གནའ་དཔེའི་རྟགས་ཐམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེའི་རྟགས་ཐམ།
བོད་ཀྱི་གནའ་བོའི་དུས་རབས་མི་འདྲ་བའི་ནང་དུ་བྲིས་བཞེངས་གནང་བའི་ཡིག་ཚགས་དང་གསུང་རབ་ཀྱི་སྟེང་དུ་དུས་རབས་དེའི་ལག་རྩལ་གྱི་ཆུ་ཚད་དང་འབྲེལ་བའི་དམིགས་བསལ་གྱི་རྟགས་དང་དབྱིབས་གཟུགས་མི་འདྲ་བའི་ཐམ་གའི་ཁ་རིས་བཏབ་པའི་ཡིག་ཚགས་མི་ཉུང་བ་ཞིག་བོད་ཡིག་གནའ་དཔེ་ཡོངས་བཤེར་གྱི་སྐབས་སུ་མཇལ་ཐུབ་པ་བྱུང་གཤིས། དེར་བརྟེན་འདིར་ཡིག་ཚགས་དང་འབྲེལ་ཏེ་དམིགས་བསལ་རྟགས་སམ་རྟགས་ཐམ་གྱི་སྐོར་ལ་དཔྱད་པར་བྱའོ།།
1 ​གནའ་དཔེའི་སྟེང་གི་རྟགས་ཐམ་གྱི་བྱུང་བ།

བོད་ཀྱི་ཡིག་ཚགས་སྟེང་དུ་རྟགས་ཐམ་བཀོད་པའི་ལུགས་སྲོལ་དེ་སྤྱི་ལོའི་དུས་རབས་བརྒྱད་པ་ནས་བྱུང་ཡོད་པ་ཞིག་ཡིན་སྟེ། དཔེར་ན་ཏུང་ཧོང་ནས་ཐོན་པའི་ཡིག་རྙིང་སྟེང་དུ་ཕྱག་བཏབ་པ་དང་སུག་རྒྱས་བཏབ་ཅེས་པ་དང་ལྷག་དོན་དུ་ཏུན་ཧོང་གི་ཡིག་རྙིངpt1083རྒྱ་ཤ་བཅུ་པའི་བུ་མོ་འཕྲོག་མི་ཆོག་པའི་ཡིག་ཚགས་ཀྱི་སྟེང་དུ་ཁྲོམ་ག་ཆེན་པོ་ནས་རྟགས་བཀྱེ་ཞེས་པའི་རྟགས་ཐམ་བཏབ་ཡོད་པ་ད་ལྟ་ཡང་མཇལ་རྒྱུ་འདུག་ལ་ཁྲི་ལྡེ་སྲོང་བཙན་གྱི་སྤྱི་ལོ812ལོར་བཙུགས་པའི་ཞ་ལྷ་ཁང་གི་རྡོ་རིང་ཞབས་འོག་གི་རྟགས་ཐམ་དང་ཞིན་ཅང་ནས་ཐོན་པའི་བོད་བཙན་པོའི་རྒྱལ་རབས་ཀྱི་གནས་ཚུལ་བཀོད་པའི་ཁྲམ་བྱང་། ཁྲམ་བྱང་དེའི་གཡས་སུ་གྲིས་གཞོན་བརྒྱབ་པའི་ནང་དུ་ཁྲམ་བྱང་གི་གལ་ཆེ་ཆུང་ལ་གཞིགས་པའི་རྟགས་ཐམ་བརྒྱབ་འདུག་ཅེས་ཁྲམ་བྱང་ཞིབ་འཇུག་པ་དག་གིས་གསུངས་འདུག་པ་དང་སྦྲགས་གོང་གི་ཡིག་ཚགས་དེ་གསུམ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡིག་ཚགས་འཁྲུལ་མེད་ཅིག་ཡིན་པ་རྒྱལ་སྤྱིའི་བོད་རིག་པ་མཁས་པ་དག་གི་མགྲིན་གཅིག་དང་དབྱངས་གཅིག་ཡིན་གཤིས། དེས་ན་བོད་ཀྱི་ཡིག་ཚགས་སྟེང་དུ་རྟགས་ཐམ་བཀོད་པའི་སྲོལ་དེ་ནི་དུས་རབས8པའི་སྐབས་ནས་བྱུང་ཟིན་པ་དེ་ར་སྤྲོད་བྱ་ཐུབ། དེ་རྗེས་དུས་རབས16ནང་བཟུང་སྟེ་བོད་ཡིག་གནའ་དཔེའི་སྟེང་དུ་དམིགས་བསལ་རྟགས་སམ་ཕྱག་ཐམ་བཀོད་པའི་ལུགས་སྲོལ་ཞིག་བྱུང་ཡོད་པ་ནི་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། བོད་དུ་དཔེ་ཆའི་ཐོག་རྟགས་ཐམ་འགོད་པའི་ལམ་ལུགས་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ(1617-1682)དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་དུས་ནས་ཕྱག་དཔེ་ཐམ་གནང་སྲོལ་བྱུང་ཞིང་། དེ་ཡང་སྐུ་སྒེར་གྱི་སྐུ་ཆས་དང་ཕྱག་དཔེའི་རིགས་ལ་དམིགས་བསལ་གྱི་བསྐྱོན་པ་གནང་བྱེད་མགུལ་ཐམ་ཞེས་པའི་རྟགས་ཐམ་ཆུང་ངུ་ཞིག་ཡོད་པ་དེ་ཕྱག་དཔེའི་དབུ་ཤོག་གི་ཁ་བྱང་གི་སྟེང་དང་། ཞབས་ཤོག་གི་ཟུར་དུ་བསྐྱོན་པ་གནང་ཡོད། དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཡིག་ཆ་གང་ཡིན་ལ་མགོ་ཤོག་དང་ཞབས་ཤོག ཤོག་གྲངས་རེ་རེ་བཞིན་གྱི་གྲངས་ཀའི་ཐོག་དང་། ཟུར་མཆན་གྱི་འགོ་མཇུག  ཡི་གེ་མེད་པའི་ཤོག་སྟོང་གི་ཟུར་བཅས་ལ་རྟགས་ཐམ་ཡོད། ཅེས་གསུངས་པས་ལས་གནའ་དཔེའི་སྟེང་དུ་རྟགས་ཐམ་འགོད་པའི་སྲོལ་དེ་དུས་རབས16པའི་ནང་དུ་དར་ཁྱབ་བྱུང་བ་མ་ཟད་རྟགས་ཐམ་རྒྱག་སའི་གནས་གང་ཡིན་པ་དེའང་ཁ་གསལ་ཞིག་ཤེས་སོ།།

2 དམིགས་བསལ་རྟགས་ཐམ་བཀོད་པའི་དཔེ་རྙིང་།
2_1 དམིགས་བསལ་རྟགས་ཐམ་བཀོད་པའི་ཡིག་ཚགས།

རྟགས་ཐམ་གྱི་ཁ་རིས་སྲོག་ཆགས་ཀྱི་གཟུགས་བརྙན་སོགས་བརྐོས་པ་དང་ཆབས་ཅིག་དེའི་འོག་ཏུ་མཚན་བྱང་བཀོད་པའི་ཐམ་གའི་ཁ་རིས་ནི་ཏུན་ཧོང་གི་ཡིག་ཚགས་ཀྱི་སྟེང་དུ་གསལ། ཡིག་ཚགས་དེ་རིགས་ནི་མཐོ་བོད་བཙན་པོའི་རྒྱལ་རབས་ཏེ་དུས་རབས9-10པའི་བར་གྱི་བོད་ཀྱི་ཡིག་ཚགས་ཤིག་ཡིན་པ་ནི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་རིགས་གཅིག་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཐུན་ཡིན། མཐོ་བོད་རྒྱལ་རབས་ཀྱི་རྟ་ཕུར་ཕོ་ཉའི་ཐམ་གའི་དཔྱད་པ་ཞེས་པར་མཐོ་བོད་རྒྱལ་རབས་ཀྱི་ས་ཚུགས་གནའ་བོའི་ཐམ་གའི་སྐོར་