གནའ་དཔེའི་དཔེ་གཟུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེའི་དཔེ་གཟུགས།
བོད་ལ་སྔོན་གྱི་སྐྱེ་བོ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་དེ་དག་གི་སྐུ་དྲིན་ལས་སྐྱེ་བོ་ཕལ་པའི་བསམ་ཡུལ་ལས་འདས་པའི་གནའ་དཔེ་འབོར་ཆེན་ཞིག་འབྲི་བཞེངས་གནང་ཡོད་པ་དེ་དག་ད་ལྟ་བོད་ཀྱི་རི་ཁྲོད་དང་དགོན་སྡེ།མི་སྒེར་དང་དཔེ་མཛོད་ཁང་།རྟེན་རྫས་བཤམས་སྟོན་ཁང་དང་ཡིག་ཚགས་ལས་ཁུངས་སོགས་སུ་བཞུགས་ཡོད།དེ་དག་གི་དཔེ་གཟུགས་རྣམ་པ་ཡང་གླེགས་བམ་སྣ་རིང་གི་རྣམ་པ་ཁོ་ན་ཙམ་མ་ཡིན་པར་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ།ཤོག་དྲིལ་དང་ཁྲམ་བྱང་།ལྟེབས་ཟུར་མ་དང་ལྟེབས་མགོ་མ་ད་དུང་ལྟེབས་འགྲིག་མ་སོགས་ཀྱང་བྱུང་ཡོད་གཤིས།འདིར་གནའ་དཔེའི་དཔེ་གཟུགས་དེ་དག་གི་བྱུང་བ་དང་ཁྱད་ཆོས་སོགས་རིམ་པས་བཤད་པར་བྱའོ།།
1 ཤོག་དྲིལ།

ཤོག་དྲིལ་གྱི་རྣམ་པ་དེ་ནི་བོད་ལ་མཐོ་བོད་བཙན་པོའི་སྐུ་དུས་ནས་ཡོད་པའི་དཔེ་གཟུགས་ཀྱི་རྣམ་པ་ཞིག་ཡིན་པ་སྟེ་རྒྱལ་རབས་གསལ་བའི་མེ་ལོང་དུ།བོད་ཀྱི་བློན་པོ་མགར་སྟོང་བཙན་ཐང་གི་རྒྱལ་སར་ཕེབས་ནས་སྲས་མོ་འུན་ཤིང་ཀོང་ཇོ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱི་བཙུན་མོར་ལེན་སྐབས།ཐང་གི་རྒྱལ་པོར་ལན་བཏབ་པའི་ཆེད་དུ་སྔོན་ནས་བོད་ཀྱི་བཙན་པོས་ཤོག་དྲིལ་ཁག་གསུམ་བསྐུར་ཡོད་ཅེས་པ་དང་ད་དུང་འབྲོམ་བཟའ་བྱང་ཆུབ་སྨན་གྱིས་རབ་བྱུང་རྣམས་ལ་བསྙེན་བཀུར་བའི་གདུགས་ཚོད་ཐོན་པའི་ཚེ།ཚར་རེ་སྒྲོག་པར་འགྱེད་བདེ་བའི་ཆེད་དུ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པ་འཇུག་སྣོད་ལ་བརྟེན་ནས་ཤ་སྒྲོ་ཅན་ཞེས་སོགས་བོད་ཀྱི་ཡིག་ཚང་དུ་འཁོད་ཡོད་པ་མ་ཟད་ད་ལྟ་ང་ཚོས་དངོས་སུ་མཇལ་ཐུབ་པའི་མཐོ་བོད་བཙན་པོའི་སྐབས་ཀྱི་ཤོག་དྲིལ་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་རྒྱལ་ཁབ་དཔེ་མཛོད་ཁང་དང་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཁག་ཏུ་ཉར་ཚགས་གནང་བ་དེ་དག་ལས།ཤོག་དྲིལ་གྱི་དཔེ་གཟུགས་དེ་དུས་རབས8-9པའི་སྐབས་ནས་བོད་ལ་ཡོད་པའི་དཔེ་གཟུགས་ཞིག་ཡིན་པ་ངེས་པ་རྙེད་མོད་ཀྱང་།གལ་པོ་ཆེ་ལ་ནན་ཏན་ཟེར་བ་བཞིན་ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ་བཞུགས་པའི་བོད་བཙན་པོའི་སྐུ་དུས་སུ་བཏབ་པའི་དཀར་ཆག་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ།སྔོན་དུས་ཡར་ལུང་འཕྠང་ཀ་མེད་ན་བཞུགས་པའི་བཀའ་དང་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སྒྲིགས་པ་ཞེས་པའི་དཀར་ཆག་དེའི་སྔོན་གྱི་མ་དཔེའི་དཔེ་གཟུགས་ནི་རྒྱ་གར་འཕགས་པའི་ཡུལ་ནས་དར་ཁྱབ་བྱུང་བའི་གླེགས་བམ་གྱི་དཔེ་གཟུགས་དེ་མ་ཡིན་པར་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་དཔེ་གཟུགས་ཤོག་དྲིལ་གྱི་རྣམ་པ་ཅན་ཞིག་ཡིན་པ་ནི་དཔེ་རྙིང་དེའི་མཛད་བྱང་ལས།ཆོས་སྒྱུར་མཁན་བྱང་ཆུང་སེམས་དཔའི་སྤྲུལ་པ་དབའ་ཡེ་ཤེས་དབང་པོ།བྱང་ཆུང་སེམས་དཔའ་རྟ་སྐད་ཅན་གྱི་སྤྲུལ་པ་འབའ་ཁྲི་བཞེར་སང་ཤི་ཏ།སྦྲང་རྒྱ་ར་ལེགས་གཟིགས།དགེ་སློང་ལ་སྔ་བ་ངན་ལམ་རྒྱལ་བ་མཆོག་དབྱངས།དཔལ་ཁོར་བེེ་རོ་ཙ་ན།སྣུབས་ནམ་མཁའི་སྙིང་པོ།སངས་རྒྱས་འོད་སྲུང་ཀྱི་སྤྲུལ་པ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྒྱལ་པོ་ཚེ་གཅིག་ལ་སྐྱེ་བ་གཉིས་བཞེས་པའི་ལྷ་ཐོ་དེ་སྙན་བཙན།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་བོད་ཀྱི་ཆོས་ཀྱི་སྲོལ་འདོད་པའི་རྒྱལ་པོ་ལྷ་སྲས་སྲོང་བཙན་སྒམ་པོ།འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་བོད་ཡུལ་དུ་ཆོས་རྒྱས་པར་སྒྱུར་མཁན་འཕྲུལ་གྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན།རྒྱ་བོད་ཧོར་གསུམ་དང་མཇལ་བསྡུམས་བྱས་ནས་བོད་ཡུལ་དུ་ཆོས་ཁྲིམས་འཆའ་མཁན་ལྷ་སྲས་ཁྲི་སྲོང་ལྡེ་བཙན།དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མདོ་སྙིང་རྗེ་པད་མ་དཀར་པོའི་ནང་དུ་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བར་ཁྱིམ་བདག་རལ་པ་ཅན་ཞེས་བྱ་བ་བྱུང་།དེས་ཀྱང་ངའི་བསྟན་པ་རྒྱས་པར་བྱེད་ཀྱིས།ཀུན་དགའ་བོ་མྱ་ངན་མ་བྱེད་ཅིག་ཅེས་བཅོན་ལྡན་འདས་ཀྱིས་ལུང་བསྟན་ཡོད་པ།བོད་ཡུལ་དུ་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུ་ཆེན་སྐད་གསར་བཅད་གྱིས་གཏན་ལ་ཕབ་པའི་ལྷ་