འཕྲུལ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲུལ་ཡིག
འཕྲུལ་ཡིག་ཅེས་པ་ནི་བརྡ་ཡིག་དང་གཏེར་ཡིག་ལྟ་བུ་གསང་བར་སྤྱོད་པའི་ཡིག་གཟུགས་ཤིག་ལ་ཟེར།
1 ​འཕྲུལ་ཞེས་པའི་གོ་དོན།

འཕྲུལ་འདི་མཐོ་བོད་བཙན་པའི་རྒྱལ་རབས་སུ་བྱུང་བའི་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ལ་གཞན་གྱི་དོ་ཟླ་བྲལ་བའི་ལེགས་སྐྱེས་དང་ཕན་ནུས་འདོན་ཐུབ་པའི་མིའི་རིག་གནས་ཀྱི་གཞི་འདུས་ཆེ་བའི་བྱ་དངོས་སོགས་གང་རུང་ལ་རང་རང་གི་བབ་དང་བསྟུན་ཏེ་དེའི་ཁྱད་བསྟོད་དུ་སྦྱར་བ་ཞིག་རེད་འདུག  དཔེར་ན། འཕྲུལ་གྱི་ལྷ་བཙན་པོ་དང་འཕྲུལ་བློན་མཛངས་མི་བདུན། ར་ས་འཕྲུལ་སྣང་དང་བང་སོ་རྒྱལ་ཆེན་འཕྲུལ། འཕྲུལ་ཡིག་སོགས་འཕྲུལ་གྱིས་ཆེ་བསྟོད་མཛད་པ་མང་པོ་ཞིག་འདུག  དེ་ན་འཕྲུལ་ཞེས་པའི་ཚིག་འདིར་དམིགས་སུ་བཀར་ནས་དོན་འདི་འདྲ་ཞིག་གོ་དགོས་ཞེས་སྨྲ་བའི་འབབ་སྟེགས་བསྒྱུར་དཀའ་ཡང་། ཚིག་དེ་སྦྱར་སའི་ཚིག་གྲོགས་དང་སྐད་ཆའི་འགྲོས་དང་བསྟུན་ཏེ་གོ་བ་ལེན་དགོས་པ་ཞིག་སྟེ་དཔེར་ན་རྗེ་བློན་འཕྲུལ་ནི་འཕྲུལ་གྱི་རྗེ་བློན་རེ་སྤྲུལ་བའི་རྒྱལ་བློན་བྱ་བ་དང་དོན་གཅིག  འཕྲུལ་ཡིག་ཅེས་པ་ལྟ་བུ་ནི་རིག་འཕྲུལ་དྲན་སྐྱེན་གྱི་བློན་པོ་དང་འཕྲུལ་ཡིག་ཅེས་པ་ནི་བརྡ་ཡིག་དང་གཏེར་ཡིག་ལྟ་བུ་གསང་བར་སྤྱོད་པའི་ཡིག་གཟུགས་ཤིག་ལ་ཟེར་ཞེས་པས་འཕྲུལ་གྱི་གོ་དོན་ཡང་ཤེས་སོ།།

2 འཕྲུལ་ཞེས་པའི་བྱུང་བ།

འཕྲུལ་ཞེས་པའི་ཚིག་དེ་ནི་བོད་ཡིག་དཔེ་རྙིང་གི་ཡིག་གཟུགས་དང་མཐོ་བོད་བཙན་པོ་དང་བློན་པོ། རིག་གནས་ཀྱི་གཞི་འདུས་ཆེ་བའི་ལྟེ་གནས་གཙུག་ལག་ཁང་སོགས་ཀྱི་མཚན་བསྟོད་དུ་འཕྲུལ་ཞེས་པ་འདི་འདྲི་བའི་སྲོལ་དེ་དུས་རབས8པའི་སྐབས་ནས་ཡོད་པ་ཞིག་ཡིན་སྟེ། མཐོ་བོད་བཙན་པོའི་སྐུ་རིང་ལ་བཙུགས་པའི་རྡོ་རིང་ཁག་སྟེ། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་ཡི་གེར་འཕྲུལ་གྱི་ལྷ་བཙན་པོ་ཡབ་བྱིན་དུ་ཆེའོ། ཞྭ་ལྷ་ཁང་གི་རྡོ་རིང་དུ། གནམ་ལྷབ་ཀྱྀ་རྒྱལ་པོ། འཕྲུལ་གྱི་ལྷ་བཙན་པོ་ཁྲྀ་ལྡེ་བརྩན་གྱི། དཀས། རྒྱལ་སྡེ་སྐར་ཆུང་གི་རྡོ་རིང་དུ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ། འཕྱོངས་རྒྱས་རྡོ་རིང་དུ་བཙན་པོ་ལྷ་སྲས། ཁྲྀ་ལྡེ་སྲོང་བརྩན། ལྷ་འཕྲུལ་གྱི་ཞ་སྔ་ནས། བང་སོ་རྒྱལ་ཆེན་འཕྲུལ་ཞེས་མཚན་པ་འདྀ་ལགས་སོ།། སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང་དུ། ཁྲྀ་གཙུག་ལྡེ་བརྩན་འཕྲུལ་གྱི་བཀའ་དྲྀན། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་དུ། བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་དང་། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ། འཕྲུལ་གྱི་ལྩ་བཙན་པོ་འོ་སྡེ་སྤུ་རྒྱལ།ཞེས་པ་སོགས་སྔོན་དུ་བཀོད་པའི་རྡོ་རིང་དེ་དག་ནི་ནང་དོན་ལ་བསམས་གཞིགས་ཤིག་བྱས་ཚེ། རྡོ་རིང་དེ་དག་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། (755-797)ཁྲི་ལྡེ་སྲོང་བཙན། (797-804)ཁྲི་གཙུག་ལྡེ་བཙན(815-838)བཅས་ཀྱི་སྐུ་དུས་བཙུགས་པའི་རྡོ་རིང་ཤ་སྟག་ཡིན་པ་རྒྱལ་ཕྱིའི་བོད་རིག་པ་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ཡིན་གཤིས། རྡོ་རིང་དེ་དག་གི་འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཞེས་པ་དང་ཏུན་ཧོང་ཡིག་ཆpt1085ཕོ་བྲང་ལྷན་དཀར་ནས། ་་་་་་རྗེ་བློན་འཕྲུལ་གྱི་བཀའ་དྲིན་ཞེས་སོགས་བྱུང་བ་ལས། འཕྲུལ་གྱི་མཚན་བསྟོད་དེ་ནི་རྒྱལ་སྤྱིའི་བོད་རིག་པ་མཁས་པའི་གསུངས་སྒྲོས་ལྟར་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་འགོ་འཚུགས་པ་ཞིག་ཡིན་པ་རྡོ་རིང་གི་ཡི་གེ་དང་ཏུན་ཧོང་གི་ཡིག་རྙིང་ལས་གསལ་བཤད་ཐུབ་ལ།  ད་དུང་དུས་རབས13པར་འབྲི་བཤུས་བགྱིས་པའི་དཀར་ཆག་འཕང་ཐང་མའི་ཞབས་ཤོག་ཏུ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་དབང་དུས་རབས12པར་འབྲི་བཞེངས་བྱས་པའི་གུ་གེའི་ལོ་རྒྱུས་རྒྱལ་རབས་ཟླ་རིགས་མར། སླད་མ་མྱེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དམ་པའི་ཆོས་ཀྱི་སྲོལ་གཏོད་དེ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་སུ་གསོལ། མདོ་སྡེ་དཀོན་མཆོག་སྤྲིན་མཆོད་གནས་སུ་མཛད། ལྷ་ཤཱཀྱ་མུ་ནེ་སྤྱན་དྲངས། མཐོན་མྱིན་སམ་པོ་རེ་དང་རྗེ་འབངས་ཀྱིས་ཡི་གེའི་དངོས་གྲུབ(རྙེད་སྟེ)འཕྲུལ་གྱི་ཡི་གེའི་ཁུངས་བཏོན། ཞེས་པ་དང་ལྷག་དོན་དུ་དུས་རབས12པར་འབྲི་བཤུས་བགྱིས་པའི་ཆོས་འབྱུང་གི་ཡི་གེ་ཞིབ་མོར་ཡང་མེས་སྲོང་བཙན་རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་པར་འདུག  དེའི་རྗེས་ལ་རྒྱལ་པོ་འཕྲུལ་མངའ་བ་ཡང་བྱོན་ཞེས་པ་སོགས་གནད་དུ་འཕོག་པའི་གསུང་དག་ལས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་བཟང་ངོ་མཚར་གྱི་བྱེད་ནུས་ལྡན་པའི་མི་དང་དངོས་སོགས་ལ་འཕྲུལ་གྱིས་ཁྱད་པར་བསྟོད་བྱེད་པའི་སྲོལ་དེ་དར་བར་སེམས་སོ།།

