུའི་འགངས་ཐོན་ནོ། །

5 དཔར་བྱང་སྨོན་ཚིག་འབྲི་མཁན།

དཔར་བྱང་སྨོན་ཚིག་སྦྱར་མཁན་ཡང་སྤྱི་ཚོགས་འཕོ་འགྱུར་དང་རིག་གནས་དར་སྲོལ་གྱི་དབང་གིས་རིགས་མི་འདྲ་བ་ཁག་ཁ་ཤས་ཡོད་པ་སྟེ།

5_1 གོང་མས་སྦྱར་བའི་དཔར་བྱང་།

གསུང་རབ་མང་པོ་ཞིག་སྔོན་ཡུལ་དེའི་གཞུང་སའམ་རྒྱལ་པོས་མཆོད་ཡོན་སྦྱིན་བདག་གནང་སྟེ། རང་ཉིད་ལ་མཁོ་བའི་གསུང་རབ་དཔར་བསྐྲུན་གནང་བ་ཡིན་ཙང་གསུང་རབ་དེའི་དཔར་བྱང་སྨོན་ཚིག་དེ་ཡང་རྒྱལ་པོས་སྦྱར་བ་ཡོད་སྟེ། སྤྱི་ལོ1445་ལོར་ཡུང་ལོ་མཆོག་གིས་བོད་དཔེ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་ཀྱེ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྒྱ་ནག་ཏུ་དཔར་ལ་བཏབ་པའི་སྐབས་སུ་ཡུང་ལོ་མཆོག་གིས་སྦྱར་བའི་དཔར་བྱང་ཏེ། ༄༅། །ཏའི་མིང་རྒྱལ་པོས་མཛད་པའི་དཔར་བྱང་ནི། ངེད་ཀྱི་བསམ་པ་ལ;གནམ་ས་གཉིས་ཀྱི་བར་དུ་གནས་པའི; དངོས་པོ་སྣ་ཚོགས་རང་སོར་སྐྱེ་ཞིང་འཕེལ་བ;བསྒོམ་པའི་དོན་དམ་སྣང་བ་ནི;ཆོས་རྣམས་ཐམས་ཅད་རྫོགས་པར་འདིར་འདུས་པས;དེས་ན་མཆོག་དུ་དཔག་ཏུ་མེད་འདུལ་བ་རྣམས་ཀྱི་གསང;ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ཟབ་མོའི་སྒོའོ; སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ཟབ་མོ་ཐམས་ཅད་འདིར་འདུས་པ་ཡིན་ནོ; མདོར་ན་ས་བཅུ་བསྐལ་པ་བརྒྱ་སྟོང་དུ་མར་བརྟེན་རྒྱུ་ངེས་ཅན་ཡིན་ཞིང་; བརྩོན་འགྲུས་རྒྱ་ཆེན་པོས་ལེ་ལོ་རྣམཔར་འདུལ་པ; ཐབས་ཀྱིས་འགྲོ་བ་བྱིང་རྣམས་ལ་ཕན་པ་དང་; སྡུག་བསྔལ་དང་སྟོང་པ་དང་ཡང་དག་པའི་ཚིག་ལེགས་པར་བཤད་པ;སྡོམ་པའི་དོན་ཟབ་མོ་ཤིན་ཏུ་གསལ་བ་མཚོན་པགཟུགས་སུ་བརྗོད་པ་ན་;ཤེས་པ་དོན་དམ་གཟུགས་སུ་བརྗོད་པ ;སྟོང་སྟོང་པར་བཤད་ན་སྟོང་པ་ཡིན་པས་ཡོངས་སུ་སྟོང་པའོ; མདོའ་སྡེ་ཕལ་པོ་ཆེདང་ལེགས་པར་མཐུན་པས;རྡོ་རྗེ་ཐེག་པ་བཤད་ནས;ཐོག་མར་འབྱུང་ཁུངས་ནི;དང་པོ་ནུབ་ཕྱོགས་སྣང་བསརིམ་གྱིས་བརྒྱུད་ཅིང་དར་བ་ཡིན;ངེད་གདན་ས་ཆེན་པོ་ལ་གནས་ནས;རྒྱལ་ཁམས་པ་རྣམས་སྐྱོང་བྲལ་བྱས་ན; ཐམས་ཅད་བདེ་སྐྱིད་ཀྱི་ངང་ནས་བཀོད་པ་དང ;བསོད་ནམས་ཀྱི་ལོངས་སྤྱོད་པ་ཡིན; དེའི་དོན་ནི་རྒྱུན་དུ་བྱས་པ་མ་སླེབས་དོགས་ཡོད་པས;བདག་གི་སངས་རྒྱས་ལ་བལྟས་པ་ལ་བརྟེན་ནས;ཡང་དག་པའི་དོན་ཅུང་ཟད་རྟོགས་ཅིང;དོན་ཟབ་མོ་ལ་བསམས་ནས་ནི་ལྷག་པར་ཟབ་པ;ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ;ད་ལན་ཧྭ་ལྦང་འདི་རིང་ནས་བསྐུར་འོངས་པ་ལ; ཐེག་པ་ཆེན་པོའི་བསྟན་པ་རྒྱ་ཆེན་དར་བ་དང་; ཆོས་འདི་འདིར་སླེབས་ནས་རྒམ་ཕྱེ་བའི་ཚེ་ཆོས་ཀྱི་སྤྲིན་འཇའ་གཡོའ་ཤིང; པོ་ཏི་བརྐྱང་པའི་ཚེ་ཤེས་རབ་ཀྱི་ཉི་མ་གསལ་བས །དེའི་དོན་གྱིས; ནན་གྱིས་དཔར་དུ་རྐོས་ནས་རྒྱ་ཆེན་པོ་སྦྱིན་པ་དང; རྒྱ་མཚོ་བཞིའི་ཞིང་ཁམས་ལའང་བདེ་ལེགས་ཕུན་སུམ་ཚོགས་པ་དང་འགྲོ་བ་མང་པོ་ཡུན་རིང་དུ་བསོད་ནམས་ཀྱིས་ཕན་ཐོགས་བྱས་པ་ཡིན་ནོ; དེའི་ཆེད་དུ; དཔེར་ན་རྨིག་རྗེས་ཀྱི་ཆུས; རྒྱ་མཚོའི་རྦ་རླབས་ལ་འཕེལ་བ་ག་ལ་ནུས; ཕྱིབ་མ་གང་ཙམ་གྱི་ས་ཡང་; རི་རབ་མཐོབ་ལ་འགྲན་པར་མི་ནུས་སོ ;ད་ལྟ་ཅུང་ཟད་སངས་རྒྱས་ཀྱི་ཆོས་ལ་དད་པ་ནི; འཕགས་པ་རྣམས་ཀྱིས་མཛད་འཕྲིན་རྒྱུད་པའི་རྒྱུ་ཡིན་ནོ། ཡུང་ལོ་བཅུ་གསུམ་པའི་ལོ་ཟླ་བཞི་པའི་བཅུ་བདུན་གྱི་ཉིན། ཞེས་པ་འདི་ནི་ཡུང་ལོ་བཅུ་གསུམ་པ་སྟེ་སྤྱི་ལོ1445ལོ་ཟླ་བ་བཞི་པའི་ཚེས་བཅུ་བདུན་ཉིན་གནའ་དཔེ་དེ་གཉིས་དཔར་དུ་བཏབ་པའི་སྐབས་སུ། ཡུང་ལོ་རྒྱལ་པོས་གཞུང་དེ་གཉིས་ཀྱི་དཔར་བྱང་གའུ་ཁ་སྦྱར་ལྟ་བུ་ཞིག་སྦྱར་འདུག རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་ཞེས་པ་དེའི་མཛད་བྱང་ཡིན། སྤྱོད་འཇུག་འདི་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་སརྦ་ཛྙ་དེ་བ་དང་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་ཀྱི་སྐད་དུ་བསྒྱུར་བ་ལས་སྔ་ཕྱིར་འགྱུར་བཅོས་ཐེངས་གཉིས་བྱས་པ། ད་ལྟ་བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་ལེ་པའི་ནང་དུ་བཞུགས་ཡོད། ད་དུང་སྤྱི་ལོ1794ལོའི་ཟླ་བ6པའི་ཚེས4ཉིན་གོང་མ་གནམ་སྐྱོང་མཆོག་གིས་ཚེདཔག་མེད་མདོའི་དཔར་བྱང་སུམ་འབིདཅན་ཞིག་སྦྱར་ཡོད་པ་སྟེ། རྒྱལ་པོས་བྲིས་པའོ། ལེགས་སོ་ཁ་ལོ་པ། སྟོབས་ལྡན་གླང་པོ་ཆེས། བླ་མེད་སྔགས་གསུང་ཏེ། སྐྱེ་བ་མང་པོ་འདུལ། འཁོར་ལོ་བསྒྱུར་བའི་ནང་། ཡང་དག་སྟན་ལ་ཕན། ཆབ་སྲིད་དར་རྒྱས་ཞིང་། གཡང་ཊིའི་སྒྲོན་རྟགས་གསལ། འགྲོ་ཀུན་སྟན་བདེར་རོལ། ཐབས་ཤེས་རྟེན་འབྲེལ་འགྲིགས། གནམ་འོག་རྟག་སྐྱིད་ཅིང་། མཐའ་བཞིའི་གུས་པས་འདུད། ཆོས་ཀུན་མངོན་རྫོགས་པས། ངན་སོང་གསུམ་རྣམས་སེལ། འདི་ཡིས་དགེ་བའི་ཚོགས། བསམ་གྱིས་མི་ཁྱབ་འགྱུར། ལྷ་རྣམས་གུས་མཉན་ཏེ། དགའ་མགུ་རྗེས་ཡི་རངས། ཏའི་ཆིང་གནམ་སྐྱོང་ལོ་ཉེར་བཞི་སྟེ་སྤྱི་ལོ1795ལོའི་ཟླ་དྲུག་པ་ཕྱིམའི་ཚེས་བཞི་ཉིན། ཞེས་དཔར་བྱང་སུམ་འབིད་ཅན་ཞིག་སྦྱརགནང་འདུག དེ་དག་ལ་འགྲོ་རྣམས་སྐྱིད་ཅིང་བདེ་བ། ཆབ་སྲིད་དར་རྒྱས་ཞིང་། གཡང་ཊིའི་སྒྲོན་རྟགས་གསལ། འགྲོ་ཀུན་སྟན་བདེར་རོལ། ཐབས་ཤེས་རྟེན་འབྲེལ་འགྲིགས། གནམ་འོག་རྟག་སྐྱིད་ཅིང་། མཐའ་བཞིའི་གུས་པས་འདུད།ཅེས་པ་སོགས་ལས་མཐོ་ཡ་གིའི་རྒྱལ་པོ་ནས་དམའ་མངའ་འོག་ཏུ་བསྭད་པའི་སྐྱེ་འགྲོ་རྣམས་བདེ་ཞིང་སྐྱིད་པ་དང་ལྷག་དོན་དུ་རྒྱལ་པོའི་ངོས་ནས་འཆད་ན་ཆབ་སྲིད་དར་རྒྱས་ཡོང་བ་དང་མཐའ་བཞིའི་རྒྱལ་ཁམས་ཀྱིས་གུས་པས་འདུད་པ་སྟེ་ཉེ་འཁོར་གྲོང་པ་ཁྱིམ་མཚེས་རྒྱལ་ཕྲན་ཁག་གིས་བཀའ་ལ་བརྩི་བཀུརའཐོབ་པའི་འདུན་པ་བཅས་དམིགས་སུ་བཀར་ཏེ་སྦྱར་བ་ནི་རྒྱལ་པོས་བསྒྲོན་པའི་དཔར་བྱང་གི་ཁྱད་ཆོས་ཡིན།

5_2 བཙུན་མོས་སྦྱར་བའི་དཔར་བྱང་།

