གནའ་དཔེ་བྲིས་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེ་བྲིས་མ།
དཔར་གྱི་རིག་པ་དེ་མ་དར་བའི་ཡར་སྔོན་ནམ་རིག་པ་དེ་དར་ནས་བོད་ཀྱི་ཡུལ་ལུང་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་མ་སོང་བའི་བར་ལ་བྱིན་རླབས་ཆེ་བ་དང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་ཆེད་དུ།ཤང་མཚལ་དང་གསེར་དངུལ་གཡུ་བྱུར་སོགས་ཀྱི་ཁུ་བས་སྣག་ཚ་བགྱིས་ཏེ་མཐིང་ཤོག་དང་གན་ཤོག ཀོང་ཤོག་དང་རྒྱ་ཤོག་སོགས་ཀྱི་སྟེང་དུ་ཡིག་མཁན་གྱི་སོར་མོའི་འདུ་བྱེད་ཁོ་ནར་བཅོལ་ནས་ཡིག་གཟུགས་དབུ་ཆེན་དང་འཕྲུལ་ཡིག དབུ་མེད་སོགས་ཀྱིས་བྲིས་བཞེངས་གནང་བའི་གསུང་རབ་ཁག་ལ་གསུང་རབ་བྲིས་མ་ཞེས་བརྗོད་ཀྱི་ཡོད།
1 གནའ་དཔེ་འབྲི་བཞེངས་ཀྱི་བླ་དཔེ།

གསུང་རབ་དེ་དག་བྲིས་བཞེངས་གནང་དུས་གསུང་རབ་དེའི་མ་དཔེའམ་བླ་དཔེ་དེ་དག་དགོན་སྡེའམ་མི་སྒེར་གྱི་ཕྱག་ནས་གཡར་པོ་ཞུས་ཏེ་དེ་དག་ལ་མ་དཔེ་བགྱིས་ནས་འབྲི་བཞེངས་གནང་དགོས་ཀྱི་ཡོད་སྟབས།ཐོག་མར་དགོན་སྡེའམ་མི་སྒེར་གྱི་ས་ནས་བླ་དཔེའམ་མ་དཔེ་ཇི་ལྟར་གཡར་པོ་ཞུས་པའི་སྐོར་ལ་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལp.t999བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ཚེ་དཔག་མེད་མདོ་བཞེངས་པའི་ཐོ་ཡིག་ལས་ལུང་ཧུང་སྀསི(龙兴寺)གཙུག་ལག་ཁང་གི་དར་མའི་མཛོད་དུ་བྲུབས་པ་ལས།རྒྱའི་ཚེ་དཔག་ཏུ་མྱེད་པ་བམ་པོ་བརྒྱ་དང་སུམ་ཙུ་རྩ་ལྔ་དང་།བོད་ཀྱི་བམ་པོ་བཞི་བརྒྱའ་བརྒྱད་ཅུ་སྟེ།སྤྱི་སྡོམ་བམ་པོ་དྲུག་བརྒྱ་རྩ་ལྔ།གནས་བརྟན་བན་དེ་ལྷོང་བེལ( 洪辩)དང་དབང་ཆོག(旺乔)གིས་གཐད་དེ་གོད་ནས།དར་མའི་རུབ་མ(དོ་དམ)པ་བན་དེ་ཡུན་ཧྱེའྀ(云海)དང་ལི་དམ་འགུང(李丹贡)དར་མའི་གོད་དང་གཏན་ཚིགསུ་འཆང་དུ་སྩལད་ཏེ།སླད་གྱིས་དར་མའི་སྤྱི་རྩིས་ནི་མཛད་པའི་ཚེ།གོད་རྒྱ་འདི་དང་གོད་ཡིག་བླ་དཔེའང་མཆིས་པ་དང་གདུགས་ནས།མཐུན་ན་གོད་སྩལ་བར་བགྱིས་ཏེ།གཏན་ཚིགས་སུག་རྒྱ་ཅན་འཆང་དུ་སྩལད་པ།ཞེས་གོང་དུ་དྲངས་པའི་ནང་དོན་ལས་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ཚེ་དཔག་མེད་མདོ་བཞེངས་སྐབས།ཚེ་དཔག་མེད་མདོའི་བླ་དཔེའམ་མ་དཔེ་གཡར་པོ་ཞུ་སའི་དགོན་སྡེ་ནི་ལུང་ཧུང་སའི(龙兴寺)གཙུག་ལག་ཁང་གི་དར་མའི(དྷརྨ)མཛོད་ནས་གཡར་པོ་ཞུས་པ་ཡིན་ཞིང་།གཡར་པོ་ཞུ་སའི་མ་དཔེ་དེ་དག་གི་བམ་གྲངས་ཏར་རྒྱའི་ཚེ་དཔག་མེད་བམ་པོ་བརྒྱ་དང་སུམ་ཅུ་རྩ་ལྔ་དང་བོད་ཀྱི་བམ་པོ་བཞི་བརྒྱ་བརྒྱད་ཅུ་སྟེ།སྤྱི་སྡོམ་བམ་པོ་དྲུག་བརྒྱ་རྩ་ལྔ་ཞེས་པས་བམ་གྲངས་ཅི་ཙམ་ཞིག་གཡར་པོ་བྱུང་བ་དེ་གསལ་ཞིང་།སྐབས་དེ་དུས་གསུང་རབ་དོ་དམ་པ་སུས་གནང་ཡོད་མེད་ནི་གནས་བརྟན་བན་དེ་ལྷོང་བེལ་དང་དབང་མཆོག་གི་གཏད་དེ་གོད་ནས།དར་མའི(དྷརྨ)རུབ་མ་པ(དོ་དམ་པ)བན་དེ་ཡུན་ཧྱེའི་ཧེ(云海)དང་ལོ་དམ་འགུང(李丹贡)དར་མའི་གོད་དང་གཏན་ཚིགས་སུག་རྒྱ་ཅན་འཆང་དུ་སྩལད་ཏེ།ཞེས་པས་སྐབས་དེ་དུས་འབྲི་བཞེངས་ལ་མཁོ་བའི་བླ་དཔེ་ཚེ་དཔག་མེད་མདོ་བན་དེ་ལྷོང་འབེལ་དང་དབང་མཆོག་གཉིས་ཀྱིས་སྤྲད་པའི་ཐོ་འགོད་བཞིན་དར་མའི་དོ་དམ་པ་ཡུན་ཧྱེའི་ཧེ་དང་ལོ་དམ་འགུང་གཉིས་ཀྱིས་དཔེ་མཛོད་ཁང་ནས་ཕྱག་དཔེ་བཞེས་ཏེ་རྩིས་སྤྲོད་གནང་བྱུང་བ་དང་།རྗེས་སུ་མ་དཔེ་ཞལ་བཤུས་ཟིན་རྗེས་ཕྱིར་སྤྲོད་རྩིས་ལེན་ཞུ་དུས་སུའང་སླད་གྱྀས་དར་མའྀ་སྤྱི་རྩིས་མཛད་པའི་ཚེ།གོད་རྒྱ་འདི་དང་།གོད་ཡིག་བླ་དཔེའ་མཆིས་པ་དང་གདུགས་ནས།མཐུན་ན་གོད་རྩལ་བར་བགྱིས་ཏེ།གཏན་ཚིགས་སུག་རྒྱ་ཅན་འཆང་དུ་སྩལད་པ།ཞེས་པས་དེ་སྔ་དར་མའི་མཛོད་ནས་བླ་དཔེ་གཡར་པོ་ཞུས་པ་དེ་གོང་བཀོད་རྟགས་ཐམ་ཡོད་པའི་ཐོ་ཡིག་དང་གཏུགས་ནས་ཆད་ལུས་མེད་པར་བླ་དཔེ་ཕྱིར་སྤྲད་བྱུང་ན།བླ་དཔེ་རྩིས་ལེན་ཞུས་ཏེ་གཏན་ཚིགས་སུག་རྒྱ་ཅན་སྟེ་རྟགས་ཐམ་བཀོད་པའི་ཡི་གེ་ཕྱིར་སྤྲོད་བྱ་དགོས་པ་གསལ་བ་དང་གལ་ཏེ་བླ་དཔེ་དུས་ཐོག་ཏུ་ཕྱིར་སྤྲོད་མ་ཐུབ་ཚེ།དྷརྨའི་དོ་དམ་བས་ཡིག་ཐོག་ནས་བླ་དཔེ་གཡར་མཁན་གྱི་མིའི་མིང་དང་བླ་དཔེའི་མཚན་བྱང་སོགས་བྲིས་ནས་དུས་ཐོག་ཏུ་ཕྱིར་སྤྲོད་བྱ་དགོས་པ་བརྡ་གཏོང་གི་ཡོད་ཅེས་པ་སོགས་ལ་དུས་རབས8-9ནང་དུ་འབྲི་བཞེངས་ལ་མཁོ་བའི་བླ་དཔེ་གཡར་པོ་ཞུ་དུས་སྒྲིག་སྲོལ་དོ་ནན་པོ་དང་ལམ་ལུགས་འཐུས་སྒོ་ཚང་པོ་ཅི་འདྲ་ཞིག་ལག་བསྟར་གནང་ཡོད་པ་རྟོགས་སོ།།