3 འཕྲུལ་ཡིག་སྐོར།

འདིར་སྐབས་སུ་འབབ་པའི་དོན་ནི་གསུང་རབ་འབྲི་བཤུས་བགྱིས་པའི་ཡི་གེ་འཕྲུལ་ཡིག་གི་སྐོར་ཡིན་ཙ་ན། འཕྲུལ་གྱི་ཆེ་བསྟོད་བྱས་པའི་ཡི་གེ་ནི་གཉལ་གྱི་བྲག་ཡིག་དང་འཕན་པོའི་མལ་ཡིག སྙེ་མོའི་སྙེ་བྲིས་དང་ལྷ་རྒྱ་རིའི་ཨེ་བྲིས་བཅས་ཡོད་སྟབས་འདིར་དུས་རབས་མི་འདྲ་བའི་གསུང་རབ་བྲིས་མའི་མཇུག་བྱང་དང་བསྟུན་ཏེ་ཞུ་བར་སྤྲོ།

3_1 བྲག་ཡིག

སྔོན་གྱི་དུས་སུ་བྲག་ཡིག་ཅེས་པའི་ཐ་སྙད་ཅིག་ཡོད་པ་བདག་རང་ཉིད་ངོས་ནས་འཆད་ན་གོ་ཐོས་སུ་འགྱུར་མྱོང་མེད་རུང་། གནས་དཔེ་སྲུང་སྐྱོང་གི་ལས་ཀ་དེ་སྒྲུབ་པ་ནས་བཟུང་། བྲག་ཡིག་ཅེས་ཡོད་པ་མཐོང་ཐོས་སུ་འགྱུར་བ་མ་ཟད་ཐ་ན་བྲག་ཡིག་གིས་འབྲི་ཞུས་བགྱིས་པའི་གནའ་དཔེ་ཡང་མི་ཉུང་མ་ཞིག་མཇལ་བྱུང་བ་སྟེ། དུས་རབས11-12པའི་ནང་དུ་འབྲི་བཤུ་བྱས་པའི་ཤེར་ཕྱིན་གྱི་མཛད་བྱང་དུ།

༄།།ཀྱེ་བསྐལ་བ་བཟང་པོ་ལགས་། །དམྱལ་མོ་ཁྱད་དུ་འཕགས་། །ཤག་ཐུབ་ངོ་མཚར་ཆེ་།།ཡུལ་ཅིག་གཡུ་གཡུ་རུ་ལགས་། དམྱལ་མོ་ཁྱད་དུ་འཕགས་། མཚོ་དྲོ་ངོ་མཚར་ཆེ་།། ཡོན་བདག་བཞལ་པ་ལགས་།། གཡུང་སེང་ཁྱད་དུ་འཕགས་། །ནོར་རྫས་ངོ་མཚར་ཆེ་།། ཁྱེང་པོའི་ལྡབ་ཤོག་ངོ་མཚར་ཆེ་། དཀར་འཇམ་ཁྱད་དུ་འཕགས་།། ཡང་སྙོན་ངོ་མཚར་ཆེ་།། རྒྱ་ཡི་སྟོང་ཀུན་ལགས་།། ཁ་དོག་ཁྱད་དུ་འཕགས་།། ཡང་སྙོན་ངོ་མཚར་ཆེ་།། རྒྱ་ཡི་སྟོང་ཀུན་ལགས་།། ཁ་དོག་ཁྱད་དུ་འཕགས་།། གཡུ་ལོ་ངོ་མཚར་ཆེ་།། མཆོད་གནས་མཁས་རྒུ་ལགས་།། འཕྲུལ་ཆེན་ཁྱད་དུ་འཕགས་།། བྲག་ཡིག་ངོ་མཚར་ཆེ་།། བྱ་ཡི་ཇོ་བརྩོན་ལགས་།། ཇོ་གསས་ཁྱད་དུ་འཕགས་།། གཉེར་པ་ངོ་མཚར་ཆེ་།། གསུས་པ་སྟོན་པ་ལགས་།། སྐྱུས་མ་ཁྱད་དུ་འཕགས་།། པོ་ཏི་ངོ་མཚར་ཆེ་།། མཆོད་གནས་དྲི་འགར་ལགས་།། ལྷ་ཆོས་ཁྱད་དུ་འཕགས་།། གསེར་འབུམ་ངོ་མཚར་ཆེ་།། དཔོན་ཆེན་རྒེ་དྲོ་ལགས་།། འཕྲུལ་ཆེན་ཁྱད་དུ་འཕགས་། །བརྒ་ཡིག་ངོ་མཚར་ཆེ་།། མཆོད་གནས་ཇོ་གཙུག་ལགས་།། གཡོང་སྦྱོར་ཁྱད་དུ་འཕགས་། ཡིག་བརྩལ་ངོ་མཚར་ཆེ་།། ཚེག་པར་ལྔ་པ་ལགས་། །སྡེབ་ཕྱོགས་ཁྱད་དུ་འཕགས་།། ཚིག་ཤད་ངོ་མཚར་ཆེ་།། ཞེས་པ་ལྟ་བུ་དང་ཡང་།