བོད་ལྗོངས་དཔར་མཛོད་ཁང་དུ་བཞུགས་པའི་རྒྱལ་ཁབ་ཀྱི་གནས་དཔེ་རྩ་ཆེའི་ཁོངས་སུ་ཚུད་པའི་ཚད་མ་རིགས་གཏེར་དེ་ནི་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིག་པའི་སྐོར་གྱི་གཞུང་ཞིག་ཡིན། དཔེ་རྙིང་དེའི་དཔར་བྱང་སྨོན་ཚིག་ནི་གོང་དུ་བརྗོད་པ་དེ་དང་མི་འདྲ་བར་ཡོན་རྒྱལ་རབས་ཀྱི་བཙུན་མོ་དཔོན་མོ་ཙ་བུས་སྤྱི་ལོ1280ལོར་དབུ་བཙུགས་ནས་སྤྱི་ལོ1284ལོར་གོ་གོ་ཅན་གྱིས་ལེགས་པར་བསྒྲུབས་པས་དུས་ཡུན་ལོ་བཞི་ཙམ་འགོར་བ་གསལ་ལ་དེ་རྗེས་སླར་ཡང་བཙུན་མོ་དཔལ་མོ་འབོལ་གན་གྱིས་རིགས་གཏེར་དཔར་པོད་གྲངས་གཉིས་བརྒྱ་ཙམ་དཔར་དུ་བཏབ་ནས། བཤད་ཉན་སྤེལ་བའི་སླད་དུ་ཕལ་ཞེས་སགལ་འདུག བཙུན་མོས་སྦྱར་བའི་དཔར་བྱང་འདིའི་ནང་དུ་གནས་སྐབས་སུ་ཡང་རྒྱལ་པོ་ཡབ་སྲས་དང་། བཙུན་མོ་སྲས་དང་བརྒྱུད་པར་བཅས་པ་རྣམས། སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་། ཆོས་དང་ཟང་ཟིང་དཔལ་འབྱོར་ཕུན་སུམ་ཚོགས་པར་ཡོང་བར་སྨོན་ལམ་བཏབ་པ་དེ་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན་སྟབས། གཞུང་དེའི་དཔར་བྱང་སྨོན་ཚིག་ཏུ་བསྒྲོན་ནས་རང་ཉིད་ཀྱི་བསམ་འདུན་ལྷུན་གྲུབ་ཡོང་བར་སྨོན་པ་དེ་ཡིན། དེ་ལས་ཡོན་རྒྱལ་རབས་ཀྱི་རྒྱལ་པོའི་བཙུན་མོ་དག་གིས་བོད་དུ་ནང་བསྟན་ཙམ་མ་ཡིན་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་སྒོ་ཀུན་ནས་མི་ཉམས་གོང་འཕེལ་འགྲོ་བ་ལ་ལེགས་སྐྱེས་སུ་ཕུལ་ཡོད་པ་དེ་རྟོགས། དེས་ན་གོང་གི་དཔར་བྱང་སྨོན་ཚིག་ཁག་གི་སྐད་ཆའི་འགྲོས་ལ་བལྟས་པ་ཡིན་ན་གོང་མས་སྦྱར་བའི་དཔར་བྱང་དྨོན་ཚིག་ལིག་ཡིན་ན་དེའི་ཁྲོད་དུ་ངེད་ཞེས་པའི་ཚིག་དེ་མང་པོ་ཞིག་ཡོང་གི་འདུག  ཚིག་དེ་ནི་སྔོན་གི་གོང་མ་དག་གི་བཀའ་ཡིག་ནང་དུ་བྱུང་བའི་ཚིག་གཅིག་ཡིན། སྐད་ཆའི་རྫོགས་མཚམས་སུ་ཤད་ཀྱིས་ཆོད་དགོས་པའི་སྐབས་དེར་བོད་ཡིག་གི་ཤད“།” འདིའི་དོད་དུ་རྒྱ་ཡིག་གི་རྟགས“;”འདིས་ཆོད་པར་བྱས་འདུག ལྡེབ་གྲངས་བཀོད་སྟངས་ཐད་རྒྱ་བོད་ཟུང་འབྲེལ་གྱི་ལྡེབ་གྲངས་བཀོད་སྲོལ་ཡོད་པ་བཅས་ནི་རྒྱ་ནག་དཔར་མའི་ཁྱས་ཆོས་སུ་འཁུམས། རྒྱ་བོད་ཀྱི་དཔར་རྙིང་གང་ཞིག་གི་མཛད་བྱང་ལ་བལྟས་རུང་རིག་གནས་ཞེས་པ་དེ་ཁེར་རྐྱང་དུ་གནས་པ་ཞིག་མ་ཡིན་པར་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་ལེགས་ཆ་མང་པོ་ཞིག་དང་ལེན་བྱས་པ་དེ་ཤེས། བོད་ཀྱི་སགུང་རབ་རིག་པའི་ལོ་རྒྱུས་ལ་བསམས་ཚེ་མ་ཧ་ཙི་ནའི་ཡུལ་དང་འདྲ་བར་དུས་རབས11པའི་ཡར་སྔོན་དུ་གསུང་རབ་ཅི་ཞིག་འབྲི་བཞེངས་གནང་བ་ཡིན་རུང་། དེ་དག་གི་མཆོད་ཡོན་སྦྱིན་བདག་ནི་མི་སེར་དཀྱུས་མ་ཞིག་མ་ཡིན་པར་སྐབས་སེའི་བཙན་པོ་དང་བཙན་པོའི་བཙུན་མོ་རྣམས་ཀྱིས་གནང་སྟེ་གསུང་རབ་གནང་བཞེངས་ཡོད་པ་ནི། སྔ་དུས་འབུམ་ནི་རྒྱལ་པོས་བཞེངས་པ་མ་གཏོགས་འབངས་ཀྱིས་བཞེངས་པར་མི་ནུས་པས། ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱིས་བླ་འབུམ་སྐྱ་བོ། མངའ་བདག་སད་ན་ལེགས་འཇིང་ཡོན་གྱི་སྦུག་འབུམ། ལྷ་སྲས་གཙང་མའི་བྱེ་འབུམ། ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་དྲུག་འབུམ། ལྷ་གནམ་ལྡེའི་ལྷས་འབུམ་ཞལ་དམར་ཅན། དེ་མ་འུ་དམ་བཙན་གྱིས་འབུམ་ཤོག་སེར་མ་ཙམ་ལས་གཞན་མ་འཕེལ་བ་ན། རྗེས་སུ་བློན་པོ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་ཙམ་བྱུང་། ཞེས་གསུངས་པས་རྟོགས།  དེ་ལྟར་ཡིན་དགོས་དོན་ནི་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཆ་ཡོངས་ནས་གྲྭ་རྒྱས་པོ་མེད་ཅིང་། གསུང་རབ་འབྲི་བཞེངས་གནང་བ་ལ་དཔལ་འབྱོར་གྱི་ཐོན་ཁུངས་ལེགས་པོཞིག་དགོས་པའི་དབང་གིས་གཞུང་ས་དང་འབྱོར་ཕྱུག་ལྡན་པའི་གཞིས་ཀ་དག་ལས་ཡིན་ནོ། །

5_3 ཁྲི་དཔོན་གྱིས་སྦྱར་བའི་དཔར་བྱང་།

ཨཱེ་མ་ཧོ། །ཡིད་འོང་མཛེས་པའི་གཟི་བརྗིད་ལྟ་ན་སྡུག བདུད་རྩིའི་ཆོས་སྒྲོ་ཕྱོགས་བཅུར་སྒྲོགས། བློ་གྲོས་ཡངས་པའི་ཐུགས་རྒོངས་མཁའ་ལྟར་ཁྱབ། །དྲིན་ཅན་བླ་མའི་སྐུ་གསུང་ཐུགས་ལ་བསྟོད། །ཀྱེ་ཟབ་ཞིབ་སྤོས་བྲལ་འོད་གསལ་འདུས་མ་བྱས། །རྩ་བ་རབ་བརྟན་ཟབ་མོ་སྟོང་པ་ཉིད། །ལྟ་བ་མཐའ་གཉིས་སྤངས་པ་དབུ་མའི་ངང་། །རྒྱལ་ཡུམ་ཕ་རོལ་ཕྱིན་ལ་གུས་ཕྱག་འཚལ། །ཀྱེ་ཕྱི་སྣོད་འཇིག་རྟེན་འཁོར་བ་ཆགས་པའི་གཞི། །འཁོར་ལོ་རྩིབས་བརྒྱད་འདྲ་བ་རྒུང་གི་འོག། །པད་མ་འདབ་བརྒྱད་འདྲ་བ་དོག་སའི་སྟེང་། །གནམ་ས་གའུ་ཁ་སྦྱོར་ལྟ་བུའི་བར། །གླིང་མཆོག་བྷེ་ཌ་རྱ་འདྲ་འཛམ་བུའི་གླིང་། །རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ། །དོག་ས་བཀོད་ལེགས་བཞུགས་ཡུལ་ལྷུང་དར་དུ། །ཁྱད་འཕགས་འབུར་དུ་བཏོད་པའི་པེ་གསེར་དེར། །རིགས་བཟང་ཁུང་བཙུན་ཕ་ཆེན་མི་ཌྷའི་བུ། །ཡབ་མེས་བརྒྱུད་འཛིན་རྗེ་བཙུན་ཡབ་སྲས་ཀྱིས། །དགེ་བ་མི་བཟད་རྒྱལ་ཡུམ་རྒྱས་པ་བཞེངས། །་་་ཡབ་སྲས་དོན་གྲུབ་གསུམ་ལ་བསྟོད། །ཀྱེ་འཛངས་གཤིན་ལྡན་པ་དད་གུས་རྒྱན་གྱིས་སྤྲས། །སྲིད་འདྲེན་སྐྱོང་དང་རྒྱན་ཚག་སྲོལ་གཉིས། །ཞབ་ཏེག་སྐྱོ་ངལ་མེད་པའི་མཆོད་མཚོ་མཉེས། །བཞིན་འཛུམ་མདངས་ལྡན་ཡོན་བདག་མོ་ལ་བསྟོད། །དགེ་བ་འདི་ཡིས་ཡོན་མཆོད་འཁོར་རྣམས་བཅས། །བླ་ན་མེད་པའི་འབྲས་བུ་ཐོབ་པར་ཤོག །།ཧེ་ཧེ་། རིགས་བརྒྱུད་ལྡན་པའི་དཔོན་བཙུན་བདག་གིས་བྲིས། ཞེས་པ་འདི་ནི་དཔལ་ས་སྐྱའི་གཙུག་ལག་ཁང་གི་བྱང་ངོས་སྒོ་རུམ་དཔེ་མཛོད་ནས་རྙེད་སོན་བྱུང་བའི་ཤེར་ཕྱིན་ཡུམ་རྒྱས་པ་གཅིག་གི་མཛད་བྱང་ཡིན། འདི་ནི་དུས་རབས13པའི་ཤེར་ཕྱིན་བྲིས་མ་ཞིག་གི་མཛད་བྱང་ཞིག་ཡིན་པར་སེམས། དེ་ལྟར་བརྗོད་དོན་ནི་མཛད་བྱང་དེའི་ཡིག་གཟུགས་འཕྲུལ་ཡིག་དང་སྐད་ཆའི་འགྲོས་ཏེ། ཀྱེ་ཕྱི་སྣོད་འཇིག་རྟེན་འཁོར་བ་ཆགས་པའི་གཞི། །འཁོར་ལོ་རྩིབས་བརྒྱད་འདྲ་བ་རྒུང་གི་འོག། ། པད་མ་འདབ་བརྒྱད་འདྲ་བ་དོག་སའི་སྟེང་། །གནམ་ས་གའུ་ཁ་སྦྱོར་ལྟ་བུའི་བར། །གླིང་མཆོག་བྷེ་ཌ་རྱ་འདྲ་འཛམ་བུའི་གླིང་། །རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ། །དོག་ས་བཀོད་ལེགས་བཞུགས་ཡུལ་ལྷུང་དར་དུ། །ཞེས་པའི་སྐད་ཆ་འདིར་དུས་རབས9