ལ་བོད་ཀྱི་རིག་དངོས་ཞིབ་འཇུག་པས་ནས་ཡོད་པ་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་ཡིན་སྟེ། ཏུན་ཧོང་ཕུག་པ་ལས་ཐོན་པའི་བོད་ཡིག་ཤོག་དྲིལ་སྟེང་ས་ཚུགས་ཀྱི་ཐམ་གའི་ཁ་རིས་གསལ་བའི་རྒྱུ་མཚན་གྱིས་ཡིན་ཞེས་པ་དང་ཐམ་ག་འདིའི་ཁ་རིས་ལ་བལྟས་ན་རྟ་ཕུར་གྱི་གཟུགས་བརྙན་བརྐོས་པ་དང་དེའི་མཚན་བྱང་དུ་བོད་ཡིག་མང་ཟིགས་རྒྱ་ཞེས་བྲིས་པ་དེ་དག་ལ་ཞིབ་འཇུག་བྱས་པ་ལྟར་ན། མང་ཟིགས་ཞེས་པ་ནི་མཐོ་བོད་ཀྱི་ས་ཚིགས་ག་གེ་མོ་ཞིག་གི་མིང་དང་རྒྱ་ཞེས་པ་ནི་མཐོ་བོད་བཙན་པོའི་སྐབས་ཀྱི་མང་ཟིགས་ས་ཚུགས་ཀྱིས་བེད་སྤྱོད་པའི་རྟགས་ཐམ་ཞིག་ཡིན་པ་རྟོགས། ཞེས་དང་ད་དུང་ཧྥ་རན་སི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་མཛོད་ཁང་དུ་ཉར་བའི་བོད་ཡིག་ཚགས་ཨང་རྟགས1082སྟེང་དུ་ཁྱི་ཕུར་ཕོ་ཉ་དང་ཀན་སུའུ་ཏུན་ཧོང་རྫོང་རིག་གནས་ཁང་དུ་ཉར་བའི་ཡིག་ཚགས་རྟགས0336སྟེང་གི་ཐམ་གའི་ཁ་རིས་མཆིའི་བྱིའུ་བ་ཞེས་པ་དང་ཏུན་ཧོང་ནས་ཐོན་པའི་ཡིག་ཚགསpt1083རྒྱ་ཤ་ཅུ་པའི་བུ་མོ་འཕྲོག་མི་ཆོག་ཅེས་པའི་སྟེང་དུ་གསལ་བའི་ཐམ་གའི་ཁ་རིས་ཁྱི་གཤོག་པ་ཅན་དང་མཚན་བྱང་ཁྲོམ་ཆེན་ཞེས་པའི་སྟེང་དུ་གསལ་བའི་ཐམ་གའི་ཁ་རིས་ཁྱི་གཤོག་པ་ཅན་དང་མཚན་བྱང་ཁྲོམ་ཆེན་པོ་ནས་རྟགས་སུ་བཀྱེ་ཞེས་བྱུང་བ་སོགས་ལ་བལྟས་ན་མཐོ་བོད་བཙན་པོའི་རྒྱལ་རབས་ཀྱི་ས་ཚུགས་དང་ཕོ་བྲང་ཁག་ནས་བེད་སྤྱོད་པའི་རྟགས་ཐམ་དེ་དག་གི་ཁ་རིས་ནི་སྲོག་ཆགས་ཀྱི་གཟུགས་དང་ལྷན་ཅིག་ཏུ་ས་ཚུགས་སོ་སོའི་མཚན་བྱང་བཀོད་པ་དེ་ཤེས། དེས་ན་སྔོན་གྱི་ཡིག་ཚགས་སྟེང་དུ་ཐམ་གའི་ཁ་རིས་སྲོག་ཆགས་ཀྱི་གཟུགས་བརྙན་དང་དེའི་ཞབས་འོག་ཏུ་མཚན་བྱང་བྲིས་ཡོད་ན་སྤྱིར་གྱི་ཆ་ནས་དུས་རབས8-10བར་གྱི་ཡིག་ཚགས་ཤིག་ཡིན་པ་ང་ཚོས་ཤེས་ཐུབ།

2_2 དམིགས་བསལ་རྟགས་བཀོད་པའི་དཔེ་རྙིང་།