༄།།ཀྱེ་བསྐལ་པ་བཟང་པོ་ལགས།། ལྷ་ཆོས་ཁྱད་དུ་འཕགས་།། ཤག་ཐུབ་ངོ་མཚར་ཆེ་།། ཡུལ་ཅིག་གཡུ་རུ་ལགས་།། དམྱལ་མོ་ཁྱད་དུ་འཕགས་།ཆོ་སྒྲོ་ངོ་མཚར་ཆེ་།། ཁྱེངཔའི་ལྡབ་ཤོག་ལགས་།། སྣག་ཚ་ཁྱད་དུ་འཕགས་།། གཡུ་ལོ་ངོ་མཚར་ཆེ་།།   དམྱལ་གྱི་མཁས་གདམས་ལགས་།། བྲག་ཡིག་ཁྱད་དུ་འཕགས་།། འཕྲུལ་ཆེན་ངོ་མཚར་ཆེ་།། ཡོན་དག་ཇོ་གཙུག་ལགས་།། གཏོང་ཕོད་ཁྱད་དུ་འཕགས་།། འཛས་གྲག་ངོ་མཚར་ཆེ། །གསུས་པ་སྟོན་ལགས་།།ཟླ་སྟོན་ཁྱད་དུ་འཕགས་།། དཀྱུས་མ་ངོ་མཚར་ཆེ་།། ཞེས་པ་སོགས་མཇལ་བྱུང་བས། དུས་རབས12པའི་ནང་དུ་འདྲི་བཞེངས་བྱས་པའི་གོང་གི་ཤེར་ཕྱིན་གྱི་མཛད་བྱང་ལ་དབྱེ་ཞིས་རགས་ཙམ་ཞིག་བྱས་ན། དེའི་ནང་གི་དམྱལ་མོ་ཁྱད་དུ་འཕགས། མཚོ་དྲོའམ་ཚོ་སྒྲི་ངོ་མཚར་ཆེ་ཞེས་བྱུང་བ་ལྟར་ན་དམྱལ་མོ་ཞེས་པ་ནི་ལྷོ་ཁ་གཉལ་སྨད་ལྷུན་རྩེ་ཁུལ་ལ་གཉལ་སྟོད་དང་གཉལ་སྨད་གཉིས་སུ་ཡོད་པའི་གཉལ་གྱི་འབྲི་སྲོལ་གཞན་གཞི་ཡིན། མཚོ་དྲོའམ་ཚོ་སྒྲོ་ཞེས་པ་ནི་རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ཡར་ཀླུངས་ཀྱི་སྨད་། མང་ཡུལ་ལྗོངས་ཀྱི་འདབས་སུ་བྱའི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གྱི་རིགས་ལས་མཆེད་པའི་བྱ་ཤ་ཀ་ལ་སྲས་རྡོ་རྗེ་ལེགས་པ་དང་རྡོ་རྗེ་དབང་ཕྱུག་གཉིས་བྱུང་བ་གཉལ་ཕྱོགས་སུ་བྱོན། རྒྱ་མཚོ་གྲོ་མཁར་བཏབ།  ཅེས་གསུངས་པ་ལས་མཚོ་གྲོ་དང་མཚོ་དོ་གཉིས་ཐ་སྙད་འབྲི་ཚུལ་མི་འདྲ་བ་ཙམ་ལས་དོན་གྱི་འབབ་ས་གྲོ་མཁར་ཆོས་སྡེ་ཡིན། གྲོ་མཁར་ཆོས་སྡེར་བཞུགས་པའི་ཤེར་ཕྱིན་ཆོས་རྒྱལ་བྱ་པའི་རྒྱུད་པ་བྱ་ཇོ་བརྩོན་དང་ཇོ་སྲས་གཉིས་ཀྱི་སྐུ་དུས་བཞེངས་པ་བྲིས་མ་དེ་གཉིས་ཀྱི་སྣག་ཤོག་དང་འབྲི་གཟུགས་ཁྱད་ཆོས་སྐོར་ལ། ཁྱེང་པོའི་ལྡབ་ཤོག་ངོ་མཚར་ཆེ་།། དཀར་འཇམ་ཁྱད་དུ་འཕགས་།། ཡང་སྙོན་ངོ་མཚར་ཆེ་། རྒྱ་ཡི་སྟོང་ཀུན་ལགས་།། ཁ་དོག་ཁྱད་དུ་འཕགས་།། གཡུ་ལོ་ངོ་མཚར་ཆེ་།།མཆོད་གནས་མཁས་རྒུ་ལགས་།། འཕྲུལ་ཆེན་ཁྱད་དུ་འཕགས་།། བྲག་ཡིག་ངོ་མཚར་ཆེ་། ཞེས་དང་ཡང་རྒྱ་ཡི་ཏོང་ཀུན་ལགས་།། སྣག་ཚ་ཁྱད་དུ་འཕགས་།། གཡུ་ལོ་ངོ་མཚར་ཆེ་། །ཞེས་བྱུང་བ་འདི་དག་ལ་བསྟས་ན། གནའ་དཔེ་འབྲི་བཞེངས་ཀྱི་ཤོག་བུ་ནི་ཡངས་ཤིང་མཉེན་པའོ་ཀོང་པོའི་ཤོག་བུ་དང་སྣག་མདོག་གཡུ་ལོ་ཅན་གྱི་རྒྱ་ནག་གི་སྣག་ཚ་བེད་སྤྱོད་བཏང་སྟེ་ཡིག་མཁན་གཞལ་གྱི་མཁས་དམ་གྱིས་གཉལ་ཁུལ་དུ་རུས་རབས11-12པའི་ནང་དུ་དར་ཁྱབ་ཆེ་བའི་གཟུགས་བྲག་ཡིག་ལས་འབྲི་སྐབས་དེའི་ཆེ་བསྟོད་དུ་འཕྲུལ་ཡིག་ངོ་མཚར་ཆེ་ཞེས་བཀོད་འདུག  བྲག་ཡིག་དེ་དུས་རབས12པའི་ནང་དུ་ལྷོ་ཁའི་ཡར་ཀླུང་སྟོད་སྨད་དུ་དར་ཁྱབ་ཆེ་བའི་ཡིག་གཟུགས་ཤིག་ཡིན་སྟབས། འོན་ཀེ་རུའི་མངའ་བདག་མགོན་ནེའི་ཐུགས་དམ་མདོ་མངས་སྨོན་དེའང་བྲག་ཡིག་གིས་འབྲི་བཤུས་བགྱིས་པ་ཞིག་ཡིན་པ་ནི། མདོ་མངས་མཐོང་སྨོན་དེའི་མཛད་བྱང་གི་ཚིགས་ཉམས་དང་སྒྲིག་གཞི་སོགས་གོང་གི་མཛད་བྱང་གཉིས་དང་གའུ་ཁ་རང་འགྲིག་ཏུ་སོང་བ་ལྟ་བུ་ཞིག་འདུག་ལ་ལྷག་དོན་དུ་དེ་འབྲི་བཤུས་ཀྱི་ཡིག་མཁན་གཡོར་པོ་པོའི་མཁས་དམ་ལགས་ཞེས་པ་ཡིག་མཁན་གཅིག་གིས་མཚན་བྱུང་བ་ལས་མངའ་བདག་མགོན་ནེའུ་ཐུགས་དམ་མདོ་མཐོང་སྨོན་དེའི་མཛད་བྱང་གི་ཚིགས་ཉམས་དང་སྒྲིག་གཞི་སོགས་གོང་གི་མཛད་བྱང་གཉིས་དང་གའུ་ཁ་རང་འགྲིག་ཏུ་སོང་བ་ལྷ་བུ་ཞིག་འདུག་ལ་ལྷག་ཡོད་དུ་དེ་འབྲི་བཤུས་ཀྱི་ཡིག་མཁན་གཡོར་པོའི་མཁས་དམ་ལགས་ཞེས་པ་ཡིག་མཁན་གཅིག་གིས་མཚན་བྱུང་བ་ལས་མངའ་བདག་མགོན་ནེའི་ཐུགས་དམ་མདོ་མངས་མཐོང་སྨོན་དེའི་འབྲི་གཟུགས་ཀྱང་བྲག་ཡིན་པ་རྟོགས། དེས་ན་བོད་ཡིག་གི་འབྲི་གཟུགས་ལ་འཕྲུལ་ཞེས་པའི་དམིགས་བསལ་གྱི་ཚིག་དེས་ཆེ་བསྟོད་བགྱིས་པའི་དུས་ཚོད་ནི་དུས་རབས་་8པའི་སྐབས་ནས་ཡོད་པ་ཞིག་ཡིན་པ་ནི། དུས་རབས11པའི་ནང་དུ་འབྲི་བཞེངས་གནང་བའི་གུ་གེའི་ལོ་རྒྱུས་རྒྱལ་རབས་ཟླ་རིགས་མར་སླད་ན་མྱེས་སྲོང་རྩན་སྒམ་པོའི་སྐུ་རིང་། དམ་པའི་ཆོས་ཀྱི་སྲོལ་གཏོད་དེ་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་སུ་གསོལ་། མདོ་སྡེ་དཀོན་མཆོག་སྤྲིན་མཆོད་གནས་སུ་མཛད། ལྷ་ཤག་ཀྱ་མུ་ནེ་སྤྱན་དྲངས་། མཐོན་མྱིན་སམ་པོ་རེ་དང་རྗེ་འབངས་ཀྱིས་ཡི་གེའི་དངོས་གྲུབ(རྙེད་སྟེ)འཕྲུལ་གྱི་ཡི་གེའི་ཁུངས་བཏོན། ཞེས་པས་བོད་ཡིག་གི་གཟུགས་ཐད་ལ་འཕྲུལ་གྱིས་ཆེ་བ་བསྟོད་བྱེད་པའི་སྲོལ་དེ་ཡང་བོད་བཙན་པོའི་མཚན་བསྟོད་དང་འདྲ་དར་དུས་རབས་8པའི་སྐབས་ནས་ཡོད་པ་ཞིག་ཡིན། དེར་བརྟེན་དུས་རབས12པའི་གཉལ་གྱི་བྲག་ཡིག་དེར་ཡིག་གཟུགས་ཀྱི་ཐད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཙ་ན། བོད་བཙན་པོ་དང་བློན་པའི་མཚན་བསྟོད་ཇི་བཞིན་འཕྲུལ་ཞེས་པ་དེས་ཆེ་བསྟོད་བགྱིས་པར་སེམས།