-10པའི་བར་གྱི་སྐད་ཆའི་བྲོ་བ་ཡོད་པ་ཏུན་ཧོང་གི་ཡིག་རྙིང་བཙན་པོའི་རྒྱལ་རབས་ཀྱི་སྐོར་ལས་ཤེས་ལ། ལྷག་དོན་དུ་མཛད་བྱང་འདིའི་མཇུག་ཏུ་རིགས་བརྒྱུད་ལྡན་པའི་དཔོན་བཙུན་བདག་གིས་བྲིས་ཞེས་པར་བལྟས་ན། མ་གཞི་ས་སྐྱ་པའི་ལོ་རྒྱུས་ཐོག་དཔོན་ཆེན་ཉེར་གཉིས་ཙམ་ཞིག་བྱུང་མྱུང་ཡོད་རུང་། གོང་དུ་བརྗོད་པའི་ཚིག་ཉམས་དགལས་ཞུས་ན་དུས་རབས13པའི་ནང་དུ་བྱོན་པའི་ས་སྐྱའི་ལྷཁང་ཆེན་མོ་བཞེངས་མགོ་བཙུགས་པ་ནས་འཕྲོ་བསྐྱངསགནང་མཁན་གྱི་དཔོན་ཆེན་གཉིས་པ་སྟེ་ཀུན་དགའ་བཟང་པོ་ཞུ་བ་དེ་མིན་ནམ་སྙམ། གང་ཡིན་ཟེར་ན་ཁོང་གི་མཚན་ནས་བརྗོད་མེད་ཀྱང་རིགས་བརྒྱུད་ལྡན་པའི་དཔོན་ཆེན་བདག་གིས་བྲིས་ཞེས་པར་བསམས་ན་དཔོན་ཆེན་གཉིསཔ་སྟེ་ཀུན་དགའ་བཟང་པོ་ཞུ་བ་དེ་ཡིན་སྙམ། གང་ལྟར་གོང་གི་མཛད་བྱང་དེ་ནི་དཔོན་ཆེན་གྱིས་སྦྱར་བའི་མཛད་བྱང་ཞིག་ཡིན་པ་ཐེ་ཚོམ་མེད། དེས་ན་གོང་དུ་བརྗོད་པའི་མཛད་བྱང་དེའི་སྒྲིག་གཞིའི་ཐད་དབྱེཞིབ་རགས་ཙམ་ཞིག་བྱས་ན་གཙོ་བོ་ནང་དོན་ཁག་བཞི་འདུས་ཡོད་པ་སྟེ་དྲིན་ཅན་བླ་མའི་སྐུ་གསུང་ཐགས་ལ་བསྟོད། ཅེས་དང་། གཉིས་པ་འབྲི་བཞེངས་བྱ་བའིགཞུང་དེའི་བརྗོད་བྱའི་སྙིང་དོན་ཚིག་སྣ་ཅུང་ཟད་བསྡུས་པའི་སྒོ་ནས་བརྗོད་པ་སྟེ་ཟབ་ཞིབ་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རྩ་བ་རབ་བརྟན་ཟབ་མོ་སྟོང་པ་ཉིད། །ལྟ་བ་མཐའ་གཉིས་སྤངས་པ་དབུ་མའསི་ངང་། །རྒྱལ་ཡུམ་ཕ་རོག་ཕྱིན་ལ་གུས་ཕྱག་འཚལ། །ཞེས་པ་དང་། དེ་རྗེས་གཞི་ནས་གཞུང་དེ་འབྲི་བཞེངས་བྱ་བའི་གནས་དེའི་བཀོད་པ་རྒྱ་ཆེ་ས་ནས་ཆུང་སར་བགྲོད་པའི་ལམ་ནས་བསྟན་པ་སྟེ་རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ། །དོག་ས་བཀོད་ལེགས་བཞུགས་ཡུལ་ལྷུང་དར་དུ། ཞེས་པ་ཡིན། བཞི་བ་གཞུང་དེ་འབྲི་བཞེངས་མཁན་གྱི་ཡོན་བདག་གི་རིགས་རུས་ཅི་ཞིག་ཡིན་པ་འཆད་པ་དང་སྦྲགས་དེ་དག་གི་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གསོལ་བ་སྨོན་ལམ་བཏབ་སྟེ་། །རིགས་བཟང་ཁུང་བཙུན་ཕ་ཆེན་མི་ཌྷའི་བུ། །བླ་ན་མེད་པའི་འབྲས་བུ་ཐོབ་པར་ཤོག །།ཅེས་པ་བཅས་ཡིན། མཛད་བྱང་སྒྲིག་གཞི་འདི་ལྟ་བུ་ནི་སྔོན་དུས་རབས13ནས་བཟུང་སྟེ་སྟོད་མངའ་རིས་ཕྱོགས་སུ་དར་ཁྱབ་བྱུང་བའི་མཛད་བྱང་གི་རྣམ་པ་ཞིག་ཡིན་པ་མངའ་རིས་ཁལ་དུ་བཞུགས་པའི་གནའ་དཔེ་ཁག་གི་མཛད་བྱང་ལས་གཅིག་ཤེས་ཀུན་གྲོལ་ཐུབ།

5_4 མཁས་པའི་དབང་པོས་སྦྱར་བའི་དཔར་བྱང་།

ཨོཾ་སྭ་སྟི། རྣམ་པ་ཀུན་གྱིས་མཆོག་ལྡན་སྟོང་པའི་གཟུགས། རྣམ་མེད་དབྱིངས་དང་རོ་གཅིག་བདེ་བ་ཆེ།  