གནའ་དཔེའི་མཇུག་བྱང་ལས་བྱུང་བའི་ཡི་གེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔེའི་མཇུག་བྱང་ལས་བྱུང་བའི་ཡི་གེ་བ།
སྔོན་གྱི་འཇིག་རྟེན་མིག་གཅིག་ལྟ་བུའི་ལོ་པཎ་སྐུ་དྲིན་ཅན་རྣམས་ཀྱིས་རང་སྲོག་དོད་དུ་བཙུགས་ཏེ་དཀའ་ངལ་ཁྲི་ཕྲག་མང་པོ་ཁྱད་དུ་བསད་དེ་རྒྱ་བལ་ལི་སོགས་ཀྱི་སྐད་དང་ཡི་གེ་ལས་རང་རིགས་ཀྱི་ཕ་སྐད་དུ་ཕབ་སྒྱུར་གནང་བའི་གསུང་རབ་བཀའ་འགྱུར་དང་། དེ་དག་ལ་ལུང་དང་རིག་པས་ཁུངས་བཅོལ་ཏེ་རང་རིགས་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟར་བྱོན་པ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གསུང་རབ་འགྲེལ་རྩོམ་ཁག་ལྗགས་རྩོམ་གནང་བ་དེ་དག་ལས། བོད་ཀྱི་གསུང་རབ་རྡོ་ཆེན་བཀའ་འགྱུར་སོགས་ཀྱི་རྩིག་པར་རྡོ་ཆུང་འགྲེལ་རྩོམ་དག་ལས་ལྷན་པ་སྟེར་ཏེ། བྲིས་དང་དཔར་མའི་གསུང་རབ་བྲག་རི་བརྩིགས་པ་འདྲ་བ་དེ་དག་ད་ལྟ་རང་རིགས་ཀྱི་མཇལ་ཡུལ་དུ་མཆིས་པ་ནི་སྐལ་བ་བཟང་ངོ་།། དེ་དག་གི་ཁྲོད་ནས་རང་རང་ལས་རིགས་མི་འདྲ་བ་སོ་སོའི་ཞིབ་འཇུག་པ་དང་དཔེ་ཆ་བ་དག་གིས་སྔོན་གྱི་གསུང་རབ་གཟིགས་མྱོང་ཡོད་ཚེ། གསུང་རབ་དེ་དག་གི་མཇུག་བྱང་དུ་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གི་མཐོང་ཐོས་སུ་གྱུར་པ་ལྟར་ཡི་གེ་བ་ཆེ་གེ་མོས་སུག་བྲིས་བགྱིས་ཞེས་དང་ཡང་ཡི་གེ་བ་རང་གི་སློབ་མ་ཆེ་གེ་མོའོ་སོགས་མཐོང་ཐོས་དབང་པོའི་ཡུལ་དུ་གྱུར་ཡོད་ངེས་ལགས། འོན་ཏེ་དེའི་ཐད་ལ་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གིས་མཉམ་འཇོག་མ་གནང་བའམ་ཡང་ན་དུས་ཚོད་ཀྱིས་རྐྱེན་པས་དེའི་སྐོར་ལ་དཔྱད་པ་བཏང་ཡོད་པ་ད་ཕན་མཐོང་ཐོས་སུ་མ་གྱུར། དེ་ནི་བོད་ཀྱི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པར་སེམས་ཏེ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་རྒྱ་ནག་གི་བཀའ་བསྟན་རྣམས་ལ་འགྱུར་བྱང་གི་དོན་དུ་ལོ་ཙཱ་བའི་མཚན་ཙམ་འགོད་པ་ལས། རྒྱ་གར་སྐད་དང་འགྱུར་ཕྱག བམ་གྲངས་འགོད་པ་སོགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་སྣང་ངོ་།། དེ་བཞིན་དུ་རྒྱ་ནག་གི་འགྱུར་བྱང་གཞུང་གི་མཇུག་ཏུ་མི་འགོད་པར་དབུར་འགོད་པ་ནི་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ།། ཞེས་གསུངས་པས་མཚོན། དེས་ན་འདིར་མཛད་བྱང་ལས་བྱུང་བའི་ཡི་གེ་བ་དང་། བྲིས་མ་ལས་བྱུང་བའི་འབྲི་བཤུས་ཡི་གེ་བ། དཔར་བྱང་ལས་བྱུང་བའི་ཡི་གེ་བ། འགྱུར་བྱང་ལས་བྱུང་བའི་ཡི་གེ་བ་བཅས་རིམ་པ་བཞིན་བཤད་པར་བྱའོ།