2 གནའ་དཔེའི་འབྲི་ཤོག་དོ་དམ།

གསུང་རབ་འབྲི་བཞེངས་ཀྱི་བླ་དཔེའམ་མ་དཔེ་དགོན་སྡེ་དང་མི་སྒེར་གྱི་ལག་ནས་གཡར་པོ་ཞུས་རྗེས།   གསུང་རབ་འབྲི་བཞེངས་ལ་བྱང་བ་ཆུབ་པའི་སྡེ་ཁག་སྟེ་ཡི་གེ་མཁན་དང་ཞུས་དང་ཞུས་བར་ཞུས་སམ་ཞུས་བཅས་ཀྱིས་གྲུབ་པའི་གནའ་དཔེ་འབྲི་བཞེངས་མཁན་ལ། བླ་དཔེའི་ལྡེབ་གྲངས་དང་བསྟུན་ཏེ་འབྲི་ཤོག་གི་ཤོག་བུ་མཁོ་འདོན་གནང་སྟེ་གནའ་དཔེ་འབྲི་བཞེངས་མཁན་གྱིས་འབྲི་བཤུས་དག་གསུམ་གནངསྟེ་ཆད་ལྷག་མེད་པའི་སྒོ་ནས་གཞུང་སའམ་གསུང་རབའབྲི་བཞེངས་ཀྱི་འགོ་དཔོན་ཕྱོགས་སུ་རྩིས་སྤྲོད་རྩིས་ལེན་གནང་དགོས་ཀྱི་ཡོད་པ་མ་ཟད་ཆད་ལྷག་གི་ཐོ་འགོད་ཀྱང་གནང་གི་ཡོད་པ་སྟེ། 《རྟའི་ལོ་ནས་སྤྲེལ་ལོ་བར་གསུང་རབ་བཤུས་པའི་སྙན་ཞུ》(TLTD,2-15)དང་། 《ཆོས་བཤུ་ཁང་གི་ཟིན་ཐོ》(TLTD,2-14)ཞེས་པས་མཚོན། དཔེར་ནp.cha.3243(p.t22o4)

01 ་་་་་་་་་་གཏད་པའ་གླེགས་བུ་དཔེའབརྒྱད་ཅུ་རྩ་དྲུག། །དོ་ལྷ་སྦྱིན

02 【ལ】གཏད་གླེགས་བུ་དཔེའ་བརྒྱད་ཅུ་རྩ་ལྔ། འྀམ་ལྷ་ལེགས་ལ་གཏད་པ་དཔེའ་གླེ【གས】།

03 【བུ】བརྒྱད་ཅུ་རྩ་ལྔ། ཁང་རྨ་ལེགས་ལ་གཏད་པགླརགས་བུ་དཔེའ་བརྒྱད་ཅུ་རྩ་ལྔ།

04 ལི་ལུགལག་ལ་གཏད་པ་དཔེའ་གླེགས་བུ་བརྒྱད་ཅུ་རྩ་ལྔ། ལི་ནང་དུ་དུམ་བུ་གཉིས།

05 འྀམ་ཨོ་བམདརཙེའི་འདྲྀ་ཕྲོ་ཐོག་མ་ལ་ཡུག་ང་བཅུ་དཔེའ་མཆིས།

201 །།བློན།ཀླུ་བཏང་གྱ་【】་ཏ་【】མ་དགུ་【】ཆ་【】་་་་་་།བམ་【】་【】གླེགས་བུ་དཔེའ་བཞྀ་བཅུ་རྩ

02 【ག】ཏད།

03་་་་་་ཨེ་་་་་ཨེ་་་་གླེགས་བུ་་་་བཞི་བཅུ་རྩ་གཉིས་གཏད། ཅང་ལོག་ལོག་ད།

04་་་་འག་་་་ཆ་་་་ག་་་་ཆ་་་་ཏ་་་་། །གཏད་པ་་་་ནམ་པ་ན་ཆད་བས་རྩ་ཨཱས་【】མ་ཞན་ཏུ་ན

05ལ་ཤས། རྒྱབ་ཆད་ཀྱི་བཆད་ལགས།

301 །།【གླ】ང་གྀ་ལོའི་དགུན་སླ་ར་བ་ཚེས་ཉི་ཤུ་ལྔ་ལ།ལག་སྟང་བ་བརྩི་སྟེ་ཆུད་པ།བན་ཏེ་ཁང་དཔལ་ལྡན་བམ་པོ་དྲུག། །བན་ཏེ་སྒོན་མ་བམ་པོ་ག【】

02 ་་་་་་ལོན་བམ་པོ་གཅྀག ། འན་ཙེ་ཧབམ་པོ་གསུམ། དནདེ་སེང་ཅི་ཀང་བམ་པོ་དགུ། བམ་ཐོང་ཐེང་བམ་པོ་གཆིག། ཁང་འགོའ【ཙེ】

03 ་་་་་་ག། །ཁང་ཏིག་ཏིག་དམ་པོ་གཉིས། ཅང་ཙི་དམ་པོ【】།【】འང་ཙེ་བམ་པོ་ལྔ།བན་དེ་སོང་【】ཨུ【】【】ག་བམ【པོ】གཉིས།

401 །།དགུན་སླ་འབྲྀང་པོ་ཚེ་ལ། ལག་་་་། །བན་དེ་ཙི་ཤན་བམ་པོ་བཅུ་དགུ་ཆད།བན་དེ་

02 བམ་པོ་བཅུ་བཞྀ་ཆད།བན་དེ་ལྱང་ཅི་སུ་【】་་་་། །བན་དེ་དམ་ཚོང་【བམ་པོ】་བཅུ་【】དྲུག་ཆད།

03 བམ་པོ་བཅུ་བཞྀ་ཆཁྲུ། །ཁྱིང་ཅི་དམ་་་་ཀླེ། །འན་【】ཧྭ་བམ་པོ་གཅིག་ཆད།ཅང་ཝེང་ཡར་བམ་【པོ】་བཞི

04 ཆད། །ལེང་ཧོ་ཞུན་ཙེ་བམ་པོ་ལྔ་ཆད། །བན་དེ【】【】【】་བམ་པོ【】ཆད། །བན་དེ་ཤིན་དར་བམ་པོ་བཞི་ཆད། །

05 འན་ཛི་ཧྭ་དམ་པོ་གཉིས་ཆད། །བན་དེ་ཕུག་འགྀ་【བམ་པོ】་གསུམ་ཆད།

ཞེས་པ་སོགས་ལས་ང་ཚོས་གསུང་རབ་འབྲི་བཞེངས་ཀྱི་མ་དཔེའམ་བླ་དཔེའི་བམ་ཚད་དང་བསྟུན་ནས་དྷརྨའི་ཤོག་མཛོད་ནས་བླ་དཔེའི་ལྡེབ་གྲངས་དང་མཉམ་པའི་འབྲི་ཤོག་རྩིས་ལེན་ཞུས་པ་དེ་བསྟན་འདུག སྐབས་དེ་དུས་གསུང་རབ་འབྲི་བཞེངས་ཀྱི་ཤོག་ཚད་ཀྱི་ཐ་སྙད་དེ་གླེགས་བུ་དཔེའ་དང་ཤོག་ཤོག་ཡུག་རིང་། ཤོག་ཤོག་ཡིག་ཐུང་ཞེས་པ་སོགས་ཐོན་ཡོང་གི་འདུག ཐ་སྙད་དེ་དག་ལས་གླེགས་བུ་དཔེའི་ཞེས་པས་སྐབས་དེ་དུས་གསུང་རབ་འབྲི་བར་བྱ་བའི་དཔེ་གཟུགས་དེ་གླེགས་བམ་སྣ་རིང་གི་དཔེ་གཟུགས་ཀྱི་ཤོག་ཁ་ནི་ལི་རྨིད2776ཡིན་པར་སེམས། གང་ཡིན་ཟེར་ན་བོད་བཙན་པོའི་སྐབས་ཀྱི་གསུང་རབ་བྲིས་མ་བསྙོན་མེད་ཡིན་པ། ཏུན་ཧོང་ནས་ཐོན་པའི་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་དང་ཚེ་དཔག་མེད་མདོ་སོགས་དང་ད་དུང་ལྷ་ཁ་ས་ཁུལ་གྲོ་མཁར་ཆོས་སྡེ་དང་དཔལ་ལྡན་འབྲས་སྤུངས། ཆབ་མདོ་ཁུལ་དུ་བཞུགས་པའི་བཙན་པོའི་བླ་འབུམ་དུ་གྲགས་པ་དེ་དག་གི་ཤོག་ཁ་ལི་རྨིད2776དང་ཡིག་གཟུགས་འཕྲུལ་ཡིག ཡིག་ཕྲེང12ཅན། བམ་པོ་རྫོགས་མཚམས་སུ་ཇེའུ་སྟག་ལེགས་བྲིས། དཔལ་དབྱངས་ཞུས། ཕབ་ཏང་ཡང་ཞུས། དེའུ་ཨང་སུ་ཞུས་ཞེས་པ་སོགས་བམ་པོ་དེ་འབྲི་བཤུ་མཁན་གྱི་ཡིག་མཁན་དང་། ཞུས་དང་ཞུས་བར་ཞུས་སམ་ཞུས་བཅས་ཀྱི་མཚན་སོགས་གང་ཅིའི་ཐད་ནས་གའུ་ཁ་རང་འགྲིག་ལྟ་བུར་སོང་འདུག་པས་ན། ང་རང་གི་བལྟ་ཚུལ་ལྟར་ན་སྔོན་གྱཡི་གླེགས་བུ་དཔེའ་ཞེས་པའི་དེའི་རིང་ཚད་ཡང་ལི་རྨིད2776ཡིན་པར་འཁུམས། དེ་མིན་པའི་ད་དུང་ཤོག་ཤོག་ཡུག་ཅེས་བྱུང་བ་དེ་ཡང་ཤོག་བུའི་རིང་ཚད་ཅིག་ཡིན་ཏེ། རྒྱུ་མཚན་ནི། བོད་བཙན་པོའི་སྐབས་ཀྱི་གསུང་རབ་བྲིས་མ་ཡོད་དོ་ཅོག་གླེགས་བམ་དཔེ་གཟུགས་མ་ཡིན་པ་ད་དུང་ཤོག་དྲིལ་རྣམ་པའི་དཔེ་གཟུགས་ཀྱང་ཡོད་པས་ཡིན། དུས་རབས12པའི་ནང་དུ་འབྲི་བཤུས་བགྱིས་པའི་དཀར་ཆག་འཕང་ཐང་མ་དེ་ཡང་སྔོན་གྱཡི་མ་དཔེ་ཤོག་དྲིལ་ཞིག་ལ་བཅོལ་ནས་བུ་དཔེརབཏབཔ་ཞིག་ཡིན་པ་ནི་འབྲི་བཤུས་ཀྱི་ཡིག་མཁན་གྱིས། དེའི་མཛད་བྱད་དུ།དཀར་ཆག་འདི་ནི་སྔོན་གྱི་ཤོག་དྲིལ་ཆེན་པོ་ན་འདུག་པ་ཇི་བཞིན་དུ་བྲིས་པས་ཤིན་ཏུ་ཡིད་ཆེས་པ་ལགས་སོ་ཞེས་པས་སྔོན་དུས་ཤོག་བུ་ཡུག་ཡུག་ཏུ་གསུང་རབ་འབྲི་བཤུ་བགྱིས་ཏེ་ཤོག་དྲིལ་གྱི་དཔེ་གཟུགས་སུ་འཇོག་སྲོལ་ཡོད་པ་དེ་རྟོགས་ཐུབ། ད་དུང་སྔོན་གྱི་ཟིན་ཐོ་དར་གཤུང་རབ་ཀྱི་འཇལ་ཚད་དེ་བམ་པོ་གྲངས་སུ་བཅོལ་ནས་བྲིས་གནང་འདུག གནའ་དཔེའི་འབྲི་བཤུ་དང་ཀློག་འདོན་གང་བྱས་རུང་དེ་དག་གི་ཚད་གཞི་བམ་གྲངས་སུ་བཅོལ་བའི་སྲོལ་དེ་ནི་སྔར་རྒྱ་གར་འཕགས་པའི་ཡུལ་ནས་དར་བ་ཞིག་མི་ཡིན་ལ། བོད་ཀྱི་ཡུལ་ནས་དར་བའི་གནའ་དཔེ་ཚད་གཞི་ཞིག་རེད་འདུག་ཅེས་ཕྱི་རྒྱལ་གྱི་མཁས་པ་ལེགས་སྦཡར་སྨྲ་བ་ཕན་དྷི་ཁང་གིས་ཞིབ་འཇུག་བྱས་ནས་གསུངས་འདུག་ལ། མ་ཟད་བོད་ཀྱི་སྔོན་གྱི་མཁས་པ་རྣམས་ཀྱི་གཞུང་དུའང་བམ་པོ་ཞེས་པ་ནི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བྱས་སོ་ཞེས་པ་དང་དུས་རབས9པའི་སྔོན་གྱི་བོད་དཔེ་རྣམས་ལ་བམ་པོ་དང་ཤོ་ལོ་ཀ་ཞེས་པའི་ཚིག་དེ་ཐོན་མེད། དཔེར་ན་གནབས་སངས་རྒྱས་ཡེ་ཤེས(844--)ཀྱི་བསམ་གཏན་མིག་སྒྲོན་ཞེས་པར་བམ་པོ་དང་ཤོ་ལོ་ཀ་ཞེས་པའི་ཚད་དེ་ཐོན་མེད། ཡིག་མཁན་གྱིས་འབྲི་བཤུ་བྱེད་སྐབས་བམ་པོ་ཞེས་པ་དེ་དོར་བ་ཞིག་མིན་ན་ཞེས་པ་སོགས་ཀྱིས་དེའི་དོན་རྟོགས། འདི་ནི་གསུང་རབ་འཇལ་ཚད་ཀྱི་ནང་ནས་ཆེས་ཡང་དག་པ་ཞིག་དང་ཚན་རིག་དང་ལྡན་པའི་འཇལ་ཚད་ཅིག་ཡིན་འདུག སྔོན་གྱི་གཞུང་ག་གེ་མོ་ཞིག་གི་ནང་དོན་དེ་ཡོངས་སུ་རྫོགས་ཡོད་མེད་དེ་ལྡེབ་གྲངས་སུ་བཅོལ་ཚེ་ཆེས་ཡང་དག་པ་ཞིག་མ་ཡིན་ཏེ། གསུང་རབ་འབྲི་བཤུ་མཁན་གྱི་འབྲི་བར་བྱ་བའི་གཞུང་དེ་སྔོན་གྱི་བླ་དཔེའམ་མ་དཔེ་ལས་འཕྲུལ་ཡིག་ཆེ་བའམ་ཆུང་བ་ཞིག་གིས་ཡིག་ཟགུགས་ཀྱི་ཐོག་ནས་བཤུས་པ་ཡིན་ན། གཞུང་དེའི་ལྡེབ་གྲངས་ཀྱང་རང་བཞིན་གྱིས་འཕར་ཆགས་ཡོང་སྲིད་པས། སྔོན་གྱི་བླ་དཔེ་དེའི་ལྡེབ་གྲངས་དང་ཆུ་ཞིང་གབ་པ་ཞིག་མ་བྱུང་ན་གཞུང་ཆ་ཡོངས་སུ་རྫོགས་ཡོད་མེད་ཀྱང་ཐག་གཅོད་དཀའ་བར་འགྱུར། དེས་ན་བཙན་པོའི་སྐབས་སུ་བཏབ་པའི་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་སོགས་ཀྱི་ནང་དུ་ཡང་གསུང་རབ་ཀྱི་ནང་དོན་ཚད་གཞི་དེ་བམ་གྲངས་སུ་བཅོལ་གནང་བའང་ཡང་དག་ཚད་མའི་སྲང་ལ་གཞལ་ཏེ་བྱུང་བ་ཞིག་ཡིན། དེ་ལྟར་བཀོད་དགོས་དོན་ནི་འབྲི་བཞེངས་མཁན་གྱི་གསུང་རབ་དེའི་ནང་དོན་ཙམ་མ་ཟད་སྣག་ཤོག་གི་སྤུས་ཚད་ཀྱང་འགན་འཁྲི་དང་དུ་བླངས་ཡོད་པ་དེ་ཤེས། ད་ལྟ་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་སུ་ཚུད་པའི་སྔོན་ཏུན་ཧོང་གི་དཔེ་རྙིང་ཁྲོད་དུ་སོང་བའི་ཞབས་ཤོག་དང་སྤྱན་ཁྱེར་གྱི་གཡས་གཡོན་གང་རུང་དུ་མཆན་འདི་ལྟར་བཏབ་ཡོད་པ་སྟེ། Db.t0611བཙན་ལེགས་ཀྱི་རོ་ཤོག་ཤོག་ངན་ཏེ་ཕྱུང་ངོ་། ཞེས་དངDb.t2922མཐའ་རལ་པ་རོར་ཕྱུང་ངོ་ཞེས་དངDb.t0338སྣག་ཚ་བཟང་ངན་བལྟ་ཞེས་སོགས་བྱུང་། དེ་དག་ལ་བསམས་ཚེ་བོད་བཙན་པོའི་སྐབས་གསུང་རབ་འབྲི་བཞེངས་གནང་དུས།གསུང་རབ་ཀྱི་ནང་དོན་ཙམ་མ་ཡིན་པར་སྣག་ཤོག་གི་སྤུས་ཚད་ལའང་གཙིགས་མཐོང་བླ་ལྷག་ཏུ་བྱས་ཡོད་པ་རྟོགས་སོ། །