3_2 མལ་ལུགས།

སྔོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཕན་པོ་རིག་པའི་འབྱུང་གནས་ཞེས་བསྟོད་ཚིག་མི་ཉུང་བ་ཞིག་ཕུལ་ཡོད་པ་ནི། བོད་ཀྱི་རིག་གནས་ལ་མཉམ་འཇོག་གནང་མཁན་གྱི་སྐྱེ་བོ་མི་ཉུང་བ་ཞིག་གི་སྙན་ལམ་དུ་གོ་ཐོས་བྱུང་མྱོང་ཡོད་མོད། འོན་ཏེ་འཕན་པོའི་ཡུལ་དེར་ཡང་གྲགས་ཆེ་བའི་ཡུལ་ལུང་གཞན་དང་འདྲ་བའི་ཡི་གེའི་འབྲི་གཟུགས་དམིགས་བསམ་ཅན་ཞིག་ཡོད་པ་དེ་སྔ་བོས་གོ་ཐོས་མ་བྱུང་རུང་། ལོ་ངོ་བཞི་ཙམ་རིང་བོད་ཡིག་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་པའི་ནང་དུ་འཕན་ཡུལ་དུ་མལ་ཡིག་གི་སྐོར་དེ་དུས་རབས12-13ནང་དུ་འབྲི་བཞེངས་བགྱིས་པའི་ཤེར་ཕྱིན་བརྒྱད་སྟོང་བྲིས་མའི་མཛད་བྱང་ལས་ཞུས་ན།

༄།། ཀྱེ་གསུས་པ་ཀའི་རིགས།། ཕ་རོལ་ཕྱིན་པ་ལགས།། བརྒྱད་སྟོང་ངོ་མཚར་ཆེ།། ཡུན་དུ་གནས་པར་ཤོག།།

༄།། ཀྱེ་བཅོམ་ལྡན་ཤག་ཐུབ་རིགས།། གནས་བརྟན་དར་གཡུང་ལགས།། ཐུགས་དམ་ངོ་མཚེ་ཆེ།། ཀུན་གྱི་གྲུབ་པར་ཤོག།།

༄།། ཀྱེ་ཁྱབ་འཇུག་ལྷ་ཡི་རིགས།། མལ་རྩགས་གཉིས་པོ་ལགས།། འཕྲུལ་ཆེན་ངོ་མཚར་ཆེ།། ཀུན་གྱིས་ཞུ་བར་ཤོག།།

༄།། ཀྱེ་མགོན་མེད་ཟས་བཞིན་རིགས།། ཉེ་རོགས་འཁོར་བཅས་ལགས།། ཟ་མ་བཟང་པོ་ངོ་མཚར་ཆེ།། བྱང་ཆུབ་ཐོབ་པར་ཤོག།། ཅེས་པའི་ནང་གི་ཡིག་མཁན་མལ་རྩགས་གཉིས་པོ་ལགས། འཕྲུལ་ཆེན་ངོ་མཚར་ཆེ་ཞེས་བྱུང་བ་ལ་བལྟས་ན། ལམ་དང་རྩགས་གཉིས་ནི་དུས་རབས13པའི་དུས་འགོར་བྱོན་པའི་ཁྱད་དུ་འཕགས་པའི་ཡིག་མཁན་ཞིག་ཡིན་པར་སྣང་། གང་ཡིན་ཟེར་ན། བོད་ཡིག་གནའ་དཔེ་བྲིས་མ་དེའི་གཟུགས་དང་ཚེག་ཤད་ཀྱི་རྒྱག་སྟངས། སྐད་ཆའི་འགྲོས་དང་ཤོག་རྒྱ་སོགས་ལ་བལྟས་ན་དུས་རབས12-13ནང་གི་གནའ་དཔེའི་མཛད་བྱང་ཆེས་མི་ཉུང་བ་ཞིག་མཇལ་བའི་སྐལ་བ་བཟང་པོ་ཐོབ་ཀྱང་། དེ་དག་ཁྲོད་དུ་ཡིག་མཁན་རྩགས་ཀྱིས་འབྲི་བཞེངས་བགྱིས་པའི་གནའ་དཔེ་གོང་དུ་བརྗོད་པ་དེ་ཕུད་པའི་ད་བར་གཞན་མ་ཞལ་རུང་། ཡིག་མཁན་མལ་གྱི་རྒྱུད་པས་འབྲི་བཞེངས་བགྱིས་པའི་གནའ་དཔེ་ལྷ་ས་དང་གཞིས་རྩེ། ཆབ་མདོ་དང་ནག་ཆུ་སོགས་སུ་བཞུགས་པ་འགའ་ཤས་འདུག  དཔེར་ན་རྒྱ་མ་ཁྲི་སྒང་རབ་རྒྱས་གླིང་དུ་བཞུགས་པའི་གསེར་བྲིས་ཤེར་ཕྱིན་བརྒྱད་སྟོང་པ་དེའི་དབུ་ཤོག་གི་ཞབས་འོག་ཏུ། །།ཀྱེའི་དགེ་སྦྱོང་ཆེན་པོ་རིག་པའི་ལུགས་བཞིན་དུ།། ཡོན་བདག་བཀྲ་ཤིས་དཔལ་གྱི་དགོས་ཀྱི་གླེགས་བམ།། ཀྱེ་ལྟོ་དཀར་རྒྱལ་པོའི་འཕྲེང་གསུམ་འབྱོན་འདྲ།། འཇམ་དབྱངས་ཡང་སྤྲུལ་མཁས་པ་མལ་གྱིས་བྲིས།། ཞེས་པས་མལ་བྲིས་ཞེས་པ་ཞིག་ཡོད་པ་གོང་གི་མཛད་བྱང་ལས་རྟོགས་པ་མ་ཟད་མལ་གྱི་རྒྱུད་པ་དེར་ཤེས་རབ་ཀྱི་ལྷ་མཆོག་ཏུ་འགྱུར་པ་འཇམ་དབྱངས་ཀྱི་སྤྲུལ་པའི་མཚན་བསྟོད་ཡང་བྱས་འདུག་པ་ལ་གཞིགས་ན་ཡིག་མཁན་མལ་དེ་སྐབས་དེ་དུས་རིག་གནས་གང་ཅིའི་ཐད་ལ་ནང་བྱུང་ཆུབ་པའི་མཁས་པ་ཞིག་ཡིན་པ་ངེས་པ་རྙེད་མོད་ཀྱང་། ད་དུང་གལ་པོ་ཆེ་ལ་ནན་ཏན་ཟེར་བ་བཞིན་དུ་དུས་རབས17-18བར་བཞེངས་པའི་ཆབ་མདོ་ཁུལ་གྱི་ཤེར་ཕྱིན་གསེར་བྲིས་ཤིག་གི་དབུ་ཤོག་གི་ཞབས་འོག་ཏུ། ཀྱཱཻ་རྣམ་ལོ་རྒྱལ་པོ་ཁྱྀ་ལོ་ལ།། དཔོན་དྲུང་ཡོན་བདག་དཔོན་འདིར་བ།། ཐུགས་དམ་མཛམ་གླིང་རྒྱན་མཆོག་གི།། སྲི་ཀ་འཕྲེང་གསུམ་འོད་འབར་འདི།། སློབ་དཔོན་མཁས་པ་མལ་གྱི་ལུགས།། དིང་སང་མཁས་པ་སང་འོད་ངས།། ཤེས་བྱའི་དངོས་གྲུབ་ཐོབ་པར་བྲིས།། དགེ། ཞེས་པས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་གསལ་བཤད་ཐུབ་པ་སྟེ་སྔོན་དུས་མལ་བྲིས་ཞེས་པ་ཞིག་ཡོན་པ་ནི་སློབ་དཔོན་མཁས་པ་མལ་གྱི་ལུགས། དིང་སང་མཁས་པ་སང་འོད་ངས་ཞེས་བྱུང་བ་ལ་དཔག་ན་མཁས་པ་སང་འོད་ཅེས་པ་ཁོང་གི་འཁྲུངས་འདས་སོགས་མ་རྙེད་རུང་ཤིན་ཤེར་ཕྱིན་དེའི་འབྲི་གཟུགས་དང་སྣག་ཤོག་སོགས་ལ་དཔགས་ན་དུས་རབས17-18པར་བྱོན་པའི་ཡིག་མཁན་ཞིག་མིན་ནམ་སྙམ།

གང་ལྟར་ཡང་ཡིག་མཁན་སང་འོད་ཀྱིས་སྔོན་གྱི་མཁས་པ་མལ་ལུགས་ཞེས་གསུངས་པ་ལས་སྔོན་དུས་འབྲི་གཟུགས་མལ་ལུགས་ཞེས་པ་ཞིག་ཡོད་པ་ནི་གདོན་མི་ཟ། འོ་ན་མལ་ལུགས་དེ་ནི་བོད་ཀྱི་ཡུལ་ལུང་ཅི་ཞིག་ལ་དར་ཁྱབ་ཆེ་བའི་ཡིག་གཟུགས་ཤིན་ཡིན་ནམ་ཟེར་ན། དེ་ནི་སྔོན་བཙན་པོ་གནམ་རི་སྲོང་བཙན་གྱིས་ཡུལ་ངས་པོ་ཆེར་འཕན་ཡུལ་དུ་བསྒྱུར་བའི་ས་དེར་དར་ཁྱབ་བྱུང་བའི་བྲིས་གཟུགས་ཤིག་ཡིན་པ་ནི། ནག་ཆུ་ཁུལ་གྱི་དུས་རབས16-17སྐབས་ཀྱི་གསེར་བྲིས་དབུ་ཤོག་འབུར་མ་ཅན་ཞིག་གི་ཞབས་ཤོག་ཏུ། ཀྱཻའི་བསྟན་པའི་སྦྱིན་བདག་འགྲུར་རྗེ་རོང་པོ་ཡི།། དཔོན་ཚང་འོད་ཟེར་ཡབ་སྲས་ཐུགས་དམ་ལ།། གསེར་གྱི་བརྒྱད་སྟོང་ལྟོ་དཀར་འཕྲེང་གསུམ་འདི།། རིག་པའིའབྱུང་གནས་ཁོ་འོ་འཕན་ཕུལ་བ།། མལ་ལུགས་གྲུ་བཞིར་བདགིས་བྲིས། མགྷལ།། ཞེས་བྱུང་བ་དེས་མལ་བྲིས་དེ་ནི་འཕན་ཡུལ་དུ་དར་ཁྱད་ཆེ་བའི་ཡིག་གཟུགས་ཤིག་ཡིན་པ་གོང་གི་འདྲུ་རྗེ་རོང་པའི་ཐུགས་དམ་གསེར་བྲིས་དབུ་དང་པོ་འབུམ་ར་ཅན་དེའི་མཛད་བྱང་ལས་ཤེས།

དེ་ལས་ཀྱང་དགའ་འོས་པ་ཞིག་ལ་སྤྱི་ལོ2012ལོར་ལོ་དགོན་པར་གནའ་དཔེ་བརྟག་དཔྱད་ལ་འགྲོ་སྐབས། དུས་རབས3པའི་ཤེར་ཕྱིན་བྲིས་མ་པོད་ཐ་པ་ཞིག་འཇལ་བྱུང་བ་དེའི་མཛད་བྱང་དུ། ༄།། ཨེ་མའོ་་། ཡུལ་ལ་རྒྱན་ཆགས་འཕན་ཡུལ་གསེར་མོ་ལྗོངས། སའི་འདུད་པ་ཚེར་རྒྱུད་སྒང་རྒ་དེར། དགེ་དང་ཡིག་ཚང་མཛོམ་པ་མལ་གྱི་དར་པོ་གྲགས། བསགས་པ་ཆོས་ལ་གཏོང་བའི་སྐསགལྕམ་ཙུན་ཆུང་འོད། །རྒྱས་པའི་ཞབས་བཅུག་ཤིན་ཏུ་ངོ་མཚར་ཆེ། །ཞང་པོའི་སེམས་འཛིན་བྱེད་པའི་རྡོག་ཕྲུག་རྨོན་ལམ་འགོན། །ཚེ་འདི་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག། །ཕྱི་མར་བླ་མྱེད་བྱང་ཆུབ་ཐོད་པར་ཤོག།། ཅེས་བྲིས་འདུག མཛད་བྱང་དེས་མལ་བྲིས་དར་ཡུལ་འཕན་པོ་ཡིན་པ་སྣག་ཤོག་མང་པོས་འགྲེལ་མི་དགོས་པར་རྣག་ཐོག་གཙག་འཁེལ་ལྟ་བུ་ཞིག་གསུངས་འདུག་གོ། འཕན་ཡུལ་གྱི་མལ་བྲིས་དེ་ལ་ཡིག་གཟུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་གསེར་བཏུལ་བཙོ་སྦྱངས་མཁས་པ་དང་ལྷག་དོན་དུ་སམ་བོད་ཀྱི་ཡི་གེ་འབུར་མ་འབྲི་བ་ལ་གཞན་གྱིས་དོ་ཟླ་བྲལ་བ་ཞིག་རེད་འདུག དེ་ལྟར་བརྗོད་དོན་ནི་དུས་རབས16-17པའི་ཞ་ལུ་དགོན་གྱི་ཤེར་ཕྱིན་གསེར་བྲིས་ཀྱི་སྣག་ཤོག་དང་འབྲི་གཟུགས་ཁྱད་ཆོས་སུ། གཞི་མ་ཤོག་བུ་གན་ཤོག་གཙང་མ་ལ།། གནག་ཙ་ཁྱད་འཕགས་རིན་ཆེན་གསེར་གྱིས་བཞེངས་།། སྨྱིན་པར་བྱེད་པའི་འཕྲུལ་གྱི་ཡི་གེ་འདི་།། དབུས་པ་གསུམ་གྱིས་ལུང་དང་མཐུན་པར་ནི་།། གསེར་གྱི་བཟོ་དང་རྒྱ་གར་སྐད་ཀྱི་འབུར་།། རིག་པའི་འབྱུང་གནས་དབུས་ཀྱི་འཕན་ཡུལ་ནས་།། ཆག་ཚད་ལྡན་པ་གཞོན་ནུ་དར་གྱིས་བྲིས། ཞེས་པས་འཕན་ཡུལ་དུ་དར་ཁྱབ་ཆེ་བའི་མལ་ལུགས་འདི་སྣག་ཚ་གསེར་གྱི་འབུར་མ་འབྲི་རྒྱུར་དམིགས་བསལ་གྱི་ཁྱད་ཆོས་ཡོད་གཤིས་འཕན་ཡུལ་མལ་བྲིས་ལའང་སྔོན་གཉལ་གྱི་བྲག་ཡིག་ཇི་བཞིན་འཕྲུལ་གྱི་ཆེ་བསྟོད་བྱས་པ་ནི་རྒྱ་མ་ཁྲི་སྒང་རབ་གསལ་ཁང་དང་དཔལ་ཞ་ལུ་དགོན་དུ་བཞུགས་པའི་ཤེར་ཕྱིན་ལས་རྟོགས། འཕན་ཡུལ་དུ་དུས་རབས11པའི་སྔོན་ནས་བྲིས་གཟུགས་དམིགས་ཅན་ཞིག་ཡོད་པ་ནི་འོན་ཀེ་རུ་ལྷ་ཁང་གི་དུས་རབས10-12བར་འབྲི་བཞེངས་བགྱིས་པའི་བརྒྱད་སྟོང་སྐྱ་བྲིས་ཞིག་གི་བམ་གྲངས་མཚམས་སུ་འཕན་ཡུལ་གླན་གྱིས་བྲྀས་པ་ལ་མ་འཕྱ་ཞིགཅེས་བྲིས་འདུག་པ་ལྟར་ན་ཡིག་མཁན་གླན་འདི་ནི་སྤྱི་ལོ1027ལོར་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཕྱག་བཏབ་པའི་འཕན་པོ་རྒྱལ་ལྷ་ཁང་གི་མཁན་བརྒྱུད་དུ་ཕེངས་པ་ནི། འགོས་ལོ་གཞོན་ནུ་དཔལ་གྱིས་རྒྱལ་ལྷ་ཁང་གི་སྐབས་སུ། དགེ་བཤེས་གླན་ས་ཕོ་སྤྲེའུ་ལོ་སྟེ་སྤྱི་ལོ1128ལོར་འཁྲུངས། རང་ལོ་དྲུག་ཅུ་རེ་གཉིས་རེ་གཉིས་པ་སྤྱི་ལོ1189ལོ་སྟེ་ས་བྱ་ལ་གདན་སར་བྱོན་ནས་ལོ་གསུམ་བཞུགས། རང་ལོ་དྲུག་ཅུ་རྩ་བཞི་པ་ལྕགས་ཕག་སྟེ་སྤྱི་ལོ1191ལོར་གཤེགས། ལྷ་ཁང་བཏབ་ནས་ལོ་འདི་ཡན་ལ་ལོ་བརྒྱ་དང་བརྒྱད་ཅུ་སོང་ངོ་། པར་བྱོན་རྒྱལ་ལྷ་ཁང་གི་མཁན་རྒྱུད་ཡིན་པ་དང་གཅིག  གཉིས་ཁོང་གིས་འབྲི་བཤུས་བགྱིས་པའི་ཤེར་ཕྱིན་སྐྱ་བྲིས་དེའི་ལྡེབ་གྲངས་ངོས་སུ་སྒོར་ཐིག་ལ་མིག་བུ་ཕུག་ཡོད་པ་མ་ཟད། འབྲི་གཟུགས་ཀྱང་བཙན་པོའི་བླ་འབུམ་དང་ཧ་ཅང་ཐག་ཉེ་བའི་རྒྱུ་མཚན་བཅས་ཀྱིས་དུས་རབས12སྔོན་ནས་འཕན་ཡུལ་ལ་འབྲི་གཟུགས་ཁྱད་འཕགས་ཅན་ཞིག་ཡོད་པ་སྤྲོད་བྱ་ཐུབ་ལ་ཕྱོགས་གཞན་ཞིག་ནས་བརྗོད་ནའང་འཕན་པོ་རིག་པའི་འབྱུང་གནས་ཞེས་པའི་མཚན་བསྟོད་དེ་རྒྱུ་མཚན་དེ་དག་ལ་བརྟེན་ནས་བྱུང་བར་སེམས་སོ།།