1 ​མཛད་བྱང་གི་དགོས་པ།

བོད་ཀྱི་གསུང་རབ་ཡོད་དོ་ཅོག་སྔོན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟར་བྱོན་པ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན་གཤིས་དེ་དག་ལ་མཛད་བྱང་མང་ཉུང་དང་ཞིབ་རྒྱས་ལ་མ་ལྟོས་པའི་མཛད་བྱང་ངེས་པར་དུ་ཡོད་དགོས་པ་ཞིག་ལགས། མཛད་བྱང་གིས་བོད་ཀྱི་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་ལ་གཙིགས་ཆེན་གྱི་ཆ་འཕྲིན་མང་པོ་ཞིག་མཁོ་འདོན་ཐུབ་ཀྱི་ཡོད་པ་སྟེ། དཔེར་ན་རྩོམ་རིག་དེ་ཐོག་མར་མཛད་པ་པོར་སྐུལ་སློང་གི་ས་བོན་ཐད་ཀར་བསྐྲུན་གནང་མཁན་གྱི་བླ་སློབ་སུ་དང་སུ། ལྗགས་རྩོམ་གནང་མཁན་སུ་དང་སུ། ལྗགས་རྩོམ་གནང་སའི་ཡུལ་ལུང་གང་དང་གང་། ལྗགས་རྩོམ་གྱི་དུས་ཡུན་རིང་ཐུང་། ལྗགས་རྩོམ་གྱི་ལུང་ཁུངས་རྒྱབ་རྟེན་གང་ལ་བཅོལ་ཡོད་མེད། ལྗགས་རྩོམ་དེ་རེག་ཟིག་ཏུ་ཕབ་མཁན་གྱི་ཡི་གེ་བ་སུ་ཡིན་མིན་སོགས་ཁ་གསལ་གཏིང་གསལ་ཞིག་སྟོན་ཐུབ་པ་དེ་ལ་རྒྱ་བོད་ཀྱི་གསུང་རབ་རིག་པ་སྨྲ་བ་དག་གིས་གསུང་རབ་ཀྱི་མཛད་བྱང་ཞེས་བརྗོད་གནང་གི་འདུག་པས་དེ་ལྟར་ཐད། འོན་ཏེ་ལོ་རྒྱུས་དང་དུས་རབས་དབང་གིས་གསུང་རབ་ལ་ལར་མཛད་བྱང་མ་གསལ་བའམ་མཛད་པ་པོ་གསལ་པོར་མ་བཀོད་པ་དམའ་ས་བཟུང་ནས་འབྲི་གནང་མཛད་པ་སྟེ། དཔེར་ན་སྙོམས་ལས་པ་དང་སྤྲང་འཁྱམས་པ། བགྱི་ན་བ། ཤཱཀྱའི་དགེ་སློང་ཞིག་གིས་གཡར་ཁྲལ་ཙམ་དུ་བྲིས་ཞེས་པ་སོགས་དང་ཐ་ན་མཛད་པ་པོའི་མཚན་ཡེ་ནས་མ་གསལ་བ་ཡང་འདུག  གསུང་རབ་དེ་དག་རྒྱ་ཆེའི་ཞིབ་འཇུག་པ་རྣམས་ཀྱི་ལུང་དུ་འདྲེན་པའི་སྤོབས་པ་བྲལ་བ་དང་གསུང་རབ་རིག་པའི་ཕྱག་ལས་གནང་མཁན་དག་གི་ངོས་ནས་འཆད་ན་ཡང་གསུང་རབ་དེའི་དཔར་གཞིའི་རིན་ཐང་དང་དཔར་དེ་དུས་རབས་ཅི་ཙམ་ཞིག་གི་དཔར་ཡིན་མིན་གཏན་ལ་དབབ་དཀའ་བར་སྣང་། དེར་བརྟེན་དུས་རབས་18པའི་ནང་དུ་བྱོན་པའི་ཨ་ལག་ཤ་བསྟན་དར་ལྷ་རམས་པས།  