3 འབྲི་བཞེངས་ཀྱི་ལམ་ལུགས།

གསུང་རབ་འབྲི་བཞེངས་ལ་སྤྱིར་གྱི་ཆ་ནས་མི་སྣ་ཁག་བཞི་ཙམ་ཚང་དགོས་པ་སྟེ་གསུང་རབ་འབྲི་བཤུ་མཁན་གྱི་ཡིག་མཁན་དང་། ཞུས་དང་ཞུས། བར་ཞུས།  སུམ་ཞུས་བཅས་ཡིན། དེ་དག་ལས་གསུང་རབ་འབྲི་བཤུ་མཁན་དེ་འཕྲུལ་ཡིག་ལ་མཁས་པ་སོགས་ཀྱི་ནུས་པ་ལྡན་དགོས་པ་མ་ཟད་ད་དུང་གསུང་རབ་འབྲི་བཤུའི་ལས་ལ་དད་ཞེན་དང་སྣང་ཆུང་མེད་པ། ཡིག་མཁན་གཡིས་གསུང་རབ་དེ་འབྲི་བཞེངས་ཀྱི་རིང་ལ་ཆང་དང་སྲོག་གཅོད་ཀྱི་ལས་སྤངས་དགོས་པ་བཅས་ཡིན། གལ་ཏེ་དེ་དག་ལག་བསྟར་མ་བྱས་ཚེ་ཉེས་པ་ཕོག་གི་ཡོད། དེ་དག་སོ་སོའི་ལས་འགན་མི་འདྲ་བའི་དབང་གིས་ཐོག་མར་ཡིག་མཁན་གྱིས་འབྲི་བཤུས་ཟིན་པའི་སགུང་རབ་དེ་དག་དྷརྨའི་མཛོད་དུ་གདན་འདྲེན་མ་ཞུས་གོང་ལ་ཞུ་དག་རིམ་པ་ཚང་བར་བརྒྱུད་དགོས། དེ་བརྒྱུད་ཟིན་པའི་རྗེས་དྷརྨའི་མཛོད་གདན་འདྲེན་ཞུ་ཡི་ཡོད། ཞུ་དག་མཁན་གྱིས་འབྲི་བཤུས་ཟིན་པའི་གསུང་རབ་དེ་དག་གི་ཡིག་གཟུགས་དང་ཡི་གེའི་དག་ཆ། ཡིག་ཕྲེང་གི་ནཆད་ལྷག་སོགས་ཞུ་དག་རིམ་གསུམ་བརྒྱུད་དགོས་ཀྱི་ཡོད་སྟབས་གསུང་རབ་དེ་དག་གི་སྤུས་ཚད་ཀྱང་རང་བཞིན་གྱིས་འགན་ལེན་ཐུབ་ཀྱི་ཡོད། སྐབས་རེ་ཡིག་མཁན་དང་ཞུ་དག་བར་ལ་ཡང་སྒྲིག་གཞི་དོ་ནན་པའི་རྐྱེན་གྱིས་འགལ་ཟླ་ཡང་ཐོན་གྱི་ཡོད་པ་སྟེ་ཏུན་ཧོང་ཡིག་ཆ Db.t03996ལྔ་བརྒྱ་སོ་བཞི་དང་སོ་དྲུག་གི་བར་ན་གླེགས་བུ་ངོ་གཅིག་དང་ཕྲེང་ཕྱེད་ཆད་པ། དཔེའུ་གདུག་སྟེ་འབྲི་འཚལ། Db.t0462འབྲུ་ཆད་དྲུག་ཅུ་རྩ་བདུན་བྱུང་སྟེ།དམ་ཡིན་ཕྱུངོ། Db.t0405ལེགས་སུ་བུ་གཆིགི་ཕྲེང་གསུམ་ལྷགསོ། Db.t0995ལེགས་བུ་ངོ་གཆིག་ལྷགསསོ། Db.t0405ཅང་ལྷ་ལོད་རོ་བར་ཞུས་པད་ཕྱུངོ། ཕྲེང་གཅིག་ལྷག་པ་དང་ཞུས་དང་བར་ཞུས་ལོང་བ་གཉིས་ཀྱིས་མ་མཐོང་ནས་སུམ་ཞུས་པས་ཤད་ཀྱིས་མནན་ནོ།ཞེས་པས་ཡིག་མཁན་གྱིས་འབྲི་བཤུ་བྱ་དུས་ཡིག་འབྲུ་ཆད་ལྷག་དང་ཡིག་ཕྲེང་ཆད་ལྷག་གི་གནས་ཚུལ་བྱུང་ཞུ་དག་པས་ཤོག་རོར་བཏང་བ་དང་། དེ་མིན་ཡིག་ཕྲེང་ཆད་ལྷག་གི་གནས་ཚུལ་ཞུསདང་ཞུས་དང་བར་ཞུས་ལོང་བ་གཉིས་ཀྱི་མ་མཐོང་ནས། སུམ་ཞུས་པས་ཤད་ཀྱི་མནན་ནོ་ཞེས་པ་སོགས་ཀྱིས་ཞུ་དག་བར་གྱི་འགལ་ཟླ་སྟེ། དང་ཞུས་དང་བར་ཞུས་ལོང་བ་ཞེསཔའི་ཚིག་དེ་རང་བཞིན་གྱིས་ཐོན་པ་དང་ཡིག་མཁན་ཞུ་དག་བར་འགལ་བའོ། །

དུས་རབས15པར་ཤར་འོལ་ཁ་སྟག་རྩེར་མི་དབང་སངས་རྒྱས་རྒྱ་མཚོའི་སྐུ་དུས་བཀའ་འགྱུར་མཐིང་ཤོག་གསེར་བྲིས་བཞེངས་དུས་ཀྱི་དཀར་ཆག་ཏུ་སྣག་ཤོག་དབུ་ཆེན་དང་ཡིག་མཁན་དབུ་ཆེན། ཤིང་བཟོ་དབུ་ཆེན། འཚེམ་བཟོ་དབུ་ཆེན། ལྷ་བྲིས་དབུ་ཆེན། ལྕགས་བཟོ་དབུ་ཆེན་སོགས་ཧ་ཅང་འཐུས་སྒོ་ཙང་བ་ཞིག་གྲ་སྒྲིག་ཟིན་རྗེས་གཞི་ནས་བཀའ་བསྟན་འབྲི་བཞེངས་ཀྱི་ལས་ཀ་གནང་གི་ཡོད་པ། ལྔ་པ་ཆེན་པོའི་དགོངས་རྫོགས་སུ་བཞེངས་པའི་བཀའ་འགྱུར་ཁག་དང་མི་དབང་རྒྱ་མཚོའི་སྐུ་དུས་སུ་བཞེངས་པའི་བཀའ་འགྱུར་གསེར་བྲིས་མ། དཔལ་ས་སྐྱ་དགོན་དུ་བཞུགས་པའི་སྔགས་འཆང་ངག་དབང་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་མཆོག་བསྟན་འཛིན་བསོད་ནམས་བཟང་མོས་བཞེངས་པའི་བཀའ་འགྱུར་གསེར་བྲིས་མ་དེ་དག་མཇལ་བ་ཙམ་གྱིས་ཤེས་པ་སྟེ། མི་དབང་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་བཞེངས་པའི་བཀའ་འགྱུར་མཐིང་ཤོག་གསེར་བྲིས་བཞེངས་སྐབས་ཡིག་མཁན་གོང་སྟོད་ཨོ་རྒྱན་ནོར་བུ། སྟོད་སྲིད་ཆོས་བཀྲ་ཤིས། སྒང་ཏོག་བློ་བཟང་པདྨ། ལྷུན་གྲུབ་ནོར་བུ་བཅས་བཞིས་གཙོསཔའི་ཨེནས་མཁས་བསྡུས་ཁོ་ནའི་ཡིག་མཁན་བརྒྱདང་བཅོ་བརྒྱད། ཞུས་ཆེན་ཨེ་པ་ལྷ་མོ་རྒྱལ་པོ་དང་སྒྲོན་མ་ཚེ་རིང་ཅན་དྲུག་ཞེས་པ་དང་འདྲ་བར་བཀའ་འགྱུར་བསྟན་འགྲོའི་དཔལ་འགྲོའི་དཔལ་མགོན་གྱི་ཡིག་མཁན་དབུ་ཆེན་སྙེ་མོ་བློ་བཟང་རྣམ་རྒྱལ་དང་ཨེ་ཡོན་ཏན་བག་གྲོ་སོགས་ཡིག་མཁན་བརྒྱ་དང་བཅོ་དྲུག་ཅེས་བྱུང་བ་ལས་དཔེ་རྙིང་བྲིས་བཞེངས་གནང་དུས་སྒྲིག་གཞི་དོ་ནན་པོ་ཡོད་པ་ཤེས་ཐུབ་མོད་ད་དུང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར། རྒྱ་ཤོག་སྔོན་པོའི་ཁ་དོག་ཟིལ་གྱིས་གནོན་པའི་ཧད་རམས་སྤུས་ལེགས་ཀྱིས་ཚོས་བྱས་པའི་ཆོས་ཤོག་དངོས་བརྩང་བའི་གསེར་གཞུ་བཏུལ་ཤིན་ཏུ་རུ་ང་བ་ཕོན་ཆེ་བས་མགྱོགས་པ་གཙོ་བོར་མ་བཏོན་པར་བྲིས་ཁྱད་ཐོན་པ་ལྟོ་དཀར་འབུར་དོད་དབུ་ལྷར་མདོ་སྔགས་ཀྱི་གང་འོས། གླེགས་ཤིང་སེང་དང་ཙན་དན་ལ་བརྐོས་ཀྱི་བྱར་བྲག་ངོ་མཚར་ཆེ་བ་ལ་རིན་པོ་ཆེ་དུ་མའི་ཕྲ་ཚོམས་བཀོད་ཅིང་གདོང་དར་དང་ཞལ་ཁེབས་རྒྱ་ཧོར་གྱི་གན་གོས་ཁྱད་དུ་འཕགས་པ་ལྔ་བརྩེགས།སི་ཏ་ཧུའི་གླེགས་ཐག ཆབ་ཙེ་རྒྱ་བཟོ་ཚགས་མ་དང་། བཅས་བཞེངས་པའི་དོ་དམ་གཙོ་བོ་ཆོས་ཀྱི་རྒྱལ་པོ་བཙོང་བ་ཆེན་པོའི་བསྟན་པ་ལ་དད་ཞེན་ཆེ་ཅན་རི་སྒོ་ཤག་ལྷོ་པ་དཀོན་མཆོག་དར་རྒྱས་རོགས་བྱེད་མཁར་ལྷ་མགོན་དར་རྒྱས། ཞུས་ཆེན་ཨེ་པ་ལྷ་མོ་རྒྱལ་པོ་དང་སྒྲོན་མ་ཚེ་རིང་ཅན་དྲུག ཤོག་ལས་པ་པོ་ཏོ་ཁྱཡིི་ཕྲུག་དང་དཀར་རྒྱལ་ཅན་ཉི་ཤུ་ཐམ་པ། ཏོག་དཀར་བ་གོང་སྟོད་ཨོ་རྒྱན་ནོར་བུ། སྟོད་སྲིད་ཆོས་བཀྲ་ཤིས། སྒང་ཏོག་བློ་བཟང་པདྨ། ལྷུན་གྲུབས་ནོར་བུ་བཅས་བཞིས་གཙོས་པའི་ཨེ་ནས་མཁས་བསྡུས་ཁོ་ནའི་ཡིག་མཁན་བརྒྱ་དང་བརྒྱད། དབ་ཀ་པ་རྣམས་ཀྱིས་དབུ་ལྷ་འབུར་དོད་བཞེང་མི་ཨེ་པ་ལྔ་འཛོམས་དང་བཙུན་ཆུང་། དེ་ཕྱིན་དབུ་ལྷ་བྱིངས་འདྲི་མི་རབ་བརྟན་དང་ལྷོ་རགས་བསྟན་འཛིན་ནོར་བུ། ཞལགཁེབས་བཟོ་མི་གྲ་ཕྱི་བསོད་ནམས་དོན་གྲུབ་སྤུན་གཉིས། གཉེར་ཚང་གི་དགོས་པ་སྤྲོད་མི་རྫོང་སྡོད་ཞོལ་ཁང་ཕན་དང་བདེ་འབྱོར་བྱང་པ་ཚེ་རིང་མགོན་པོ་རྣམས་ཀྱིས་ཞེས་པ་ལས་དུས་རབས17པའི་ནང་དུ་བཀའ་དསྟན་འབྲི་བཞེངས་གནང་བའི་སྐབས་ཀྱི་སྒྲིག་གཞི་ཧ་ཅང་དོ་ནན་པོ་དང་ཚགས་དམ་པོ་ཡོད་པ་གོང་དུ་བཀོད་པའི་མཛད་བྱང་ཁག་ལས་རྟོགས་སླའོ། །

4 ཡིག་མཁན་གྱི་གླ་ཆ།

སྤྱིར་ལས་ཀ་གང་ཞིག་བྱས་ཀྱང་དེ་དག་གི་ལས་བབ་དབང་གིས་གླ་ཆ་སྤྲོད་པའི་སྲོལ་ཞིག་སྔ་མོ་ནས་བྱུང་ཡོད། དེས་ན་གནའ་དཔེ་འབྲི་བཤུས་བགྱིས་པའི་ལས་ཤ་དེར་ཡང་ལས་ཀའི་ལས་བབ་དང་གིས་གླ་ཆ་སྤྲོད་སྲོལ་ཡོད་པ་དེ། སྔོན་དུ་བྲིས་པའི་ཏུན་ཧོང་ནས་ཐོན་པའི་ཆོས་འབྲི་བཤུས་བརྒྱབ་པའི་ཟིན་ཐོ་ཞེས་པའི་ནང་དོན་ལས་ཤེས་ཐུབ་མོད་ཀྱང་། ཅུང་ཟད་ཅིག་ཞིབ་པ་བརྗོད་ན། བཙན་པོ་ཁྲི་རལ་པ་ཅན་དེའི་སྐུ་རིང་ལ། གྲ་ཤོད་གཉིས་བྱ་བ་ཡི་གེའི་མཁན་པོ་གཉིས་བྱུང་སྟེ། རྗེ་ལ་ཡི་གེའི་སྟངས་ཕུལ་བས། སེང་གེ་གནམ་ལ་མཆོངས་འདྲ་བ་དང་། མུ་ཏིག་ལྟར་ལ་བརྒྱུས་པ་འདྲ་བ་གཅིག་བྱུང་སྟེ། རྗེ་ས་བདག་རྒྱལ་པོའི་ཐུགས་དམ་འབྲི་བར་བཟང་བས། ཞའི་གཙིགས་ཀྱི་རྡོ་རིང་གི་འགྲམ་དུ་ཡི་གེའི་དཔེ་གཅིག་བཏབ་ནས་བཞག གསེར་ཡིག་ནི་དགེ་རྒྱས་བྱེ་མ་གླིང་གི་བཟང་སྤྱོད་པ་དང་། ཡེར་པའི་ཕུང་པོ་གསུམ་པའི་མདོ། མདོ་སྣ་བཞུགས་པའི་གསེར་བུམ་དེ་རྣམས་ནི་འབྲི་བའི་དུས་སུ་རྗེས་རྩིས་གནང་བ་ནི། བསུ་བ་ཞ་རྟེན། གདན་གཡས་གྲལ། གཏང་ཏག་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་གནང་། རྩི་སར་ཞིང་དོར་གཅིག  སྐྱོ་རོགས་སུ་རྩེད་རོགས་སྣ་ཚོགས་པ་གནང་ངོ་། བོད་ཡུལ་དུ་གསུང་རབ་མང་དུ་བྲིས་ཤིག་ཅེས་བཀའ་སྩལ་ཏོ། ཞེས་གསུངས་པར་བལྟས་ན། བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་གྱི་སྐུ་དུས་ནས་གནའ་དཔེ་འབྲི་བཤུས་ཀྱི་ཡིན་མཁན་རྣམས་ལ་མཐོང་ཆེན་གནང་སྟེ། ཐོག་མར་བསུ་བ་ཞུ་རྟེན་གྱི་ལག་རྟགས་སོགས་འབུལ་བ་དང་གདན་གཡས་གྲལ་ཏུ་བཞུགས་སུ་བཅུག་ནས། གཏང་རགས་ཀྱི་ཚིམས་པར་བྱས་པ་དང་འཚོ་རྟེན་ས་ཞིང་དོར་གཅིག་གི་ས་སོགས་ཀྱི་གླ་ཡོན་འདོད་པ་མཐུན་པ་གནང་བ་དེ་ནི་བསྟན་པ་སྔ་དར་སྐབས་ཀྱི་གནའ་དཔེ་འབྲི་བཤུའི་ཡིག་མཁན་གྱི་གླ་ཡོན་ཅི་འདྲ་ཡིན་པའི་གནས་ཚུལ་ཡིན། བསྟན་པ་ཕྱི་དར་གྱིས་སྐབས་སུ་གནའ་དཔེ་འབྲི་བཤུས་དང་ཀློག་པ་ཡིན་ན་དུས་རབས་དེའི་དཔལ་འབྱོར་ཐོན་འབབ་གཞིར་བཞག་གླ་ཆ་འབུལ་གྱི་ཡོད། དཔེར་ན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། བམ་པོ་རེ་རེ་ལ་ཞོ་ཕྱེད་དང2བྲས་སུ་རྩིས་ནས། སྲང་དྲུག་ཅུ་རྩས་ཕྱེད་དང་གསུམ། ཉི་ཁྲི་ལྔ་སྟོང་པ་ལ་སྲང་བཅུ་ལྔ་དང་ཞོ་ལྔ། ཁྲི་བརྒྱད་སྟོང་པ་ལ་སྲང་བཅུ་གཅིག་དང་ཞོ2། ཁྲི་པ་ལ་སྲང་དྲུག་དང་ཞོ2། བརྒྱད་སྟོང་པ་ལ་སྲང་ལྔ། གསུང་རབ་ཀློག་པའི་ཚེ། ཅི་ལྟ་བ4ན་དུ་བྱུང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚར1ལ་སྲང1། ཉི་ཁྲི་ལྔ་སྟོང་པ་ལ་ཞོ་གཉིས།  ཁྲི་བརྒྱད་སྟོང་པ་ལ་ཞོ་ཕྱེ་དང་། ཁྲི་པ་ལ་ཞོ་རེ་འབུལ། དེ་ལས་ཚར་མང་དུ་ཀློག་ན། ཉི་ཁྲི་པ་ལ་ནི4སྲང་། ཁྲི་བརྒྱད་སྟོང་པ་ལ་ལྔ་སྲང་། ཁྲི་པ་ལ་བཅུ་སྲང་། བརྒྱད་སྟོང་པ་ལ་བཅུ་གཉིས་སྲང་། ཞེས་བྲིས་པ་དེར། ཕྱི་རྒྱལ་གྱི་མཁས་པ་ཕན་དྷ་ཁང་གིས་ཞིབ་རྩིས་བརྒྱབ་ནས་གསུང་དོན། གནའ་དཔེ་འབྲི་བཤུ་བྱེད་མཁན་ལ་དམ་པོ་རེ་རེ་ནས་ཞོ1.5འཐོབ་ཀྱི་ཡོད། དེར་བརྟེན་ཡིག་མཁན་ལ་ཁྱོན་བསྡོམས་ཞོ200འཐོབ་ཀྱི་ཡོད། གལ་ཏེ་དེ་ལ་སྲང62.5ཡོད་ན། སྲང་གཅིག་ལ་ཞོ3.2འཐོབ་ཀྱི་འདུག་ཅེས་གསུངས་འདུག དེ་མིན་དུས་རབས16པའི་ནང་དུ་གཞུང་ས་ཁག་ནས་བཀའ་འགྱུར་གའེར་ཆོས་དང་སྐྱ་ཆོས་འབྲི་བཞེངས་གནང་སྐབས་རྒྱུ་འགྲོ་ཅི་ཙམ་ཞིག་ཡིན་པའི་སྐོར་ལ། ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ཁྱམས་སྐོར་གཉིས་པའི་ལྡེབས་རིས་ཀྱི་ནང་དོན་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་ཚེ་གང་པོའི་འཕྲིན་ལས་བརྗོད་བྱར་བྱས་ཏེ། ལྷ་བྲག་བསྟན་འཛིན་ནོར་བུ་སོགས་ལྷ་བྲིས་པ་རྣམས་ཀྱི་བཀོད་པ་ཞིག་ཡིན། ཁྱམས་སྐོར་དེའི་ལྡེབས་རིས་ཀྱི་བརྗོད་བྱ་ཁག་ཨང་རྟགས་དང་ལྷན་གཅིག་ཏུ་བྱང་རེ་རེ་བྲིས་ཡོད་པ་ལས་གསུང་རབ་འབྲི་བཞེམས་ཀྱི་རྒྱུ་འགྲོའི་སྐོར་གྱི་མཚན་བྱང་ནི། 82ཚ་བ་མཛོ་སྒང་དུ་རྒྱུ་འགྲོ་ཁལ་བཞི་ཁྲི་ཆིག་སྟོང་ཉིས་བརྒྱ་རེ་དྲུག་ལས་གྲུབ་པའི་བཀའ་འགྱུར་སྐྱ་པོད་བཞེངས་གནང་བ། 82ལྷོ་རྫོང་དུ་བཀའ་འགྱུར་སྐྱ་ཆོས་རྒྱུ་འགྲོ་ཁལ་བཞི་ཁྲི་ལྔ་བརྒྱ་ལས་གྲུབ་པ་གསར་བཞེངས་གནང་བ།107ཤེལ་དཀར་དུ་བཀའ་འགྱུར་སྐྱ་པོད་རྒྱུ་འགྲོ་འབྲུ་ཁལ་བཞི་ཁྲི་སུམ་སྟོང་ཆིག་བརྒྱ་ཞེ་གསུམ་ལས་གྲུབ་པ་གསར་བཞེངས་གནང་བ། 