དུས་རབས11-13བར་གྱི་གནས་དཔེའི་སྟེང་དུ་སྟེང་དུ་རྟགས་ཐམ་བཀོད་ཡོད་པ་མཇལ་ཡུལ་དུ་མ་མཆིས་ཀྱང་དུས་རབས11-13པའི་ནང་དུ་འབྲི་བཞེངས་བྱས་པའི་མངའ་བདག་མགོན་ནེའི་ཐུགས་དམ་མདོ་མངས་མཐོང་སྨོན་སོགས་ཀྱི་ཞབས་ཤོག་ཏུ་མེ་ཏོག་པད་མ་འདབ་བརྒྱད་དང་ཆོས་འཁོར་གྱི་གཟུགས་བརྙན་མཚལ་བྲིས་དང་བྱང་ཆུབ་ལྗོན་ཤིང་དང་མཆོད་རྟེན་བཀོད་པ་རེ་གཉིས་མཇལ་མྱོང་ཡོད། ཞབས་ཤོག་ཏུ་བཀོད་པའི་ཆོས་འཁོར་དང་པད་མ་འདབ་བརྒྱད་སོགས་ཀྱི་དམིགས་བསལ་རྟགས་དེ་དག་ནི་སྔོན་གྱི་དཔེ་རྙིང་དག་གི་འབྲི་བཞེངས་ལ་ལད་མོ་བགྱིས་ནས་དམིགས་བསལ་རྟགས་དེ་བྲིས་པར་སེམས། རྒྱ་གར་འཕགས་པའི་ཡུལ་གྱི་དཔེ་རྙིང་དང་ཏུན་ཧོང་ནས་ཐོན་པའི་གནའ་དཔེ་དག་གི་ཞབས་ཤོག་ཏུ་དམིགས་བསལ་རྟགས་པད་མ་འདབ་བརྒྱད་དང་ཆོས་འཁོར། མཆོད་རྟེན་གྱི་གཟུགས་སོགས་བྲིས་ཏེ་འདུག དེ་དག་གི་མཚོན་བྱེད་ནི་འཕགས་པའི་ཡུལ་གྱི་ཆེས་གདོད་མའི་སངས་རྒྱས་ཆོས་ལུགས་ཀྱི་བཞེད་པ་ལྟར་དཔེ་རྙིང་དང་དགོན་སྡེའི་ལོགས་རིས་ངོས་སུ་སྟོན་པའི་སྐུ་བརྙན་འབྲི་རྒྱུ་དེ་འཛེམ་བྱ་ཞིག་ཏུ་བརྩིས་ཀྱི་ཡོད་སྟབས། དེ་དག་གི་སྟེང་དུ་མཚོན་སྟངས་རིང་ལུགས་ཀྱི་རྣམ་པའི་ཐོག་ནས་སངས་རྒྱས་ཀྱི་གཟུགས་བརྙན་མངོན་པར་བྱས་ཡོད་པ་སྟེ། བྱང་ཆུབ་ལྗོན་ཤིང་དང་ཆོས་འཁོར། བཞུགས་ཁྲི། གདུགས། ཞབས་རྗེས་སོགས་དམིགས་བསལ་རྟགས་ཀྱིས་སྟོན་པ་བཞུགས་པའི་ངང་ཚུལ་སྟོན་གྱི་ཡོད་ཅེས་པས་བོད་ཡིག་གནའ་དཔེའི་ཞབས་ཤོག་ཏུ་དམིགས་བསལ་རྟགས་དེ་དག་འབྲི་དགོས་པའི་དགོས་པ་དེ་ཡང་རྟོགས།

2_3 དཔར་ཁང་རྟགས་བཀོད་པའི་དཔེ་རྙིང་།

སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དཔར་མ་ཞིག་གི་ཞབས་ཤོག་ཏུ་དམིགས་བསལ་རྟགས་ཐམ་མེ་ཏོག་གི་ལོ་མ་འདྲ་བ་ཞིག་བརྐོས་འདུག  གནའ་དཔེ་དེའི་དཔར་གྱི་ཡིག་གཟུགས་དང་ལྡེབ་གྲངས་ཀྱི་ཡིག་འཕྲེང7བྱོན་པ་དེ་དག་ལ་གཞིགས་ན་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པ་དེ་ནི་བོད་ཀྱི་གསུང་རབ་སྨྲ་བ་རྣམས་ཀྱི་གསུངས་པའི་དགའ་ལྡན་དཔར་རྙིང་ཞེས་གྲགས་པ་དེའི་གྲས་ཤིག་ཡིན་པར་སྙམ། དཔར་མ་དེའི་དཔར་བྱང་དུ་ཆོས་ཀྱི་རྒྱལ་པོ་གྲགས་པ་རྒྱལ་མཚན་ཞེས་དང་དད་ལྡན་སྦྱིན་བདག་གཞོན་ནུ་དཔལ། ནམ་མཁའི་མིང་ཅན་ཚོགས་ཅན་རྣམས་ཞེས་བྱུང་བ་ལྟར།  