བསྟན་བཅོས་རྩོམ་པ་པོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་དངོས་སུ་སྤས་ནས་གཞན་ལ་མ་གྲགས་པའི་མིང་གཞན་དག་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ།བྱེད་པ་པོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ནའང་ཐེ་ཚོམ་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་དྲངས་མ་ནུས་པ་ཡང་དེས་ལན་འདུག་པས། སྐྱོན་དེ་དག་དོར་ཏེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་ཀྱི་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གི་གཞིར་བཟུང་ནས་ཡིག་འབྲུ་རྣམ་གསུམ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་མ་ནོར་བ་ཐོབ་པའི་ཚུལ་གྱིས་བརྩམས་པར་བྱའོ། ཞེས་གསུངས་གནང་བ་དེས་གསུང་རབ་ཀྱི་མཛད་བྱང་ཁ་གསལ་བཀོད་དགོས་པའི་ཐད་གནད་དུ་སྨོན་པའི་བསླབ་བྱ་གནང་འདུག་གོ

2 མཛད་བྱང་ལས་བྱུང་བའི་ཡི་གེ་བ།

ཡི་གེ་བ་ཞེས་པ་ནི་སྐབས་དེ་དུས་མཛད་པ་པོ་ཆེ་གེ་མོ་ཞིག་གིས་ལྗགས་རྩོམ་གནང་བའི་གཞུང་གི་བརྗོད་དོན་དག་མ་འཆུག་མ་འཛོལ་བར་མཛད་པ་པོ་ཁོང་རང་གི་དགོངས་དོན་ལྟར་ཤོག་ཐོག་ཏུ་ཡི་གེར་ཕབ་མཁན་གྱི་སྐྱེ་བོ་དེ་ལ་ཟེར། དཔེར་ན་རྗེ་རིན་པོ་ཆེ(1357-1419)དགུང་ལོ་ཉི་ཤུ་རྩ་བཞིའི་ཐོག་བརྒྱད་སྟོང་གི་ལེའུ་སུམ་ཅུ་དང་སོ་གཅིག་གཉིས་ལ་ཁུངས་བཅོལ་ཏེ་ལྗགས་རྩོམ་གནང་བའི་སྙན་རྩོམ་གྲགས་ཅན་བྱང་ཆུབ་སེམས་དཔའ་རྟག་བྱང་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚྭ་ཁོ་པ་ངག་དབང་གྲགས་པའོ། ཞེས་བཀོད་གནང་འདུག་པ་དེར་བསམ་གཞིགས་གཅིག་གནང་བ་ཡིན་ན། སྙན་རྩོམ་དེ་མཛད་པའི་སྐབས་སུ་སུག་བྲིས་གནང་མཁན་ནི་ཚྭ་ཁོ་ངག་དབང་གྲགས་པ་ཞུ་བ་དེ་ཡིན་པ་གོང་གི་མཛད་བྱང་ལས་ང་ཚོས་རྟོགས་སླ། ཡི་གེ་བ་ཁོང་དང་རྗེ་རིན་པོ་རྣམ་གཉིས་ནི་བླ་སློབ་ཀྱི་འབྲེལ་བ་ཡིན་པ་སྟེ་རྗེ་འཇིགས་མེད་རིག་པའི་བློ་གྲོས་ཀྱིས་གསུངས་དོན། སྐུ་འབུམ་དཔར་ན་ཚྭ་ཁོ་ཞེས་པའི་ཚ་ལ་ཝ་ཟུར་བྲིས་ཡོད་མོད་ཀྱང་། འདི་ལ་ཝ་ཟུར་འབྲི་མི་དགོས། འདི་ནི་དེང་སང་སི་ཁྲོན་ས་ཆ་ན་ཚ་ཁོ་ཞེས་ཡོད་པ་དེ་ཡིན། ཚ་ཁོ་རྒྱལ་ཕྲན་བཅོ་བརྒྱད་ཅེས་ཚ་ཁོ་ལ་རྒྱལ་ཕྲན་བཅོ་བརྒྱད་བརྩི་རྒྱུ་ཡོད། འདི་དག་གི་ཕྱོགས་ལ་ཚ་ཁོ་ས་ཆ་ཟེར། ཕྱོགས་འདི་ནས་ཡིན་ཙ་ན་ཚ་ཁོ་པ་ཟེར། མཚན་དངོས་ནི་དང་དབང་གྲགས་པ་ཡིན། ནམ་འཁྲུངས་ནམ་འདས་མི་གསལ་ཀྱང་། ལྷ་ས་ནས་མར་ཨ་མདོའི་ས་ཆར་ཕེབས་པའི་ལོ་ཚིགས་ཤེས་ཐུབ། རབ་བྱུང་བདུན་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ1410ཡིན། ལོ་འདིར་རྒྱལ་རོང་ས་ཆར་ཕེངས་ནས་དགོན་པ་མང་པོ་ཕྱག་འདེབས་མཛད་པ་ཡིན། ཞེས་པ་ལས་ཡི་གེ་བའི་ཕ་ཡུལ་གང་ནས་ཡིན་ཤེས་རྟོགས་ཐུབ་པ་མ་ཟད་ཡི་གེ་བ་ཚ་ཁོ་ངག་དབང་གྲགས་པ་ནི་སྙན་དངགས་མ་མཁས་པ་ཞིག་ཡིན་པ་མཛད་བྱང་དུ་འཁོད་པ་ལྟར། མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཞེས་པའི་མཚན་སྙན་དེ་ནི་གཞུང་དེ་ལ་མཁན་པས་ན་སྙན་དངགས་མཁན་ཞེས་ཐོབ་པ་མ་གཏོགས་གང་བྱུང་གི་མཚན་སྙན་དེ་འདྲ་ག་ལ་འཐོབ་སྲིད་སྙམ། བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཚ་ཁོ་དཔོན་པོ་དང་དབང་གྲགས་པའི་ལོ་རྒྱུས་སུ། ཁོང་གི་མཚན་གཞན་རྗེ་རིན་པོ་ཆེའི་ཐུགས་སྲས་མཁན་ཆེན་ངག་དབང་གྲགས་པ་ཡང་ཟེར། ཞེས་དང་ཀློང་རྡོལ་བླ་མ་དང་དབང་བློ་བཟང་གིས་ཀྱང་གསུངས་དོན། རྒྱལ་བ་ཙོང་ཁ་པའི་དངོས་སློབ་ཇི་ཙམ་ཡོད་ཅེ་ན་བརྒྱ་དང་བཞི་བཅུ་ཞེ་བདུན་ཡོད། རྒྱལ་བ་ཙོང་ཁ་པའི་དངོས་སློབ་ཇི་ཙམ་ཡོད་ཅེ་ན་བརྒྱ་དང་བཞི་བཅུ་ཞེ་བདུན་ཡོད། བླ་མ་དབུ་མ་གཅིག  མཁན་ཆེན་ཕྱག་རྡོར་པ་གཉིས། རེད་མདའ་བ་གསུམ་ནི་བླ་མ་ཆོས་འབྲེལ་ཐོབ་པ་གསུམ། རྒྱལ་མོ་རིང་ཚ་ཁོ་ངག་དབང་གྲགས་པ། མདོ་སྟོད་གྲགས་པ་བློ་གྲོས། ལྡོང་སྟོན་ཛྙ་ན་ཤཱི། དགེ་བཤེས་ཤ་སྟོན་པ་བཞི་བྱ་བྲལ་ཐེག་གོང་གི་སྔ་ཚར་བཞི་དང་བདུན་་་་་་བླ་མ་ཆོས་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་དང་བརྒྱ་དང་ཞེ་བདུན་ནོ། ཞེས་པ་སོགས་ལས་ཡི་གེ་བ་ཚ་ཁོ་ངག་དབང་གྲགས་པ་ནི་རྗེ་རིན་པོ་ཆེའི་དངོས་སློབ་ཡིན་གཤིས་སྐབས་དེ་དུས་ཁོང་གིས་ཡི་གེ་བ་མཛད་ཡོད། དེས་ན་ང་ཚོས་གོང་དུ་བརྗོད་པའི་དཔེ་དེ་ལ་གཞིགས་ནས་མཛད་བྱང་ལས་བྱུང་བའི་ཡི་གེ་བ་དེར་སྡོམ་གོང་དུ་བརྗོད་པའི་དཔེ་དེ་ལ་གཞིགས་ནས་མཛད་བྱང་ལས་བྱུང་བའི་ཡི་གེ་བ་དེར་སྡོམ་ཚིག་གཅིག་བྱས་པ་ཡིན་ན། ཡི་གེ་བ་དེར་སྤྱིར་གྱི་ཆ་ནས་ཆ་རྐྱེན་གསུམ་ཙམ་ཞིག་འཛོམས་དགོས་པར་མངོན།

1 གཞུང་དེ་ལྗགས་རྩོམ་གནང་མཁན་དེའི་སྤྱན་སྔར་རྒྱུན་སྡོད་མཁན་གྱི་སློབ་མ་ཞིག་དང་བླ་མའི་གསུང་སྒྲོས་ལ་ཤིན་ཏུ་ནས་ཆ་རྒྱུས་ཡོད་པ་ཞིག་དགོས།  གལ་ཏེ་དེ་ལྟར་མིན་ཚེ་གཞུང་དེའི་ནང་དོན་གོ་ལོག་ཐོས་ལོག་ཏུ་གྱུར་ནས་སུག་བྲིས་འོས་ཚོད་ཀྱིས་སྦྱར་ན་མཛད་པ་པོའི་དགོངས་པ་ཇི་མ་ཇི་བཞིན་ལོན་དཀའ།