109འོལ་ཁར་བཀའ་འགྱུར་གསེར་ཆོས་འཛམ་གླིང་རྒྱན་གཅིག་རྒྱུ་འགྲོ་འབྲུ་ཁལ་ཆིག་འབུམ་བརྒྱད་ཁྲི་དྲུག་སྟོང་བདུན་བརྒྱ་དོན་གསུམ་ལས་གྲུབ་པ་གསེར་བཞེངས་གནང་བ་།ཞེས་ལྡེབས་རིས་ཀྱི་ལམ་ནས་བཀའ་བསྟན་བཞེངས་པའི་རི་མོའི་་ཞབས་སུ་མཚན་བྱང་བཀོད་འདུག  དེ་དག་ལས་དུས་རབས17པར་སྐྱ་ཆོས་བཞེངས་སྐབས་སུ་རྒྱུ་འགྲོ་ཅི་ཙམ་ཞིག་ཡིན་མིན་སྐོར་ལ། ལྡེབས་རིས་ཀྱི་མཚན་བྱང107ཤེལ་དཀར་དུ་བཀའ་འགྱུར་སྐྱཆོས་བཞེངས་པའི་རྒྱུ་འགྲོའི་སྐོར་ཅུང་ཟད་རྒྱས་པར་བཀྲོལ་ན། ཆ་ཕག་ལོ་སྟེ1683ལོར་ཤེལ་དཀར་མི་འགྱུར་རྡོ་རྗེའི་རྫོང་དུ་བཀའ་འགྱུར་རིན་པོ་ཆེ་མ་ཕྱི་རྒྱལ་རྩེ་ཐེམས་སྤང་མ་སོར་བཞག་གི་པོ་ཏི་བརྒྱ་དང་བཅུ་གཅིག རྙིང་རྒྱུད་པོ་ཏི་གསུམ། སྤྲིན་ཆེན་གསེར་འོད་ཀྱི་པོ་ཏི་གཅིག་བཅས་སྐྱ་ཆོས་ཡིག་གཟུགས་བརྡ་དག་ཕུལ་དུ་ཕྱིན་པ། ཞལ་ཁེབས་གསུམ་བརྩེགས་ཀྱི་སྟེང་ན་རིམ་བཞིན་དིང་ཕོན་གཞི་དམར་སེར་མེད། ལིང་སྐྱེར། བྱང་དར་སྔོན་པོ། གདོང་དར་གསུམ་བརྩེགས་ཀྱི་སྟེང་ལ་ཁ་ཐི་གཞི་དམར་ནང་ཤ་བྱང་དར་ལུ་ཧང་། དེ་འོག་གོས་སྐྱེར་འཇམ་སང་ཐོག་སྟོང་སྐུད་དམར་པོའི་འཕར་ཕྱིན་ཀ་ཐོ་མཚན་བྱང་ཡོད་པར་ནང་ཤ་སྨན་རྙིང་། དེ་འོག་དཀར་རས་སྒོང་ཤུན་མར་ཆོས་ཚན་བཞགས་བྱང་འཁོད་པ། སྟག་པང་གི་གླེགས་ཤིང་མཚལ་རྩི་མ་གདོང་མདུན་སྟེང་འོག་ལ་གསེར་ཤོག་དང་རྒྱབ་ལ་གསེར་འགྱུར་གྱི་ལཉྫ་ཅན་སྒལ་རྒྱབ་མཐའ་དབུས་ཀྱི་འབཻད་གསེར་ཤོག་མ། སྐྱེ་རྒྱའིགླེགས་ཐག་དཔར་མ་ལྕགས་ཆབ་མིག་གཉིས་མ་དང་བཅས་པ་རྣམས་ཀྱི་སྐུ་རྒྱུའི་སྐོར་ལ། གན་ཤོག སྣུམ་དྲེག སྒྲོན་དྲེག ཚལ་དཀར། སྤོས་དཀར། རྒྱ་ཞུན། སྒ་སེར། ཆུ་བུན། བྱང་བུལ། སྲ་རྩི། མཐིང་ཤུན། སྤར་ཤུན། དཀར་རག དཀར་མདངས། ཚལ་དབུས་ཞོ་ཆིག་སྟོང་དྲུག་ཅུ་སྐོར། གསེར་འགྱུར། ལྕགས། མར། བལ། སྤྱིན། དེང་ཕོན་གསར་པ་གཞི་དམར་གསེར་མེད། ཁ་ཐི་གཞི་དམར། གོས་སྐྱེར་སྔོ་དམར་དཀར། སྨན་ཙེ། ལིང་སྐྱེར། བྱང་དར་སྔོན་པོ། ལུ་ཧང་། ཀ་རས་སྒོང་ཤུན། གསེར་ཤོག་སྟོང་ཏིམ། མགོན། རི་གོ། སྟག་སྤང་། ལྷོ་རས་རྨས་ལས་གྲུབ་པའི་དོ་དམ་སྙེ་མོ་དགོན་པའི་རྡོ་རྗེ་རྒྱལ་མཚན་དང་ཁྱིམ་གསར་བསམ་གྲུབ། ཤོག་ལས་དོ་དམ་པ་གཉིས་དང་ཤོག་ལས་པ་བཅུ་གསུམ། ལྟོ་གར་བ་གཉིས་དང་བྲིས་ཤེག་ཞུས་གསུམ་བཅས་མ་གྲངས་སུམ་སོ་གཉིས་དང་། ལྷ་བྲིས་པ། ཤིང་བཟོ་བ། སྔོ་བཟོ་བ། པར་རྐོས། མགར་བ། ཇ་མ། ཆང་མ། ཆང་རྩིས་པ། གོས་བཟོ་བ་རྣམས་རེ་ཡོད་ཀྱི་ཕོགས་དཔོས་ཆ་སྤྲོད་མི་ཤེལ་དཀར་རྫོང་སྡོད་སྒང་མཁར་གྲོང་སྟོད་པ་ཀུན་དགའ་རབ་བརྟན་དང་། མཚལ་མིག་པ་རྒྱ་མཚོ་དབང་ཕྱུག་གཉིས་ཀྱིས་ངོ་ཁུར་བྱས་ཤིང་སྐུ་རྒྱུ་སོགས་སྟོན་ཡོན་ཁྱོན་བསྒེལ་བར་དངུལ་སྲང་ཉིས་སྟོང་སུམ་བརྒྱ་དགུ་བཅུ་གོ་དྲུག་ཞོ་བརྒྱད་སྐར་དྲུག་བྱུང་བར་འབྲུ་གཤར་ཁལ་བཞི་ཁྲི་སུམ་སྟོང་བརྒྱ་བཞི་བཅུ་ཞེ་གསུམ་བྲེལ་བཅུ་ཕུལ་ཕྱེད་དང་ལྷག་བཅས་རྣམས་ལས་བསྐྲུན་ཞེས་པ་ལས་སྤྱི་ལོ1683ལོར་ཤེལ་དཀར་རྫོང་སྟེ་ཕགས་སུ་རྒྱལ་མོ་རི་དེར་ཕོ་བྲང་བཙན་ཆ་ཡོད་པ་སྒེ་ཁུང་རབ་གསལ་སོགས་ཀྱིས་སྤྲས་པའི་བ་གམ་གསུམ་ལྡན་ཡོད་པ་ཞིག་བཟོས་ནས། རི་འདི་ལ་ཤེལ་དཀར་ཞེས་གྲགས་ཏེ། རྒྱལ་མཚན་རྫོང་འདི་བཏབ་པའི་ཚེ་ཕྱོགས་ནས་བལྟས་པས་ཤེལ་དཀར་གྱི་ཀ་ཡོལ་ཁ་ཕུག་ཏུ་ཡོད་པ་འདྲ་བ་ཞིག་བྱུང་བས་ཤེལ་དཀར་ཞེས་གནས་གཞི་རྫོང་ཆོས་ཀུན་ལ་དེ་ལྟར་ཐོགས་སོ། །ཡང་མཁའ་འགྲོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་གནས་པས་དང་པོར་རྒྱལ་མོ་རི། དེ་ནས་ཤེལ་དཀར། དེ་རྗེས་ཕོ་བྲང་ཡོངས་རྫོགས་གྲུབ་ཚེ་མདུན་དབྱིབས་རྗེ་བཙུན་སྒྲོན་མ་རི་ཞེས་ཀྱང་གྲགས་ལ། འགའ་ཞིག་ཇོ་མོས་ཤེལ་དཀར་གྱི་ཟས་བྱིན་པ་དང་། ཤེལ་གྱི་དཀར་ཡོལ་ས་འོག་ནས་བྱུང་ཚུལ། ཡ་རབས་ཤེས་ཕྲུག་གི་བརྒྱུད་ཏཱ་སི་ཆོས་རིན་གྱི་བཏབ་པས་ཤེ་ཁང་སོགས་ཟེར་ཀྱང་ཁྭང་མ་མཐོང་སྟེ་ཤེར་དཀར་ཞེས་པ་རང་འཐད་དོ།། ཞེས་པ་དེརབཀའ་འགྱུར་སྐྱ་ཆོས་བཞེངས་སྐབས་ཡིག་མཁན་དང་ཞུ་དག དབུ་ལྷ་འབྲི་མི། སྣག་ཤོག་བཏུལ་མཁན། གོས་དར་ཞལ་ཁེབས་འཚེམས་མཁན། གླེགས་ཤིང་དང་ལྕགས་མགོ་བཟོ་མཁན་བཅས་ཁྱོན་གཅིག་ཏུ་བསྒྲིལ་པའི་རྒྱུ་འགྲོ་ཇི་ཙམ་ཞིག་ཕྱིན་པའི་སྐོར་ཁ་གསལ་ཞིག་གསུངས་འདུག  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-14

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།