དགའ་ལྡན་དཔར་རྙིང་གི་སྦྱིན་བདག་གཙོ་བོ་ཕག་གྲུའི་དབང་གྲགས་པ་རྒྱལ་མཚན་གྱིས་སྐུལ་ནས་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་དང་གོང་དཀར་རྫོང་དཔོན་གྲ་ལྔའི་རྒྱལ་པོ། གོང་དཀར་སྡེ་པ་ནང་སོ་བཞི་འཛོམས། བྲག་དཀར་གསང་སྔགས་རྫོང་གི་དཔོན་སོགས་ཀྱིས་གནང་ཏེ་དཔར་ལ་བཏབ་པའི་རྒྱུ་མཚན་དང་གཅིག  གཉིས་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དཔར་མ་འདིའི་དཔར་བྱང་གི་ཡི་གེ་བའི་སྐོར་དེར་ཡང་དགའ་ལྡན་དཔར་རྙིང་གཞན་དུ་བྱུང་བ་ལྟར། དད་པའི་གསོལ་འདེབས་བཤེས་གཉེན་རིན་ཆེན་དཔལ། ཡི་གེ་པ་དང་བརྐོས་མཁན་ལས་བྱེད་སོགས་ཞེས་བྱུང་བས་ཀྱང་སློབ་དཔོན་ཞི་བ་མཛད་པའི་སྤྱོད་འཇུག་དེ་ནི་དུས་རབས16པར་དཔར་དུ་བཏབ་པའི་དགའ་ལྡན་དཔར་རྙིང་གི་གྲས་ཤིག་ཡིན་པར་སེམས། དེ་དང་ཆབས་ཅིག་སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་དགའ་ལྡན་དཔར་རྙིང་དུ་གྲགས་པ་དེའི་ཞབས་ཤོག་ཏུ་བཏབ་པའི་དམིགས་བསལ་རྟགས་སམ་རྟགས་ཐམ་དེ་ཡང་རང་བཞིན་གྱིས་དུས་རབས16པར་བཏབ་པའི་རྟགས་ཐམ་ཞིག་ཡིན་པ་ཤེས། རྟགས་ཐམ་དེ་ནི་དཔར་ཁང་མཆིང་རུ་དཔལ་གྱི་གནམ་འདུན་གྱི་རྟགས་ཐམ་ཞིག་ཡིན་པར་སེམས། གང་ལགས་ཤེ་ན། སྔོན་གྱི་གནའ་དཔེ་མང་པོ་ཞིག་དཔར་ཁང་ངམ་ཉར་ཚགས་ས་གནས་གང་དུ་གནང་ཡོད་མེད་ཐང་གའམ་དམིགས་བསལ་རྟགས་བཀོད་སྲོལ་ཡོད་པ་སྟེ།  ད་ལྟ་རང་རེ་བོད་ལྗོངས་དཔེ་མཛོད་ཁང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་གནའ་དཔེ་གཙིགས་ཆེན་མང་པོ་ཞིག་གི་དབུ་ཤོག་གི་སྟེང་དུ། འབྲས་དང་དེའི་གཤམ་དུ་ཕྱིའམ་ནང་། དེའི་གཤམ་དུ་ཀ་མད་ཀྱི་གོ་རིམ་བཀོད་པ། དེའི་གཤམ་ཏུ་བོད་ཨང་བཅས་བྲིས་འདུག  