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན།(815-836)རྒྱ་གར་གྱི་མཁས་པ་ཆེན་པོ་པཎྜི་ཏ་སུ་རེན་ཏྲ་བོ་དྷི།དོན་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས།རྒྱ་གར་གྱི་པཎྜི་ཏ་མུ་ཏེ་ཝ་རྨ།ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་བན་དྷེ་ཡེ་ཤེས་སྡེ།དེ་རྣམས་ནི་ཤོག་དྲིལ་ཆེན་པོའི་སྨད་ན་སྐུ་གཟུགས་བྲིས་པ་རྣམས་ཀྱི་ཁ་ཡིག་ཡིན།སྐུ་དེ་རྣམས་ལའང་བཙན་པོའི་སྐུ་ལྔ།ཁ་ཡིག་མེད་པའི་སྐུ་གཅིག་མ་གཏོགས་པ་རྣམས་རབ་ཏུ་བྱུང་བའི་སྐུ་གཟུགས་སུ་སྣང་།ཞེས་དང་ཡང་ན་དཔེ་ནས་བུ་དཔེར་འབྲི་བཤུས་མཁན་གྱིས་གསལ་བཤད་དུ་དཀར་འདི་ནི་སྔོན་གྱི་ཤོག་དྲིལ་ཆེན་པོ་ན་འདུག་པ་ཇི་ལྟ་བ་བཞིན་དུ་བྲིས་པས་ཤིན་ཏུ་ཡིད་ཆེས་པ་ལགས་སོ་ཞེས་མཛད་བྱང་དུ་འཁོད་པའི་ཤོག་དྲིལ་ཞེས་པ་དང་ད་དུང་སྤྱི་ལོ2009ལོར་མངའ་རིས་སུ་གནའ་དཔེ་ཡོངས་བཤེར་དུ་འགྲོ་སྐབས་འཁོར་ཆགས་དགོན་གྱི་ལོ་རྒྱུས་འཁོད་པའི་དཔེ་རྙིང་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་བ་ཞིག་མཇལ་བྱུང་བ་དེའང་ཤོག་དྲིལ་གྱི་དཔེ་གཟུགས་སུ་འདུག དེ་ནས་གོང་གི་གནས་ཚུལ་དེ་དག་ལས་བོད་དུ་གནའ་དཔེ་ཤོག་དྲིལ་གྱི་དཔེ་གཟུགས་སུ་སྡེབས་པའི་ལུགས་སྲོལ་དེ་ནི་བོད་བཙན་པོའི་སྐུ་དུས་ནས་བྱུང་ཡོད་པ་ཞིན་ཡིན་པ་མ་ཟད་དུས་རབས13པའི་ཡར་སྔོན་དུའང་ཤོག་དྲིལ་གྱི་རྣམ་པའི་དཔེ་གཟུགས་བཀོལ་སྤྱོད་གནང་གི་ཡོད་པ་ཤེས་སོ།།

2 གླེགས་བམ།

དེ་ཡང་གླེགས་བམ་སྣ་རིང་གི་དཔེ་གཟུགས་འདི་ཐོག་མར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་བོད་ལ་དར་ཡོད་པའི་སྐོར་ལ།ནེའུ་པཎྜི་ཏ་སྨོན་ལམ་ཚུལ་ཁྲིམས་ཀྱིས་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་་གྱི་སྐུ་དུས་སུ་ལོ་ཙཱ་བ་ལི་ཐི་སི་དང་པཎྜི་ཏ་བློ་སེམས་འཚོ་གཉིས་ཀྱི་བསྣམས་ཕེབས།ཞེས་གསུངས་པ་ལས་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་བོད་ལ་དམ་པའི་ཆོས་དར་བ་དང་ཆབས་ཅིག་གླེགས་བམ་གྱི་དཔེ་གཟུགས་དེ་ཡང་བོད་ལ་དར་བ་ཞིག་ཏུ་སེམས།དེ་རྗེས་གླེགས་བམ་དེ་ཡང་གསུང་རབ་ཀྱི་འཕེལ་འགྲོས་དང་བསྟུན་ཏེ་གླེགས་བམ་གྱི་ཆེ་ཆུང་དེ་ཡང་བོད