3_3 སྙེ་བྲིས།

གཞུ་སྙེ་མོའི་སྙེ་བྲིས་ནི་བོད་ཀྱི་ཡིག་གཟུགས་སྐོར་ལ་ཞིབ་འཇུག་དང་དོ་སྣང་གནང་མཁན་རྣམས་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན་པ་མ་ཟད་གོང་གི་ལེའུར་བརྗོད་ཟིན་ཀྱང་།  སྐབས་དོན་འདི་དང་འབྲེལ་ཏེ་ཞུས་ན་སྙེ་བྲིས་ལའང་རང་རང་སོ་སོའི་ཁྱད་ཆོས་ལྡན་ཡོད་ཙང་། དེའི་ཁྱད་འཕགས་ཀྱི་ཆེ་བསྟོད་དུ་འཕྲུལ་སྦྱར་ཡོད་པ་སྟེ། དུས་རབས13-14པའི་ནང་དུ་འབྲི་བཞེངས་བགྱིས་པའི་ཡུམ་རྒྱལ་འབྲིང་བསྡུས་གསུམ་ལས་རྒྱས་པ་པོད་བཅུ་དྲུག་བཞུགས་པ་ཤིག་གི་མཛད་བྱང་དུ། ༄།། ཨེ་མ་ཧོ། མཚན་མཆོག་དང་ལྡན་པ། དྲི་མེད་ཟླ་བའི་ཞལ། སྡུག་བྲལ་ཁྱོད་འདྲ། སྲིད་པ་གསུམ་ལས་གྲོལ། བླ་མེད་མཁྱེནད་ཅེན། ཁྱེད་ལ་ཕྱག་མཚལ་སྟོད། ཀྱེ་དགུ་སྔོན་མཐིང་གི་འོག། གསེར་ས་གྲུ་བཞིའི་སྟེང། མཁས་པ་ལོ་བན་ཀྱིས། སྒྲ་སྒྱུར་བོད་དུ་སྒྱུར། རུ་བཞི་བོད་ཡུལ་དུ། ཡི་གེའི་བསྟན་པ་དར། འཕྲུལ་གྱི་ཡི་གེ་འདི། དཔལ་མགོན་དར་པོས་འིས་། དཔོན་བསམ་ལུགས་སུ་བྲིས། ཕུགས་ཀྱི་གྲོང་གསར་དུ། ཡོན་བདག་ཡབས་གསས་གྱིས། རྒྱལ་འབྲིང་རྣམ་གསུམ་བཞེངས། བཟང་བྲན་འཁོར་བཅས་ཀྱིས། ཞབས་ཏོག་ཚུལ་བཞིན་མཛད། ཕོ་ཏི་པ་འདི། ཆོས་དཔལ་པུན་གྱིས་གཞུང་བཟང་པོ་ངོ་མཚར་ཆེ། བཞུ་ནུ་བློ་གྲོས་དེས། གཉེར་ཀ་མཛད་པ་ངོ་མཚར་ཆེ། ཙན་དར་ཇོ་རིན་གྱིས། ཞུ་ཐུག་དག་པར་མཛད། བླེགས་ཤིང་མཁན་པོ་རྩིགས་གསེར་གཟབས་ནས་མཛད། དགེ་བ་འདི་ཆོགས་སུ། ཟ་ནོར་གང་བཏང་དང་། གོམ་པ་གཅིག་བོར་བ། ཀུན་ཀྱང་ཐརད་པའི། ལམ་སྣ་ཟིན་པར་ཤོག འགྱུར་འདོག་མྱེད་པའི་ས་ལ་གནས་པར་ཤོག། བླ་མྱེད་བྱང་ཆུབ་ཐོབ་པར་ཤོག། ཅེས་པ་དང་། ༄།། ཨོ་མ་ཎི་པད་མེ་ཧུ་། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ་། ཀྱེ་ཤག་ཐུབ་བསྟན་པ་ལ། དམ་པའི་ཆོས་དར་བས། སྙེ་མོ་ལུང་པའི་ནང་། ཡུལ་པོ་སྲས་ཤོང་དེར། ཕ་ཆེན་ཁྱུང་པོའི་བུ། དར་མ་བསོད་ནམས་དང་། རབ་ཏུ་ཆོས་ལ་འབྱུང་། ཡོན་བཙུན་སྨོན་ནེ་གཉིས། ཕ་ཁུའི་དྲིན་ལན་དུ། རྒྱས་པ་མཐོང་སྨོན་བཞེངས། ཤོག་གུ་ཁྱད་འཕགས་ལ། རུ་བཞིའི་ཁྱད་པ་བྱོན། ཡི་གེ་ངོམ་དུ་རུང་། གཉེར་སྐ་ཤོག་ཆགས་དེ། དོར་དར་སྐྱོག་པོས་མཛད། དུང་རེང་རྩེ་ཆེན་དེ། རྒྱུ་མའི་ནོར་ཀྱིས་བླུས། འཛངས་མ་ངོམ་དུ་རུང་། དཔག་མོ་དཔལ་མོ་ལྡན། ཞབས་ཏོག་མོང་དུ་རུང་། འོད་གསལ་ཡོན་བདག་མོ། སྤོད་འཛིན་ཁྱད་འཕགས་ལགས། ཐར་མགོན་གྱིས་མཛད། མཆོད་གནས་ངོམ་དུ་རུང་། དཀོན་མཆོག་གྲོགས་ཚོ་ལགས། འཕྲུལ་ཆེན་ངོ་མཚར་ཆེ།  བྱ་ཚ་དགས་པ་ཐོན། ནང་མ་བུ་དར་ཡིན། ལག་ཡད་ངོམ་དུ་རུང་། གྲུ་བཞི་ཀློག་ལ་མཁས། བརྩན་དར་དཔོན་སློབ་བྱས། ཞུ་ཐིག་ངོམ་དུ་རུང་། ཡོན་མཆོད་རྒྱས་པ་འབུམ། ཀུན་ལ་ངོམ་དུ་རུང་། འདངས་ཤོག་དཀར་འཇམ་ལ། གནག་ཚ་གཡུ་ལོ་ཡིས། འཕྲུལ་ཡིག་ཚད་ལྡན་འདི། སྙེ་མོ་ཕུ་སུམ་པ། མེ་ཚབ་རྒྱིས་བྲིས། དེ་ལ་གཟིགས་པ་ཞུ། ཐོས་པ་ཆུང་བ་དང་། ཚིགས་གཅད་འཛོལ་བ་ན། ཡུམ་ལ་བཟོད་པར་གསོལ། ཡོན་མཆོད་ལསྩོགས་པ། མཐའ་ཡས་སེམས་ཅན་ཀུན་བྱང་ཆུབ་ཐོང་པར་ཤོག། འགྲོ་དོན་བྱེད་ཁར་ཤོག། ལེགས་པ་ཡིན། དགེའོ། བྲེ་མོ་བགྱིས་པ་ལགས། ཧེ་ཧེ་ཧེ། ཞལ་དྲོ། ཞེས་བྱུང་བ་འདི་དག་ལ་བསམ་གཞིགས་བྱས་པ་ཡིན། དུས་རབས13-14པར་བཞེངས་པའི་ཤེར་ཕྱིན་ཡུམ་དེ་ནི་གཞུ་སྙེ་མོ་བའི་དཔོན་རྣམས་ཀྱིས་སྤྱིན་བདག་མཛད་དེ་སྙེ་མོའི་ཤོག་བཟོ་བ་དང་ཡིག་མཁན་དང་ཞུ་དག་མཁན་རྣམས་ཀྱིས་འབྲི་བཞེངས་བགྱིས་པ་ནི་ཤེར་ཕྱིན་རྒྱས་པ་དེའི་མཛད་བྱང་དག་ལས་ཤེས་མོད། གོང་སྨོས་བཞིན་མལ་ཡིག་དང་བྲག་ཡིག་གི་ཆེ་བསྟོད་ལྟར་སྙེ་བྲིས་ཀྱིས་ཁྱད་བསྟོད་དུའང་འཕྲུལ་ཡིག་བཀོལ་ཡོད་པ་སྟེ། འཕྲུལ་ཡིག་ཚད་ལྡན་འདི། སྙེ་མོ་ཕུ་སུམ་པ། མེ་ཚབ་རྒྱལ་གྱིས་བྲིས་ཞེས་པས་དོན་གྱི་གསལ་ཁ་བྱིན་ཐུབ། དུས་རབས17པར་བཞེངས་པའི་སྔགས་འཆང་ངག་དབང་ཀུན་དགའ་རྣམ་རྒྱལ་གྱི་ཡུམ་བསོད་ནམས་བཟང་མོའི་ཐུགས་དམ་བསྟན་འགྲོའི་དཔལ་མགོན་དང་དུས་རབས14པར་བཞེངས་པའི་ཞྭ་ལུ་གསེར་ཁང་དུ་བཞུགས་པའི་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་བཀའ་འགྱུར་བཅས་ཀྱི་ཡིག་མཁན་ཡང་གཡེ་དང་སྙེ་ནས་བྱོན་ཡོད་པ་སྟེ་སྙེ་མོ་བློ་བཟང་རྣམ་རྒྱལ་དང་གཡེ་ཡོན་ཏན་བག་གྲོ་སོགས་ཡིག་མཁན་མཁས་པ་བརྒྱ་འདུས་ཞེས་པས་སྐབས་དེར་སྙེ་བྲིས་ནི་གཙང་ཕྱོགས་སུ་ཤིན་ཏུ་ནས་དར་ཁྱབ་ཆེ་བའི་འབྲི་གཟུགས་ཤིག་ཡིན་པའི་སྟབས་ཀྱིས་འཕྲུལ་ཡིག་གིས་ཁྱད་བསྟོད་བྱས་པར་སེམས། སྙེ་མོ་ཕུ་སུམ་ཞེས་པ་དེར་ད་ལྟ་ཡང་ཡིག་མཁན་མཁས་པ་ཡོད་པ་མ་ཟད་དཔར་བརྐོའི་ལག་རྩལ་ཡང་མ་ཉམས་རང་སོར་གནས་འདུག