རིགས་རྣམས་ཀུན་གྱིས་ཁྱབ་བདག་རྡོ་རྗེ་སེམས། འཇམ་དཔལལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། དེ་ཡི་དམ་པའི་དོན་གྱི་མཚན་བརྗོད་པས། གཉིས་མེད་རྒྱུད་རྣམས་ཀུན་ལ་ངེས་སྟེར་བ། བྱང་ཆུབ་སེམས་དཔའ་འགྲེལ་པ་སྐོར་གསུམ་གྱིས། ལེགས་པར་བཀད་པའི་ལམ་སྲོལ་དུ་བཞུགས་པ། འདི་ནི་མཁས་པ་ཀུན་གྱི་འཇུག་ངོགས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་སར་བགྲོད་པའི། ལམ་གྱི་སྙིང་པོ་ཕྱོགས་འདིར་མཁས་གཞན་གྱིས། གསལ་བར་མ་ནུས་སྔོན་མེད་ལེགས་བཤད་དེ། རྣམ་བཤད་མཆོག་འདི་ཀུན་ལ་སྤེལ་སླད་དུ། པར་དུ་སྒྲུབ་པའི་བརྐོས་དང་ཡི་གེ་ཡི། རིག་བྱེད་ཨེ་ཡི་མཁས་པ་ཀུན་བཟང་མཆེད། ཚིག་དང་དོན་གྱི་དག་བྱེད་རིག་གནས་ལྔ། མཐར་ཕྱིན་དཔལ་འབྱོར་ཡོན་ཏན་རྒྱ་མཚོ། དཀར་འཇམ་དཔར་ཤིང་གླེགས་བུའི་ཚོགས་རྣམས་ནི། ཕོ་བྲང་གཞིས་ཀ་སྟག་རྩེ་ཉིད་ནས་གནང་།དཔར་དུ་སྒྲུབ་པའི་མཐུན་རྐྱེན་ཡོ་བྱད་རྣམས། བླ་མའི་བཀའ་བཞིན་སྒྲུབ་པའི་ཞབས་འབྲིང་པ། གསུང་རབ་རྒྱ་མཚོས་དད་གསུ་ངང་ནས་བསྒྲུབས། འདི་ཡིས་དགེ་བ་འབད་པ་ལྷུར་ལེན་རྣམས། མྱུར་དུ་རྡོ་རྗེ་འཆང་གི་གནས་ཐོབ་ཅིག གནས་སྐབས་སུ་ཡང་འཇིག་རྟེན་འཇིག་རྟེན་ལས། འདས་པའི་ལེགས་ཚོགས་མ་ལུས་འགྲུབ་གྱུར་ཅིག ཅེས་འདི་ནི་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དཔར་བྱང་སྨོན་ཚིག་ཡིན། རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་གཙང་རྟ་ནག་ཏུ་སྤྱི་ལོ1476ལོར་སྐུ་འཁྲུངས་ཤིང་གཙང་བཀྲས་ལྷུན་དགོན་དུ་ཕེབས་ནས་མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པར་མཛད་དེ་མྲ་དགུང་གྲངས་རེ་བདུན་ཏེ་སྤྱི་ལོ1542ལོར་འབྲས་སྤུངས་སུ་ཞི་བར་གཤེགས། ཁོང་སྐ་འཚོ་བཞུགས་སྐབས་ལྷ་ཁ་ས་ཁུལ་དུ་ཕེབས་ནས་དགོན་སྡེ་ཕྱག་བཏབ་པ་དང་འཆད་ཉན་སྤེལ་གནང་བ་སོགས་ཀྱིས་སྙན་པའི་གྲགས་པ་ཆེ་ཆེར་ཁྱབ་པའི་མཁས་དབང་ཞིག་ཡིན། སྐབས་དེ་དུས་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དེ་འཕྱོངས་རྒྱས་ཁུལ་དུ་ཆགས་པའི་ཕོ་བྲངགཞིས་ཀ་འཕྱིང་བ་སྟག་རྩེ་ནས་དཔར་ལ་བསྐྲུན་པའི་སྐབས་སུ་རྒྱལ་བ་དགེ་འདུན་རྒྱ་་མཚོར་ཞུ་བརྟེན་ཁ་བཏགས་དང་བཆས་ཕུལ་ནས་དཔར་བྱང་སྦྱར་རྒྱུའི་རེ་སྨོན་ཞུས་གཤིས་དཔར་བྱང་བར་སྦྱར་གནང་བ་རེད།

6 དཔར་བྱང་གི་ཡིག་རིགས།

དཔར་བྱང་དེ་ཡང་དུས་རབས་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བའི་དབངགིས་ཡིག་རིགས་མི་འདྲ་བ་བྱུང་འདུག དཔེར་ན་ཡིག་རིགས་གཅིག་ཁོ་ནའི་བརྗོད་པ་སྟེ་ད་ལྟ་ང་ཚོས་མཐོང་འབེལ་ཤོས་ཀྱི་དཔར་བྱང་དེ་བོས་ཡིག་ཁོ་ནའི་བེད་སྤྱོད་གནང་ཏེ་སུག་བྲིས་གནང་བ་ཞིག་ཡིན། དེ་དག་ནི་བོད་ཀྱི་ཡུལ་ལུང་ལས་དཔར་བའི་དཔར་བྱང་སྨོན་ཚིག་ཤ་སྟག་ཡིན་པའི་ཐོག ད་དུང་ཡོན་རྒྱལ་རབས་ཀྱི་དུས་སུ་ཡོན་དུ་དཔར་དུ་བཏབ་པའི་དཔར་བྱང་སྨོན་ཚིག་ཀྱང་ཚང་མ་བོད་ཡིག་དེ་རང་གི་ཐོག་ནས་ཡིན། ཤན་སྦྱར་ཅན་ནི་གཙོ་བོ་ཡིག་རིགས་མི་འདྲ་བ་ཁག་གཉིས་ཀྱིས་ཐད་ནས་བརྗོད་པ་དེ་སཾ་བོད་དང་རྒྱ་བོད་ཤན་སྦྱར་ཏེ། ཡུང་ལོའི་བཀའ་འགྱུར་དང་ལི་ཐང་བཀའ་འགྱུར་གྱི་དཔར་བྱང་སྨོན་ཚིག་ལྟ་བུ་ནི་བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་སྦྱར་བ་ཞིག་ཡིན། སུམ་འབིད་ཅན་ནི་བོད་རྒྱ་སོག་གསུམ་གྱི་ཡིག་རིགས་ཐོག་ནས་སྦྱར་བའི་དཔར་བྱང་སྨོན་ཚིག་སྟེ་ནོར་བུ་གླིང་གར་བཞུགས་པའི་གོང་མ་ལྷ་སྐྱོང་སྐུ་དུས་སུ་རྒྱ་ནག་ཏུ་དཔར་དུ་བཏབ་པའི་ཚེ་དཔག་མེད་མདོའི་དཔར་བྱང་ལྟ་བུ་ཡིན། དེས་ན་རྒྱ་ནག་གི་དཔར་མ་ཡིན་པ་ལ་དུས་རབས་མི་འདྲ་བའི་དཔར་བྱང་ལ་ཡིག་རིགས་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་པ་སྟེ། ཡོན་དུས་རབས་ཀྱི་དཔར་བྱང་ནི་བོད་ཡིག་ཁོ་་ན་ལས་ཡིག་རིགས་གཞན་མཉམ་དུ་སྡེབ་པའི་སྲོལ་མི་སྣང་། མིང་ཡུང་ལོའི་དུས་ཀྱི་དཔར་མའི་དཔར་བྱང་ནི་རྒྱ་བོད་ཟུང་དུ་འབྲེལ་ནས་སྦྱར་བ། གོང་མ་ལྷ་སྐྱོང་གི་སྐབས་སུ་སྦྱར་བའི་དཔར་བྱང་ནི་སུམ་འབིད་ཅན་སྟེ་བོད་རྒྱ་སོག་གསུམ་མཉམ་དུ་སྡེབ་ནས་སྦྱར་བ་ཞིག་ཡིན་ནོ། །

7 དཔར་བྱང་གི་ལོ་ཚིགས།

སྤྱི་ལོའི་དུས་རབས9-10ནས་བཟུང་། ལོ་རྒྱུས་ཀྱི་ཚིགས་འགོད་སྟངས་དེ་ཡང་ངེས་བརྟན་ཞིག་ཆགས་ཡོད། ད་ཡོད་ཀྱི་དཔེ་རྗིང་སྟེང་ནས་བལྟ་དུས། མཐོ་བོད་ཀྱི་ལོ་ཚིགས་འགོད་སྟངས་དེར་མ་ཧ་ཙི་ནའི་ཤན་ཞུགས་ཡོད་པ་སྟེ། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་སྔོན་གནམ་རི་སྲོང་བཙན་གྱིས་སྲིད་སྐྱོང་བའི་སྐབས། མ་ཧ་ཙི་ནའི་རྩིས་གཞུང་མཐོ་བོད་དུ་དར་ཟིན་པ་རེད་ཅེས་གསུངས་པ་དང་། ཏུན་ཧོང་ནས་ཐོན་པའི་བོད་ཡིག་དང་མཐོ་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་དང་དྲིལ་བུ་བཅས་ལས་ཆེས་སྔ་བའི་ལོ་ཚིགས་འགོད་སྟངས་དེ་ལོ་འཁོར་བུཅ་གཉིས་ཡིན་པ་གསལ་བཤད་ཐུབ། ཅེས་གསུངས་འདུག ལོ་ཚིགས་འགོད་སྟངས་འདི་དང་རྒྱ་ནག་གི་ལོ་ཚིགས་འགོད་སྟངས་དང་འབྲེལ་བ་དམ་པོ་ཡོད་པ་སྟེ། P.T.1288ཡིག་ཚང་དུ་འཁོད་པའི་ལོ་རྟགས་དང་ལོ་ཟླའི་དུས་ཚོད་ལ་ཉི་ཧོང་གི་མཁས་པ་དག་གིས་ཞིབ་འཇག་བྱས་པ་བརྒྱུད་དེ་རྒྱ་ནག་གི་ལོ་ཚིགས་འགོད་སྟངས་དང་གའུ་ཁ་སྦྱར་ལྟ་བུར་འདུག་ཅེས་པས་མཚོན། ཡིག་ཚང་དེའི་དབུ་ཤོག་དང་ཞབས་ཤོག་མ་ཚང་རུང་ཐོག་མར་མགོ་ཚུགས་པའི་ལོ་ཚིགས་སྟེ་ཁྱིའི་ལོ་ཞེས་པ་དེ་རྒྱ་ནག་གི་ལོ་སྟེ་སྤྱི་ལོ650དང་ཏག་ཏག་མགོ་མཚུངས། དེ་རྗེས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཡིག་ཚང་གི་་ལོ་ཚིགས་འགོད་སྟངས་དེ་གྱི་ཇོ་ཟླ་བའི་འོད་ཟེར་མ་ཕེབས་ཚུན་མགོ་གཏགས་ཐུབ་པ་ཞིག་ཡིན། དུས་རབས11པར་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བོད་ལ་དུས་འཁོར་ཐོག་མར་བསྒྱུར་བ་དེ་ནས་བཟུང་། སྤྱི་ལོ1027ལོ་སྟེ་རབ་བྱུང་དང་པོའི་མེ་ཡོས་ལོ་ནས་རབ་བྱུང་འགོ་ཚགས་སྟེ་ལོ་འཁོར་བཅུ་གཉིས་ལ་ཁམས་ལྔས་ལན་གཉིས་རེས་བསྐོར་བས་རབ་བྱུང་གཅིག་ལ་ལོ60བརྩི་བའི་སྲོལ་དེ་དར། རབ་བྱུང་རྩིས་སྟངས་དེ་དང་རྒྱ་ནག་གི་རྩིས་སྟངས་དེ་དང་ཡང་གཅིག་མཐུན་དུ་འགྱུར། དེས་ན་དཔར་བྱང་གི་སྨོན་ཚིག་ཏུ་ལོ་ཚིགས་གསལ་བའི་དཔེ་རྙིང་ཡོད་ལ་ལོ་ཚིགས་རྩ་བ་ནས་མ་གསལ་བའི་དཔེ་རྙིང་ཀྱང་མང་པོ་ཞིག་སྣང་། དཔེ་རྙིང་ལ་ལ་ཞིག་གི་ལོ་དཔར་བྱང་དུ་བོད་ལོ་ཁོ་ན་མ་ཡིན་པར་རྒྱ་ནག་གི་ལོ་ཚིགས་དང་རྒྱ་གར་གི་ལོ་ཚིགས་བཅས་གསུམ་མཉམ་དུ་སྦྱར་ནས་དཔར་བྱང་གི་ལོ་ཚིགས་བཀོད་པ་སྟེ། བཀའ་འགྱུར་འཇང་དཔར་མའི་དཔར་བྱང་དུ། བསྟན་པའ་བདག་པོ་སྐུ་བལྟམས་ནས་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་དོན་ཅུ་རྩ་བཞིར་སླེབས་པ། ཤམྦྷ་ལར་རིགས་ལྡན་སྤྲུལ་པའི་རྒྱལ་པོ་རྣམ་གནོན་གྱིས་འཁོར་ལོ་བསྐོར་ནས་གྱ་བརྒྱད་འདས་པ་རྒྱ་རྩིས་ཀྱི་ལུགས་ལ་ཤིང་ཕོ་སྟག་གི་ལོར་བརྗོད་ཅིང་འཕགས་ཡུལ་གྱི་བརྡ་ལས་ཨཱ་ནནྟ་ཏེ་བོད་ཀྱི་སྐད་དུ་ཀུན་དགའ་བྱ་བ་སྤྱི་ལོ1612ལོའི་ཟླ8པར་བགྲང་བྱ་རྒྱུ་སྐར་བཀྲ་ཤིས་རྒྱལ་གྱི་ཉ་བའི་ཟླ་བ་ཡར་ངོ་བཟང་པོ་ཞེས་གཅིག་ཤེས་ཀུན་གྲོལ་བྱུང་། དེས་ན་གོང་དུ་སྦྱར་བའི་ལོ་ཚིགས་འགོད་སྟངས་ཐད་བསམ་གཞིགས་གནང་བ་ཡིན་ན། རྒྱ་ནག་ཏུ་སྦྱར་བའི་ལོ་ཚིགས་དེ་རྒྱ་ནག་གི་རྒྱལ་རབས་སུ་བཅོལ་ནས་བྲིས་པ་དང་བོད་དུ་སྦྱར་བའི་དཔར་བྱང་ཡིན་ན་སྤྱི་ལོ1027སྔོན་གྱི་མཛད་བྱང་ཡིན་ན་ལོ་འཁོར་བཅུ་གཉིས་དང་སྤྱི་ལོ1027ལོའི་རྗེས་ཀྱི་མཛད་བྱང་ཡིན་ན་རབ་བྱུང་ལ་མགོ་བཏགས་བཅོལ་ནས་བྲིས་པ་སོགས་དཔར་བྱང་གི་ལོ་ཚིགས་ཁྱད་ཆོས་ས་སྣང་། འོན་ཏེ་མཛད་བྱང་དུ་སྦྱར་བའི་ལོ་ཚིགས་དེ་གནའ་དཔེ་ལ་ལར་རབ་བྱུང་གི་གྲངས་དེ་མ་གསལ་བར་ལོ་རྟགས་ཁོ་ན་བཀོད་པ་ལ་ལར་སྟོན་པའི་འདས་ལོར་མགོ་བཏགས་བཅོལ་ནས་དཔར་བྱང་སོགས་མཛད་པའང་འདུག ལོ་ཚིགས་འདི་རིགས་བཀོད་པའི་དཔེ་རྙིང་དུས་རབས་དང་སྤྱི་ལོར་གཏན་ལ་དབབ་པའི་སྐབས་སུ་དཀའ་རྙོག་མང་པོ་ཞིག་འཕྲད་ཀྱི་ཡོད། གང་ཡིན་ཟེར་ན་རབ་བྱུང་བཅུ་གཅིག་གི་ནང་དུ་ལོ་རྟགས་དེ་ལན་གཉིས་ཐོན་གྱི་ཡོད་པ་མ་ཟད་ལོ་རྟགས་དེ་རབ་བྱུང་གང་ཞིག་གི་ལོ་རྟགས་ཡིན་མིན་ཁ་ཚོན་གཅོད་དཀའ་བ་དང་ད་དུང་སྟོན་པའི་འདས་ལོར་སྦྱར་བ་དེ་ཡང་དཀའ་གནད་ཅིག་ཡིན། སྟོན་པའི་འདས་ལོ་རྩི་ཚུལ་ལ། སྔར་གྱི་རྒྱ་གར་བས་མཁས་པ་ཚོས་བརྩི་སྲོལ་གཅིག་དང་། བོད་ལུགས་ནང་པ་བའི་བརྩི་སྲོལ་མི་འདྲ་བ་གསུམ། དེའི་སྟེང་དེང་སང་ཧིན་རྡུའི་ནང་པ་ཚོས་བརྩི་སྲོལ་བཅས་ལྔ་ཡོད། དེས་ན་བོད་ཀྱི་དཔེ་རྙིང་གི་མཛད་བྱང་དེ་སྟོན་པའི་འདས་ལོར་སྦྱར་ནས་ཡོད་པའི་སྐབས་སུ། སྔོན་ལ་དཔེ་རྙིང་དེ་མཛད་མཁན་གྱི་མཛད་པ་པོ་དེ་ནང་པའི་གྲུབ་མཐའ་གང་ཞིག་འཚིན་གནང་གི་ཡོད་མེད་དེ་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན།  ས་སྐྱ་པའི་གྲུབ་མཐའ་འཛིན་མཁན་གྱི་གསུང་ཞིག་ཡིན་ན་ཁོང་གི་ལོ་ཚིགས་བཅོལ་བའི་དཔེ་རྙིང་དེ་ནི་སྤྱིར་གྱི་ཆ་ནས་ས་སྐྱ་པཎ་ཆེན་གྱི་ལགས་ལྟར་བྱས་ནས་བརྩིས་ཏེ་སྤྱི་ལོར་འབབ་ན་ནོར་འཁྲུལ་མེད། གལ་ཏེ་མཛད་པ་པོ་དེ་དགེ་ལུགས་པའི་གྲུབ་མཐའ་འཛིན་མཁན་ཞིག་གི་དཔེ་རྙིང་ཡིན་ཚེ། སྟོན་པའི་འདས་ལོ་རྗེ་ཙོང་ཁ་པའི་ལུགས་ལྟར་བརྩིས་ན་སྤྱི་ལོར་ཕབ་དགོས་པ་ནི་འདས་ལོར་བཞེད་པ་མི་འདྲ་བའི་དབང་གིས་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།