་ཀྱི་ཁྱད་ཆོས་ལྡན་པའི་གླེགས་བམ་ཞིག་ཏུ་གྱུར།ཆེས་ཐོག་མའི་གསུང་རབ་གླེགས་བམ་གྱི་ཆེ་ཆུང་སྐོར་ལ།བེེ་དཀར་གཡའ་སེལ་ལས་ཞུས་ན།བཀའ་དེ་དག་འདྲི་བའི་གཞི་ནི་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་གང་ཡང་རུང་བ་ལ་གླེགས་བམ་མམ་ལེགས་སྦྱར་དུ་པུསྟི་ཀ་ཞེས་འབོད་པ་དེའི་ཚད་ནི་རྒྱུད་སྡེ་གོང་མ་འགར་སོར་བཅུ་གཉིས་པའམ་བཅུ་དྲུག་ཏུ་བཤད་པ་དང་།བརྒྱད་སྟོང་པ་ལས་ཚད་མེད་པར་གསུངས་པའི་པུསྟི་ཀ་དེར་ནི་ལྷག་པ་ཚུལ་ཁྲིམས།ལེས་གསུངས་པ་ལས་ང་ཚོས་ཐོག་མའི་གསུང་རབ་གླེགས་བམ་གྱི་རིང་ཚད་དུ་སོར་མོ་བཅུ་གཉིས་སམ་བཅུ་དྲུག་ཡོད་པ་དེ་ཤེས།དེ་རྗེས་དུས་རབས20པར་བྱོན་པའི་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་མཆོག་གིས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་དུ།རྒྱ་དཔེ་ནི་ཕལ་ཆེར་ཏ་ལའི་ལོ་མར་བྲིས་པས་ཏ་ལའི་ལོ་མ་དེ་ཞེང་དུ་སོར་གསུམ་བཞི་ལས་ལྷག་པ་མི་ཡོང་བས་སྣེ་གང་རིང་བྱེད་ནུས་པ་ཙམ་ལས་ཞེང་ཆེན་པོ་གང་ལ་འོང་།རྗེ་མི་ལས་ཕྱུགས་རྫི་ལ་མར་པ་འདྲི་སྐབས།བུ་ཆུང་དར་མ་མདོ་སྡེས་ཀྱང་།འོ་ངེད་ཀྱི་ཕ་ཇོ་ལ་ཟེར་བ་ཡིན་པ་འདྲ།དེ་ཡིན་ན་རྒྱ་གར་ནས་པོ་ཏི་ཕྲ་ལ་རིང་བ་མང་པོ་འཁྱོས་མ་ལ་བཀལ་ནས་འོངས་པ་ཞིག་ཡོད་ཅེས་སྨྲས་པ་ཡིན།ཞེས་འཁོད་པའི་ནང་གི་སྔོན་གླེགས་བམ་གྱི་ཞེང་ཚད་དུ་སོར་གསུམ་བཞི་ལས་ལྷག་པ་མི་ཡོང་ཞེས་གསུངས་པ་བཅས་ལ་ངོ་ཚོས་ཁུངས་བཅོལ་ཏེ་ཕྱོགས་བསྡོམས་ཤིག་བྱས་ཚེ།སྔོན་གྱི་གླེགས་བམ་ཚད་གཞི་ཅི་ཞིག་ཡིན་པ་གསལ་པོ་ཞིག་ཤེས་ཐུབ་པ་སྟེ།སྔོན་གྱི་གླེགས་བམ་ཡིན་ན་དེ་དག་གི་དཀྱུས་སུ་གཡའ་སེལ་དུ་གསུང་པ་ལྟར་སོར་མོ་བཅུ་གཉིས་ནས་བཅུ་དྲུག་དང་ཞེང་ཚད་དུ་དགེ་འདུན་ཆོས་འཕེལ་གྱིས་གསེར་ཐང་དུ་གསུང་པ་བཞིན་སོར་གསུམ་བཞི་ཡིན་ནོ་ཞེས་པའི་སྐད་ཆ་དེ་གཉིས་ལས་རང་རེ་བོད་ཀྱི་ཆེས་ཐོག་མའི་གསུང་རབ་གླེགས་བམ་གྱི་ཆེ་ཆུང་དེ་ཡང་དཀྱུས་སུ་སོར་མོ་བཅུ་གཉིས་ནས་བཅུ་དྲུག(29cm)དང་ཞེང་དུ་སོར་གསུམ་བཞི་ཙམ(7cm)ལོན་པའི་རྒྱ་དཔེ་ལྟ་བུ་ཞིག་ཡིན་ངེས་ལེགས།དེ་ལྟར་བརྗོད་དགོས་དོན་ནི་བོད་ཀྱི་གནའ་དཔེའི་དཔེ་གཟུགས་གླེགས་བམ་གཟུགས་དེ་རྒྱ་གར་གི་དཔེ་གཟུགས་གླེགས་བམ་ལ་མ་དཔེ་བྱས་ནས་བཞེངས་པའི་དབང་གིས་ད་ལྟ་ཡང་གླེགས་བམ་ཐ་སྙད་དུ་རྒྱ་སྐད་ཀྱི་པུ་སྟི་ཀ་ཞེས་སྨྲས་པས་ཀྱང་དོན་གོ དེ་རྗེས་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་དཔེ་གཟུགས་དེ་ཡང་བསྟན་པ་སྔ་དར་ལས་བསྟན་པ་ཕྱི་དར་གྱི་དུས་སུ་ལྟོས་འཇོག་དབང་གིས་འཕེལ་རྒྱས་སུ་ཕྱིན་ཡོད་པ་སྔོན་བོད་ཀྱི་གནའ་དཔེའི་ཐ་སྙད་ཀྱིས་ཀྱང་གསལ་བཤད་ཐུབ་པ་སྟེ།ལག་ངར་ཙམ་དང་དཔེ་ཐུང་ཁྲུ་ཚད་མ་ཞེས་འབོད་སྲོལ་བྱུང་ཡོད་བསྟན་པ་ཕྱི་དར་ནས་འགོ་བརྩམས་ཏེ་དུས་རབས་རིམ་པར་འབྲི་བཞེངས་གནང་བའི་གླེགས་བམ་ནི་སྔོན་གྱི་དཔེ་གཟུགས་དེ་ལས་རིམ་བཞིན་ཆེ་རུ་སོང་བ་སྟེ་མདའ་ཚད་མ་དང་རྭ་ལུང་གི་འབུམ་ཤོག་མོ་ཆེ།དགའ་ལྡན་ཕུན་ཚོགས་གླིང་གི་དྲེལ་རྒྱབ་མ།དུས་རབས13སྐབས་འགྲོ་མགོན་འཕགས་པས་ས་སྐྱའི་གཙུག་ལག་ཁང་གི་གསུང་རྟེན་དུ་བཞེངས་པའི་གླེགས་བམ་ལྕགས་ལུང་མ་སྟེ་རིང་ཚད་ལ་རྨིད1.34དང་ཞེང་ཚད་ལ་རྨིད1.09སོགས་ལས་བོད་ཀྱི་གླེགས་བམ་གྱི་ཐ་སྙད་མི་འདྲ་བ་དེ་དག་ལས་ཤུགས་ལ་རྟོགས་ཐུབ་བོ།།

3 ལྟེབས་མགོ་མ།

དཔེ་གཟུགས་ལྟེབས་མགོ་མ་དེ་ནི་བོད་ཀྱི་གསུང་རབ་ཀྱི་ངོས་ནས་བརྗོད་ན་ཅུང་ཟད་མཐོང་དཀོན་པའི་དཔེ་གཟུགས་ཀྱི་རྣམ་པ་ཞིག་ཡིན་རུང་རྩ་བ་ནས་མཇལ་དུ་མེད་པ་ཞིག་མ་ཡིན་ལ་ད་ལྟ་མཇལ་ཐུབ་པའི་དཔེ་གཟུགས་ཞིག་ཀྱང་ཡིན།མངའ་རིས་མཐོ་ལྡིང་དགོན་དུ་བཞུགས་པའི་དུས་རབས12པའི་བྲིས་མ་གུ་གེའི་རྒྱལ་རབས་ཟླ་རིགས་མ་དང་འོན་ཀེ་རུར་བཞུགས་པའི་དུས་རབས14-15པའི་བོད་ཀྱི་གསོ་རིག་སྐོར་དང་ནག་ཆུའི་འབྲོང་ངུར་དགོན་གྱི་བོན་གྱི་ཆོ་ག་ཕྱག་ལེན།ནོར་གླིང་གྲུ་འཛིན་ཕོ་བྲང་དུ་བཞུགས་པའི་མཁས་གྲུབ་དུ་མའི་གསུང་འབུམ་རྣམས་ཀྱི་གླེགས་བམ་སོ་སོར་ཆོས་ཚན་ཇི་བཞུགས་དཀར་ཆག་ནོར་བུའི་དོ་ཤལ་བཞུགས་སོ་ཞེས་པ་སྟག་བྲག་པཎྡི་ཏ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གྱིས་བསྡུ་སྒྲིག་མཛད་པ་སོགས་བརྗོད་དོན་མི་འདྲ་བའི་གནའ་དཔེ་དེ་དག་གི་དཔེ་གཟུགས་ནི་ལྟེབས་མགོ་མའི་གཟུགས་སུ་འདུག