3_4 ཨེ་བྲིས།

ཨེ་བྲིས་ཞེས་པ་དེ་ཡང་ལྷོ་ཁའི་ཁུལ་དུ་ལྷ་བྱ་ཁྲ་གསུམ་ཞེས་པའི་ནང་གི་ལྷ་རྒྱ་རིའི་ཁུལ་དུ་དར་ཁྱབ་ཆེ་བའི་ཡིག་གཟུགས་ཤིག་ཡིན་པ་སྐྱེ་བོ་ཀུན་གྱིས་ཤེས་གསལ་ལགས། ཨེ་བྲིས་ཀྱིས་བྲིས་པའི་གནའ་དཔེ་འཕྱིང་བ་སྟག་རྩེའི་དཔར་མ་དང་རི་བོ་ཤན་དྷི་པའི་དཔར་མ་སྟེ་རྗེ་སྒམ་པོ་བའི་རྣམ་ཐར་སོགས་དྭགས་པོ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་དམ་པའི་རྣམ་ཐར་དང་གསུང་འབུམ་སོགས་འདུག  དཔར་མ་དེ་དག་གི་དཔར་བྱང་ལ་ཉམས་ཞིབ་བྱ་དུས་དེ་དག་གི་ཡིག་མཁན་ནི་སྤྱིར་གྱི་ཆ་ནས་ཨེ་བ་ཡིན་པ་སྟེ། རྗེ་སྒམ་པོ་བའི་རྣམ་ཐར་དཔར་བྱང་དུ། རྗེ་ཉིད་ཀྱི་དཔོན་པོ་སྤྱན་སྔ་ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་བཟང་པོས། སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་བར་ལ། ལོ་ཉིས་སྟོང་སུམ་བརྒྱ་གོ་བརྒྱད་སོང་ཞིང་། མགོན་པོ་ཉིད་བལྟམ་ནས་བཞི་བརྒྱ་ཞེ་གཉིས་སོང་ལ། མྱ་ངན་ལས་འདས་པ་ན་གསུམ་བརྒྱ་རེ་བདུན་སོང་བའི་ལྕགས་ཕོ་འབྲུག་གི་ལོ་ལ། བཀའ་བརྒྱུད་བསྟན་པ་སྤེལ་བའི་སླད་དུ། རི་མོ་ཤནྡིར་པར་དུ་བགྱིས་པའོ། ཡི་གེ་པ་ནི་ཨེ་ཡི་བླ་འབྲིང་ནས། ཀུན་དགའ་རིན་ཆེན་ཤེས་བྱ་འདི་ལ་མཁས། བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག་ཅེས་པ་དང་དེ་མིན་ནོར་གླིང་དུ་བཞུགས་པའི་བཀའ་འགྱུར་གསེར་བྲིས་མི་དབང་སངས་རྒྱས་རྒྱ་མཚོའི་སྐུ་དུས(1653-1705)བཞེངས་པ་དེའི་སྣག་ཤོག་དང་ཡིག་མཁན། དབུ་ཞབས་ལྷ་སྐུ་འབྲི་མཁན་གྱི་སྐོར་མཛད་བྱང་དུ། ཞུ་ཆེན་ཨེ་པ་ལྷ་མོ་རྒྱལ་པ་དང་སྒྲོལ་མ་ཚེ་རིང་ཅན་དྲུག  ཤོག་ལས་པ་པོ་ཏོ་ཁྱི་ཕྲུག་དང་དཀར་རྒྱལ་ཅན་ཉི་ཤུ་ཐམ་པ། ཏོག་དཀར་བ་གོང་སྟོད་ཨོ་རྒྱན་ནོར་བུ། སྟོད་སྲིད་ཆོས་བཀྲི་ཤིས། སྒང་ཏོག་བློ་བཟང་པད་མ། ལྷན་གྲུབ་ས་ནོར་བུ་བཅས་བཞིས་བཙོས་པའི་ཨེ་ནས་མཁས་བསྡུས་ཁོ་ནའི་ཡིག་མཁན་བརྒྱ་དང་བཅོ་བརྒྱད། དབུ་ཀ་པ་རྣམས་ཀྱི་དབུ་ལྷ་འབུར་དོད་བཞེངས་མི་ཨེ་པ་ལྔ་འཛོམས་དང་བཙུན་ཆུང་། དེ་ཕྱིན་དབུ་ལྷ་བྱིངས་འདྲི་མི་ཕོ་བྲང་རབ་བརྟན་དང་ལྷོ་རགས་བསྟན་འཛིན་ནོར་བུ་ཞེས་པ་སོགས་ལས་མཐོ་བོད་བཙན་པོའི་སྐབས་ནས་ཁྲིམས་སྒོ་རང་བཙན་ཡིན་པའི་ཨེ་ལྷ་རིར་སྔོན་ནས་ཡིག་གཟུགས་དབུ་ཅན་དང་དབུ་མེད་འདྲི་བ་ལ་ཤིན་ཏུ་ནས་མཁས་ཤིང་སྣག་ཤོག་དམིགས་བསལ་ཅན་བཟོ་བའི་ལག་རྩལ་ཡོད་སྟབས། དུས་རབས17པར་མི་དབང་སངས་རྒྱས་རྒྱ་མཚོས་གསེར་བྲིས་བཀའ་འགྱུར་བཞེངས་སྐབས་ཡིག་མཁན་དབུ་ཆེན་དང་ཤོག་བཟོ་དབུ་ཆེན། ལྷ་བྲིས་དབུ་ཆེན་སོགས་ཨེ་ནས་མཁས་བསྡུས་གནང་བ་དག་ལས་ཨེ་བྲིས་ཀྱི་ཁྱད་ཆོས་ཤེས། ཨེ་པ་རྣམས་ཀྱི་འབྲི་གཟུགས་ཚད་ལྡན་ཡིན་པའི་སྟབས་ཀྱིས་སྔོན་ས་གནས་སྲིད་གཞུང་ཕྱོགས་སུ་ཁྲལ་གཞན་རྒྱག་མི་དགོས་པར་རི་ཀླུང་རྩ་ཚིག་སོགས་འབྲི་བཤུས་བགྱིས་ནས་ཁྲལ་གྱི་དོད་དུ་བྱ་ཡི་འོད་ཅེས་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གི་གསུང་ལས་ཤེས་ལ་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་གཞུང་ས་ཕྱོགས་ནས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་རྡོ་རིང་སྲུང་སྐྱོང་ཞུ་རྒྱུའི་ཡི་གེའི་ནང་དུ། ཕྱོགས་མཚུངས་དེང་སྐབས་རྒྱལ་རབས་རྩོམ་འཕྲོ་འདིར་ཤིན་ཏུ་མཁོ་བའི་རྩེ་ཞོལ་ཕྱི་མའི་རྡོ་རིང་གི་ཡི་གེ་དེ་བཞིན་དགོས་འདུག་པ་དག་གཞུང་སར་བཤུས་ཟིན་ཞིག་ཡོད་ན་གསོལ་ནས་དང་།  མེད་ཚེ་ཨེ་པེ་བཀའ་ཁྱབ་ཀྱིས་འཕྲལ་དུ་ཚར་གཅིག་བཤུ་བཅུག་གནང་ཐུགས་རྗེ་ཆེ་བ་ཞུ་རྒྱུའི་ཚིག་ཐོ་ཤོག་ལྷེ་སྙན་ཞུར་ཕུལ་ཞེས་པའི་སྙན་ཞུའི་ནང་དུ་ཡང་རྡོ་རིང་གི་ཡི་གེའི་ངོ་བཤུས་མཁན་ཨེ་པ་ཞིག་ཡོང་རེ་གནང་བ་དེ་ལས་ཨེ་བྲིས་དེ་ཚང་ལྡན་གྱི་ཡིག་གཟུགས་ཤིག་ཡིན་པའི་གདེང་འཇོག་གིས་ཡིན། མ་གཞི་ད་བར་ཨེ་བྲིས་ཀྱི་ཁྱད་བསྟོད་དུ་འཕྲུལ་སྦྱར་བ་མ་མཇལ་རུང་དེའི་ཁྱད་འཕགས་ཀྱི་ཡོན་ཏན་མཚོན་པའི་ཁྱད་བསྟོད་འཕྲུལ་ཅེས་སྦྱར་བ་མ་མཇལ་རུང་དེའི་ཁྱད་འཕགས་ཀྱི་ཡོན་ཏན་མཚོན་པའི་ཁྱད་བསྟོད་དུ་འཕྲུལ་ཅེས་སྦྱར་ནའང་དོན་ལ་གནས་པར་སེམས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།