དེ་དག་ལ་དབྱེ་ཞིབ་རགས་ཙམ་ཞིག་བྱས་ན་དེའི་སྟེང་དུ་གསལ་བའི་ཀ་མད་བཀོད་པ་ནི་གནའ་དཔེ་དེའི་རིགས་ཚན་གྱི་རྟགས་ཡིན། དཔེར་ན་ཚ་ཡིག་ནི་ཚད་མའི་སྐོར་དང་ར་ཡིག་ནི་ལོ་རྒྱུས་ཀྱི་གནའ་དཔེ་ཡིན། དེའི་གཤམ་གྱི་བོད་ཨང་དེ་ནི་ཀུན་དགའ་ར་བའི་གྲལ་རྟགས་ཡིན་པར་སེམས། ཡི་གེ་འབྲས་ཞེས་པའི་དོན་ནི་དཔལ་ལྡན་འབྲས་སྤུངས་དགོན་གྱི་མཚོན་རྟགས་ཤིག་ཡིན། ཕྱིའམ་ནང་ཞེས་བྱུང་བ་ནི་དཔེ་རྙིང་གི་དཔེ་ཁུངས་བརྗོད་པའི་རྟགས་ཤིག་ཡིན། གོང་གི་རྟགས་དེ་རིགས་མཇལ་བ་ཙམ་གྱིས་གནའ་དཔེ་དེ་ནི་དཔལ་ལྡན་འབྲས་སྤུངས་དགོན་གྱི་ཡིན་པ་ཐད་ཀར་ཐག་བཅད་ཆོག་ལ་དུས་རབས་ཀྱང17སྔོན་གྱི་གནའ་དཔེ་ཡིན་པ་ནི། རྒྱལ་མཆོག་ལྔ་པ་ཆེན་པོ་དགོངས་པ་རྫོགས(1682ལོ)པའི་རྗེས་སུ་ལྔ་པ་ཆེན་པོའི་ཕྱག་དཔེ་རྣམས་དཀར་ཆག་བཟོས་པ་མ་ཟད། ལྔ་སྒྲིལ་དུ་བྱས་ཞེས་པ་ལས་གནའ་དཔེའི་རྟགས་དེ་དུས་རབས17པའི་སྐབས་སུ་བསྐྱོན་ཡོད་པས་མཚོན། དེས་ན་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་སྟེང་གི་དམིགས་བསལ་རྟགས་དེ་ཡང་དུས་རབས16པའི་ནང་གི་དཔར་ཁང་གི་རྟགས་ཅིག་ཡིན་པ་གོང་གི་གནས་ཚུལ་དེ་ལས་མ་འདས་སོ།

2_4 སུག་རྒྱ་བཏབ་པའི་དཔེ་རྙིང་།

བམ་པོའི་རྫོགས་མཚུངས་སུ་གསལ་བའི་མདོ་བསྐལ་བཟང་དེ་ནི་དུས་རབས14པའི་བར་གྱི་གནའ་དཔེ་བྲིས་མ་ཞིག་ཡིན་པར་སེམས། གང་ཡིན་ཟེར་ན། རྒྱུ་མཚན་ནི་མདོ་བསྐལ་བཟང་དེའི་ཚེག་དང་ཤད་རྒྱག་སྟངས་ནི་དུས་རབས14སྔོན་གྱི་གནའ་དཔེ་ཇི་བཞིན་སུམ་རྟགས་གཞུང་གི་ང་ཡིག་མ་གཏོགས་ཡིག་ཤད་དབར་ཚེག་མེད་དེ་སོགས་ཞིབ་ཏུ་འབད་ཅེས་པར་བཀུར་བསྟི་མ་ཞུས་པར་ཚིག་གྲུབ་ཀྱི་རྫོགས་མཚམས་ང་ཡིག་ལ་མ་ལྟོས་པར་ཚང་མར་ཚེག་དང་ཤད་བསྣན་འདུག་ལ་ད་དུང་གི་གུ་ཕྱིར་ལྡོག་པ་ཡང་བྲིས་ཡོད་ཙང་དུས་རབས14བར་གྱི་དཔེ་རྙིང་བྲིས་བ་ཡིན་པར་ངོས་འཛིན་བྱས་ཡོད། དེར་བརྟེན་མདོ་སྡེ་བསྐལ་བཟང་གི་བམ་པོའི་རྫོགས་མཚམས་སུ་སུག་རྒྱ་བཏབ་པ་དེ་ཡང་དུས་རབས14པའི་ནང་དུ་བྱུང་བ་ཞིག་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།