བོད་ལ་དཔེ་གཟུགས་ལྟེབས་མགོ་མ་དེ་དར་ནས་ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ནི་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་སྐོར་དང་མངའ་རིས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་བཞུགས་པའི་གུ་གེའི་རྒྱལ་རབས་ཟླ་རིགས་མ་སོགས་དཔེ་རྙིང་དེ་དག་གི་རྩོམ་པ་པོའི་མཚན་ནམ་ཡི་གེ་པ་སུ་ཡིན་རེ་ཞིག་ཁ་ཚོན་གཅོད་དཀའ་ཡང་ནང་དོན་དང་བརྡ་དག་ཐ་སྙད་དང་བྲིས་གཟུགས་བཅས་ལ་དཔྱད་ཚེ།ཡིག་རྙིང་དེ་དག་ནི་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས11སམ་དེའི་སྔོན་དུ་བྱུང་བའི་ཡིག་གཟུགས་སུ་འདུག གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ཞེས་པར་དགའ་ཐང་འབུམ་པ་ཆེའི་གནའ་དཔེ་ཉུང་ཤས་ཤིག་ནི་སྤུ་རྒྱལ་བཙན་པོའི་དུས་ཀྱི་ཡིག་རྙིང་ཡིན་པར་སྣང་།ལྷག་དོན་གནའ་ཡིག་དེ་རིགས་ཁྲོད་ཀྱི་བོན་དཔེའི་བརྗོད་དོན་གཙོ་བོ་ནི་ལོ་ངོ་ཆིག་སྟོང་གི་བོན་གྱི་ཤེས་རིག་སྐོར་ཡིན་པ་དང་།རྗོད་བྱེད་ཀྱི་ཚིག་ནི་ཏུང་ཧོང་གི་གཏེར་ཡིག་གི་ཁྱད་ཆོས་དང་འདྲ་མཚུངས་སུ་ཡོད་ལ་བྲིས་གཟུགས་ཀྱང་རྙིང་ཉམས་ལྡན་པ་ཞིག་འདུག་པས་ཧ་ལམ་སྤུ་རྒྱལ་བཙན་པོའི་དུས་སྨད་དུ་བྱུང་བའི་བོན་གྱི་དཔེ་རྙིང་ཡིན་པར་འདུག་ཅེས་གསུངས་པ་ལྟར་ན་ལྟེབས་མགོ་མའི་དཔེ་གཟུགས་དེ་ཡང་བོད་ལ་བྱུང་ནས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང་ལྟེབས་མགོ་མ་དེ་གཙོ་བོ་རྒྱུན་དུ་བསྣམས་བདེ་བ་དང་སྤྱོད་གོ་ཆེ་བའི་དཔེ་གཟུགས་ཤིག་ཡིན་གཤིས་དེའི་སྟེང་དུ་གཙོ་བོ་ཆོ་ག་ཕྱག་ལེན་དང་འདོན་ཆ།དཀར་ཆག་དང་ལོ་རྒྱུས།སྐར་རྩིས་སོགས་རྒྱུན་སྤྱོད་ཆེ་བའི་ནང་དོན་དག་བྲིས་པར་སེམས་སོ།

4 ལྟེབས་འགྲིག་མ།

ལྟེབས་འགྲིག་མའི་དཔེ་གཟུགས་དེ་མང་ཆེ་བ་ཞིག་ནི་སྔོན་གྱི་བཀའ་ཤོག་དང་འཕྲིན་ཡིག་གི་སྟེང་དུ་རྒྱུན་དུ་སྤྱོད་པའི་དཔེ་གཟུགས་ཀྱི་རྣམ་པ་ཞིག་ཡིན།དེའི་དྲིལ་སྟངས་ཀྱི་ཐད་ལ་དུས་རབས20པར་བྱོན་པའི་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་ལྟེབས་ལུགས་ལ་ཞེ་ས་ཐོབ་པ་རྣམས་ལ་སྨད་ནས་ཡར་དྲིལ།དེ་ཡང་ཉིས་ལྟེབ་ཆེན་པོ་མེད་པ་སྣེ་ནས་དྲིལ།དེ་མིན་ལ་ཡི་གེའི་མཇུག་ནས་ཡར་ཕྱེད་དུ་དྲིལ།བཀའ་ཤོག་ལ་མཇུག་གི་ལྡེབ་རེ་གཉིས་པར་ཉིས་ལྟེབ་བྱ།ཞེ་ས་ཅི་ཙམ་ཆེ་བ་དེ་ཙམ་ཤོག་དྲིལ་ལྟེབས་ཆུང་།བཀའ་ཤོག་ལྟ་བུ་ལ་ལྟེབས་ཞེང་ཆེ་ཞེས་གསུང་པ་ལས་གནའ་དཔེ་ལྟེབས་འགྲིག་དེའང་རང་གི་འདོད་པ་གཞིར་བཟུང་ནས་དྲིལ་བ་ཞིག་མ་ཡིན་པར་བཀའ་ཤོག་བསྐུར་ཡུལ་གྱི་གནས་དང་ཐོབ་ཐང་སོགས་ལ་གཞིགས་ནས་ལྟེབས་ལུགས་འཐུས་སྒོ་ཚང་པོ་ཡོད་པ་དུས་རབས20པའི་སྔོན་ནས་ཡོད་པ་དེ་ཤེས།དེ་ཕུད་པའི་ད་དུང་ཆོས་གཞུང་བཀའ་བསྟན་ལྟར་ན་པོད་བརྒྱ་དང་གཉིས་ཀྱི་རང་བཞིན་ཅན་དེ་ཡང་།པོད་སོ་སོ་ལྟེབས་འགྲིག་མའི་རྣམ་པའི་གཟུགས་སུ་ཡོད་པ་སྟེ་ད་ལྟ་རང་རེ་རྣམས་ཀྱིས་མཇལ་ཡུལ་དུ་མཆིས་པ་དཔལ་ལྡན་འབྲས་སྤུངས་དགོན་པ་དང་ཆབ་མདོ་ས་ཁུལ་འགྲོ་འདྲེན་དགོན་དུ་བཞུགས་པའི་ལི་ཐང་བཀའ་འགྱུར་དེ་དཔེ་གཟུགས་ལྟེབས་འགྲིག་མའི་གཟུགས་སུ་འདུག དེ་ལ་རྒན་རབས་པ་རྣམས་ཀྱིས་བཀའ་འགྱུར་ཤོག་གཅིག་མ་ཞེས་ཀྱང་བརྗོད་གནང་གི་འདུག བཀའ་འགྱུར་ཤོག་གཅིག་མ་དེ་ནི་ལི་ཐང་དཔར་མ་ཡིན་གཤིས་བཀའ་འགྱུར་དེ་ནི་ཀརྨ་པ་ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་རྗེ་དབང་ཕྱུག་གིས(1585-1635)གཙོ་སྐྱོང་གནང་ཏེ་འཇང་ས་ཐམ་རྒྱལ་པོས་སྦྱིན་བདག་མཛད་དེ་ཚལ་པའི་བཀའ་འགྱུར་ལ་མ་དཔེ་བཅོལ་ནས་དཔར་དུ་བཏབ་པ་ཞིག་ཡིན།བཀའ་འགྱུར་དེ་དཔེ་གཟུགས་ལྟེབས་འགྲིག་མའམ་ཤོག་གཅིག་མའི་རྣམ་པ་ཞིག་ཡིན་ཙང་ལྡེབ་གྲངས་གོང་འོག་མི་འཁྲུག་པའི་ཁྱད་ཆོས་དང་པོད་སོ་སོར་སྒྲིལ་ཆས་གོས་ཆེན་འབྲུག་རིས་ཀྱིས་བརྒྱན་པའི་དཔེ་ཁུག་སོགས་བསྒྲོན་འདུག

5 ལྟེབས་ཟུར་མ།

ལྟེབས་ཟུར་མ་ནི་སྔོན་གྱི་ལྟེབས་མགོ་མ་དང་མི་འདྲ་བར་གཙོ་བོ་གནའ་དཔེ་དེའི་གཡས་ཟུར་ནས་རྒྱུན་བུ་དང་འགྲེང་བུ་སོགས་ཀྱི་བཙེམས་ཏེ་ཕྱོགས་གཅིག་ཏུ་བསྡེབ་པ་དེ་ལ་ཟེར།ལྟེབས་ཟུར་མར་ཡང་སྔོན་གྱི་ཤོག་དྲིལ་མ་དང་འདྲ་བའི་ལོ་རྒྱུས་ཡོད་པ་སྟེ་སྤྱི་ལོ2006ལོར་བོད་ལྗོངས་མཚོ་སྨད་རྫོང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་དཔེ་ཉུང་ཤས་ཤིག་སྟེ་གནག་རབས་ཞེས་བྱ་བ་དང་རྣེལ་དྲྀ་འདུལ་པའི་ཐབས།ཤ་རུ་ཤུལ་སྟོན་གྱི་རབས།སྨན་དཔྱད་སྐོར་བཅས་ཡིན།དེ་དག་ཚང་མ་དཔེ་གཟུགས་ལྟེབས་ཟུར་མར་སྒྲུབ་པ་ཤ་སྟག་རེད་འདུག སྤྱི་ལོ2011ལོར་མངའ་རིས་སུ་གནའ་དཔེ་ཡོངས་བཤེར་ལ་འགྲོ་དུས་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་མཆོད་རྟེན་ནས་ཐོན་པའི་དུས་རབས11-12པའི་གསུང་རབ་བྲིས་མ་ཇི་སྙེད་ཅིག་འདུག དེ་དག་གི་ཁྲོད་ནས་ནང་དོན་ཆོ་ག་ཕྱག་ལེན་ཡིན་པ་མི་ཉུང་ཞིག་གི་དཔེ་གཟུགས་ནི་ལྟེབས་ཟུར་མར་བསྡེབས་པ་ཞིག་རེད་འདུག  ལྟེབས་ཟུར་མ་དེ་ནི་སྔོན་དུ་བརྗོད་པའི་ལྟེབས་མགོ་མ་ལྟ་བུའི་ཤོག་རྒྱ་ཆེན་པོ་མེད་པར་ལྟེབས་ཟུར་མའི་ཤོག་རྒྱ་ནི་ལག་ངར་ལས་ཅུང་ཟད་ཅིག་ཆེ་བར་འདུག ལྟེབས་མགོ་མ་དང་ལྟེབས་ཟུར་མ་དེ་གཉིས་སྔོན་གྱི་དུས་སུ་ལྡེབ་གྲངས་འགོད་པའི་སྲོལ་དེ་མེད་པར་སྣང་།གང་ཡིན་ཟེར་ན་དཔེ་གཟུགས་དེ་གཉིས་མགོ་དང་ཟུར་ནས་རྒྱུན་བུ་བརྒྱུས་ཏེ་གཞི་གཅིག་ཏུ་བསྡེབས་པའི་རྐྱེན་གྱིས་ཡིན།དཔེ་གཟུགས་དེ་གཉིས་ལ་ནང་དོན་ཕན་ཚུན་མི་འཁྲུགས་པར་བདག་གཉེར་བྱེད་བདེ་བའི་དགེ་མཚན་ཆེན་པོ་ཞིག་ལྡན་ཡོད།མདོར་ན་གནའ་དཔེའི་དཔེ་གཟུགས་ཀྱི་སྐོར་ལ་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་མཇུག་བསྡོམས་ཞུས་ན།རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་བྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད།ཡི་གེ་ནམ་ཡང་ཆུད་མི་ཟ།སིངྒ་ལར་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡི་འདུག གཞན་ཡུལ་དབུས་དང་བལ་ཡུལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང་།སྤྱིར་དེབ་ལྡེབ་མ་རིང་པོ་བྲི་བའི་སྲོལ་འདི་དང་པོ་ཏ་ལའི་ལོ་མར་བྲིས་པ་ལ་བརྟེན་ཏེ་རྒྱ་གར་དང་བོད་ཡུལ་སོགས་ལ་དར་བར་འདུག་ཅིང་།རྒྱ་གར་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར།གཞན་སྔོན་རང་རེ་རྣམས་ཀྱི་ཁྲིམས་ཡིག་སོགས་ཤོག་དྲིལ་ལ་ཡོད་དམ་སྙམ་ཞིང་།དེབ་བྱེད་པའི་སྲོལ་ནི་དང་པོ་རྒྱ་ནག་དང་།དེ་ནས་ཏ་ཟིག་སོགས་སུ་གནའ་དུས་ཤིག་ནས་དར་བར་ཡིན་མོད།རང་རེ་ལ་སྲོལ་ཡེ་མ་བྱུང་།དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ།།ཞེས་པས་དཔེ་གཟུགས་ཀྱི་རྣམ་པ་མི་འདྲ་བ་བོད་ལ་ཡུལ་ལུང་གང་ནས་དར་ཡོད་མེད་ཀྱི་སྐོར་ལ་གནད་བརྒྱ་ཚིག་གཅིག་གིས་འཆུན་པ་ལྟ་བུ་ཞིག་གསུངས་འདུག་གོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-14

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།