2 མདོ་སྔགས་ཀྱི་གཞུང་དོན་ལ་ནང་བྱན་ཆུད་པ་ཞིག་གམ་མ་མཐར་ཡང་གང་འཆད་པར་བྱ་བའི་གཞུང་དེའི་ནང་དོན་ལ་ཧ་ཅང་གི་འབྱོངས་པོ་ཞིག་དགོས། དཔེར་ན་ཕར་ཕྱིན་གཞུང་གི་ཡི་གེ་བ་ཞིག་ཡིན་ན། གཞུང་དེའི་ནང་དོན་རི་མོ་མཐོན་པོའི་སྟེང་ནས་ལུང་པའི་ལུང་ཤུར་ལ་གཞལ་པ་ལྟ་བུ་ཞིག་དགོས།

3 སུམ་རྟགས་དག་གསུམ་གྱི་གཞུང་ལ་ཞིབ་ཆ་ཆེ་ཞིང་ཡི་གེ་བྲིས་དག་པ། སུག་བྲིས་ལ་ཤིན་ཏུ་ནས་མྱུར་པ། གངས་ཅན་སྤྱི་ལ་ཁྱད་པའི་སྐུང་ཡིག་བཀོལ་མཁས་པ་ཞིག་དགོས། དེ་ལྟར་བྱུང་ན་མོང་དོན་མཚུངས་པའི་ཡི་གེ་བ་ཞིག་ཡིན་པར་སེམས་སོ།

3 བྲིས་མ་ལས་བྱུང་བའི་ཡི་གེ་བ།

དེ་ཡང་བོད་ཀྱི་ཡུལ་འདིར་དཔར་ཀྱི་ལག་རྩལ་དེ་དུས་སྔ་མོ་ཞིག་ནས་དར་ཡོད་མོད་ཀྱང་། དཔར་གྱི་ལག་རྩལ་དེ་བོད་ཡུལ་གྱི་རི་སུལ་ཁག་ཏུ་ས་ཁྱབ་རྡོ་ཁྱབ་དུ་མ་སོང་བའི་རིང་ལ་ལུས་ངག་ཡིད་གསུམ་ནང་བསྟན་ཆོས་སྒོར་ཕུལ་བའི་དགེ་འདུན་པ་རྣམས་ཀྱིས་ཕ་རྗེས་བུས་འཛིན་པ་ལྟར་རང་གི་ཕ་བླ་མ་དམ་པའི་གསུང་རྒྱུན་དྲི་མ་མེད་པ་དག་རྒྱུན་ཆད་མེད་པར་ཆུ་བོའི་རྒྱུན་བཞིན་གནས་པའི་ཆེད། ཕྱག་དཔེ་འབྲི་བཤུའི་ལས་ལ་བརྩོན་པ་དེ་དང་གཅིག  གཉིས་ནང་བསྟན་ལ་ལྷག་བསམ་ཞེན་པ་དཀར་པོས་དད་གུས་གནང་མཁན་གྱི་འཇིག་རྟེན་ཁྱིམ་པ་དག་གིས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་སླད། རང་གི་འཁོས་འབྱོར་ལ་དཔག་ནས་སྔོན་གྱི་སྐྱེ་བོ་དམ་པ་མཚན་ནས་བརྗོད་པར་དཀའ་བ་རྣམས་ཀྱི་ལྗགས་རྩོམ་གནང་བའི་གསུང་རབ་སྤུས་མ་དག་དགོན་སྡེ་དང་མི་སྒེར་གྱི་ཕྱག་ནས་གཡར་པོ་ཞུས་ཏེ། རང་ཉིད་བསམ་བློ་རྣལ་དུ་ཕབ་ནས་འབྲི་བཤུ་གནང་བའམ་ཡང་ན་ཡིག་གཟིགས་དང་ཡི་གེའི་དག་ཐོན་པའི་མི་སྣར་སྐུ་ཡོན་ཕུལ་ཏེ་འབྲི་བཤུས་གནང་ནས་དཔེ་རྙིང་མང་པོ་ཞིག་བཞེངས་གནང་ཡོད་སྟབས་ད་ལྟ་རང་རེ་རྣམས་ཀྱི་སྔོན་གྱི་དཔེ་རྙིང་གཙིགས་ཆེན་ཡིག་གཟུགས་མི་འདྲ་བ་ཁག་མང་པོ་ཞིག་མཇལ་རྒྱུ་བྱུང་།  ཕྱག་དཔེ་བྲིས་མ་སྤུས་ལེགས་དེ་དག་གི་མཇུག་བྱང་དུ། མཁས་པ་ཆེ་གེ་མོས་ཡུལ་ག་གེ་མོར་མཛད། མཁས་པ་ཆེ་གེ་མོའི་ཕྱག་དཔེ་ཡིན། ཆེ་གེ་མོས་འབྲི་བཤུས་བགྱིས། ཞུས་དག་གོ་ཞེས་པ་སོགས་སུག་བྲིས་གནང་འདུག 

དཔེར་ན་འོན་ཀེ་རུར་བཞུགས་པའི་ཤེར་ཕྱིན་བྲིས་མ་བམ་པོ་གཉིས་པའི་རྫོགས་མཚམས་དེར་འགོས་ཤག་སྲས་ཀྱྀས་བྲྀས། ཞེས་ཡིག་མཁན་གྱི་མིང་བྱུང་། ཡིག་མཁན་དེའི་མཚན་འགོས་ཤག་སྲས་ཞེས་པ་ལས་བརྗོད་ན་ཡིག་མཁན་དེ་དུས་རབས12པའི་ཡར་སྔོན་དུ་བྱོན་པའི་ཡིག་མཁན་ཡིན་པར་སེམས། རྒྱུ་མཚན་ནི་ཤེར་ཕྱིན་དེ་འོན་ཀེ་རུ་ལྷ་ཁང་དུ་ཉར་ཚགས་བྱས་ནས་ད་བར་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པ་ནི་ཤེར་ཕྱིན་དེའི་བྲིས་གཟུགས་ལས་ཤེས་ཏེ། བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་དང་ཏུན་ཧོང་ནས་ཐོན་པའི་དཔེ་རྙིང་གི་ཡིག་གཟུགས་དང་རུ་གཅིག་ཏུ་བཞག་སྟེ་བསྡུར་སྐབས། དེ་དག་གི་གི་གུ་ལྡོག་པ་དང་མ་ཡང་ཡ་བཏགས།  ད་དྲག་བཀོལ་སྟངས། འཕྲུལ་ཡིག་འབྲི་གཟུགས་སོགས་ལ་བལྟས་ན་ཧ་ལམ་ཏུན་ཧོང་གི་ཡིག་རྙིང་དང་དུས་རབས་གཅིག་མཚུངས་སུ་འདུག  ལྷག་དོན་དུ་དཔེ་རྙིང་དེའི་སྒོར་ཐིག་དུ་མིག་ཕུ་ཕུག་པ་དང་བམ་པོའི་རྫོགས་མཚམས་དེར་ཡིག་མཁན་བྲིས་ཡོད་པ་བཅས་ལས། དཔེ་རྙིང་འདི་ནི་མ་མཐར་ཡང་དུས་རབས12ཡར་སྔོན་དུ་ཡིག་མཁན་འགོས་ཤག་སྲས་ཀྱིས་འབྲི་བཤུས་བགྱིས་པའི་དཔེ་རྙེང་ཞིག་ཡིན་པ་ཐེ་ཚོམ་མེད། ཡིག་མཁན་གྱི་རུས་འགོས་ལས་འཆད་ན། རང་རེ་བོད་ཀྱི་ལོ་རྒྱུས་ཐོག་རུས་འགོས་ཀྱི་མཁས་པ་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་སྟེ། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་སྐབས་དུས་རབས7པའི་སྨད་ཙམ་དུ་སྐུ་འཁྲུངས་པའི་འགོས་ལཡག་ཆུང་། དུས་རབས་8པའི་དུས་འགོར་འཁྲུངས་པའི་འཕྲུལ་བློན་མཛམས་མི་བདུན་གྱི་དྲུག་པ་འགོའ་ཁྲི་བཟང་ཡབ་ལྷག  སྤྱི་ལོ833-859ནང་ཏུན་ཧོང་དུ་ཕེབས་ནས་བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་མཁན་གྱི་ལོ་ཙཱ་བ་ཆེན་པོ་འགོས་ཆོས་འགྲུབ། སྤྱི་ལོ1089ལོར་སྐུ་འཁྲུངས་པའི་འགོས་ཁུག་པ་ལྷས་བཙས། སྤྱི་ལོ1389ལོར་འཁྲུངས་པའི་འགོས་ལོ་ཡིད་བཟང་རྩེ་པ་གཞིན་ནུ་དཔལ་བ། དུས་རབས14པར་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་རྩེར་སོན་པ་འགོས་ལོ་ཆེན་ཆོས་སྐྱོང་བཟང་པོ་སོགས་འཁྲུངས་པ་ལས་འགོས་ཀྱི་ཁྱིམ་རྒྱུད་དེར་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོའི་རྨང་བརྟན་པོ་ཞིག་ཚུགས་པའམ་སློབ་གསོའི་ཆ་རྐྱེན་འཛོམས་པའི་འགོས་ཀྱི་ཁྱིམ་གཞིས་ཤིན་ཏུ་འཁྲུངས་པར་བརྟེན་ཕྱོགས་གང་ཅིའི་ཐད། སློབ་གསོ་ཐོབ་པའི་གོ་སྐབས་དང་ཁོར་ཡག་བཟང་པོ་ཡོད་སྟབས་འགོས་ཀྱི་མཚན་ཅན་གཞན་དང་འདྲ་བའི་སྲོལ་རྒྱུན་རིག་གནས་པ་མཁས་པས་ཤེར་ཕྱིན་འབུམ་དེ་འདྲི་བཤུས་ཀྱི་ཡི་གེ་བར་གདན་འདྲེན་ཞུས་པ་རེད། འགོས་ཤག་སྲས་དེ་འགོས་ཀྱི་ཡུལ་ལུང་གང་ཞིག་ཏུ་འཁྲུངས་སམ་ཞེས་ན། བཀའ་ཐང་སྡེ་སྔར་སྟོང་སྡེ་རྟ་དམག་དཔྱད་པའི་སྐབས་སུ། རུ་ལག་སྨད་ཀྱི་སྟོང་སྡེ་བཞིའི་ཡ་གྱལ་དུ་གད་བཀྲམ་འགོས་ཀྱི་སྟོང་སྡེ་ཡིན་ཞེས་དང་ཡང་དེ་ཉིད་དུ་གཡང་རུའི་སྟོང་སྡེ་བརྒྱད་སྐབས་ཡེལ་རབས་ཟོམ་སྟེང་འགོས་ཀྱི་སྟོང་སྡེ་ཡིན་ཞེས་བཀོད་པར་གཞིགས་ན། དེ་སྔ་བོད་ལ་སྟོང་སྡེ་རེ་གཅིག་བགོས་པའི་སྐབས་འགོས་ཀྱི་རིགས་རྒྱུད་ཀྱིས་སྟོང་སྡེ་གཉིས་བཟུང་ཡོད་ལ། གཡས་རུ་སྨད་ཀྱི་དམག་དཔོན་ཡང་འགོས་ཀྱི་རྒྱུད་དུ་འཁྲུངས་པའི་འགོས་ཁྲི་བསྙོན་དཔལ་མོ་ཡིན་པར་འདུག་དཔའ་བོ་གཙུག་ལག་ཕྲེང་བས་དེའི་སྐབས་ཀྱི་གསར་རུ་དང་རུ་ལག་ནི་གཙང་གི་ས་ཆར་ཕྱེ་བའི་རུ་གཉིས་སམ་ས་ཁོངས་བཅད་པ་གཉིས་ཡིན་པར་གསལ་བ་དང་། དེས་མ་ཟད་འཆིང་ང་འཆིང་ཡུལ་མགོས་དང་སྣུབས་ཀྱི་ཡུལ་ཞེས་འཆིང་ང་འཆིང་ཡུལ་འགོས་དང་སྣུབས་ཀྱི་ཡུལ་ཡིན་པར་བཤད་པ་སོགས་ལ་བལྟས་ན། འགོས་ཀྱི་རིགས་རྒྱུད་ནི་བོད་ཀྱི་ལོ་རྒྱུས་སྟེང་རིགས་རྒྱུད་ཆེ་ཁག་གཅིག་ཡིན་པ་སྨོས་མི་དགོས། ཡིན་ནའང་ཡིག་མཁན་འགོས་ཤག་སྲས་ཞེས་ཞུ་བ་འདི་ནི་ཡུལ་ལུང་གང་དུ་འགོས་ཀྱི་རིགས་རྒྱུད་དུ་སྐུ་འཁྲུངས་པའི་ཚུལ་ལོ་རྒྱུས་ཆོས་འབྱུང་སོགས་སུ་མི་སྣང་ཡང་། འདིར་རང་ཉིད་ཀྱིས་རྨོངས་ཚོད་ལྟར་ན། མཁས་པ་ལ་ལས་སྤྱི་ལོ1089ལོར་སྐུ་འཁྲུངས་པའི་འགོས་ཁུག་པ་ལྷས་བཙས་ནི་གཙང་རྟ་ནག་ཕུའི་ཁུག་པ་ནས་ཡིན་པར་བཞེད། གཞང་ཡང་ལོ་གཞོན་ནུ་དཔལ་ཡང་འགོས་ཀྱི་རྒྱུད་དུ་སྐུ་འཁྲུངས་པར་དོགས་པར་མེད་ཀྱང་། བོད་ཀྱི་ལོ་རྒྱུས་ལྟར་ན་འགོས་ལོ་གཞོན་ནུ་དཔལ་བ་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྒྱས་སྨན་ལྷ་ཁང་གི་མདོའམ་པ་རའི་གྲོང་ནག་མེ་དགུ་ཟེར་པར་སྐུ་འཁྲུངས་པར་འདོད་ན། དཔའ་བོ་གཙུག་ལག་འཕྲེང་བས་གསུངས་པའི་འཆིང་ང་འཆིང་ཡུལ་ནི་འགོས་དང་སྣུབས་ཀྱི་ཡུལ་ཞེས་པ་དང་མཐུན། འདིར་བརྗོད་པའི་འཆིང་ང་འཆིང་ཡུལ་ནི་ད་ལྟའི་འཕྱོངས་རྒྱས་འཕྱིང་བ་ས་ཁུལ་ཡིན་པ་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས། ད་དུང་བོད་རྒྱ་ཚིག་མཛོད་ཆེན་མོར་འགོས་ཀྱི་ཐ་སྙད་འགྲེལ་སྐབས་འགོས་ནི་ལྷོ་ཁ་ས་ཁུལ་ཁོངས་འཕྱོངས་རྒྱས་རྫོང་གི་ས་ཁུལ་འཆིང་ང་ཟེར་བར་བྱུང་བའི་སྔར་བོད་ཀྱི་རིགས་རུས་ཤིག་ཡིན་པར་བཤད་པ་དང་། ད་དུང་འགོས་ཆོས་འགྲུབ་དང་འགོས་ལོ་གཞོན་ནུ་དཔལ་ཞེས་པའི་ལོ་ཙཱ་བ་ཆེན་པོ་རྣམས་བྱོན་ཞེས་བཀོད་པ་ལ་གཞིགས་ན། དུས་རབས12པའི་ཡར་སྔོན་དུ་བྱོན་པའི་ཡིག་མཁན་དབུ་ཆེན་འགོས་ཤག་སྲས་ཀྱང་འོན་ཀེ་རུ་ལྷ་ཁང་དང་ས་ཐག་མི་རུང་བའི་འཕྱོངས་རྒྱས་རྫོང་ཁོངས་ཀྱི་འཆིང་བ་ཞེས་པའི་ས་དེར་འགོས་ཀྱི་ཁྱིམ་གཞིས་སུ་སྐུ་འཁྲུངས་པ་ཞིག་ཡིན་ཙང་། སྐབས་དེ་དུས་ཤེར་ཕྱིན་འབུམ་དེ་འབྲི་བཤུ་བར་གདན་འདྲེན་ཞུས་པ་རེད། སྐབས་དེ་དུས་འབུམ་བཞེངས་མཁན་ཡིག་མཁན་གདན་འདྲེན་ཞུ་སྲོལ་ཡོད་པ་སྟེ། འགོས་ལོ་གཞོན་ནུ་དཔལ་གྱིས་འདུས་པ་མར་ལུགས་ཀྱི་སྐབས་དེར་འཚུར་སྟོན་དབང་ངེའི་སྐོར་གསུང་སྐབས། འཚུར་སྟོན་དབང་ངེས་སློབ་གཉེར་ལ་འབད་པ་ཆེན་པོ་མཛད། དུས་ཕྱིས་སྐུ་བསོད་རྒྱས་ཏེ་འབུམ་བཞེངས་པའི་ཡིག་མཁན་ལ། ད་ལྟ་གསུང་བ་འདུས་པའི་གདམས་པ་སུ་ཆེ་ཞེས་དྲིས་ཞེས་པར་བལྟས་ན་སྐབས་དེ་དུས་འབུམ་བཞེངས་མཁན་གྱི་ཡིག་མཁན་འགོས་ཤག་སྲས་གདན་འདྲེན་ཞུས་པ་ཡུལ་དུས་གང་རུང་ནས་བལྟས་ན་ཡང་འོས་ཞིང་མཚམས་པ་ཞིག་གོ། ཡང་དཔེར་ན་བོད་ཀྱི་གསུང་རབ་སྨྲ་བ་བཅོམ་ལྡན་རིགས་པའི་རལ་གྲིའི་ཕྱག་དཔེ་ད་ལྟ་དཔལ་ལྡན་འབྲས་སྤུངས་སུ་བཞུགས་སུ་གསོལ་བའི་དཔེ་རྟགས་ཕྱི། ལ། 45ཅན་ཏེ། སངས་རྒྱས་ཀྱི་སྐྱེས་པའི་རབས་བཞུགས་སོ་ཞེས་པའི་ཕྱག་དཔེ་བྲིས་མ་ཐིག་ཕྲེང་བརྒྱད་ཅན་དེའི་མཇུག་བྱང་དུ་བླ་མ་ཟུར་ཁང་པའི་ཕྱག་དཔེ་ལགས།  །ནམ་མཁའ་བཟང་པོ་བདག་གིས་བྲིས། །འདི་ལྟར་ཏེ། གོང་དུ་འཁོད་པའི་མཇུག་བྱང་ལས་ང་ཚོས་ཤེས་རྟོགས་བྱུང་གསལ། སངས་རྒྱས་ཀྱི་སྐྱེས་པའི་རབས་ཞེས་པའི་ཕྱག་དཔེ་དེ་ལྗགས་རྩོམ་གནང་མཁན་ནི་གངས་རིའི་ཁྲོད་འདིར་སྙན་པའི་གྲགས་པ་ཆེས་ཆེར་ཁྱད་པའི་བོད་ཀྱི་གསུང་རབ་སྨྲ་བ་སྣར་ཐང་བཀའ་འགྱུར་ལ་ཞུས་དག་གནང་སྟེ་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་པ་ད་བརྩམས་གནང་མཁན་གྱི་བཅོམ་ལྡན་རིགས་པའི་རལ་གྲི(1227-1304)ཞུ་བ་དེ་ཡིན། བཅོམ་ལྡན་རིགས་པའི་རལ་གྲིས་མཛད་པའི་ཕྱག་དཔེ་སངས་རྒྱས་ཀྱི་སྐྱེས་རབས་ཞེས་པ་དེ་ནི་རྗེས་སུ་དགོན་སྡེ་དང་མི་སྒེར་སུ་ཞིག་གི་ཕྱག་ལ་ཉར་ཚགས་གནང་ཡོད་པའི་སྐོར་ལ་ཞུས་ན། ཕྱག་དཔེ་དེ་ནི་བླ་མ་ཟུར་ཁང་ཞུ་བ་དེས་ཉར་ཚགས་གནང་ཡོད་པ་གོང་གི་མཛད་བྱང་ལས་བླ་མ་ཟུར་ཁང་བའི་ཕྱག་ལགས་སོ་ཞེས་བས་ར་སྤྲོད་ཐུབ། བླ་མ་ཟུར་ཁང་བ་ཞུ་བ་དེ་དུས་ནམ་ཞིག་གི་མཁས་པ་སུ་ཞིག་ཡིན་མིན་ཞུ་ཚོད་མ་ཐིག་རུང་། མཁས་པ་ཁོང་ཟུར་ཁང་གི་རྒྱུད་ལས་འཁྲུངས་པའི་མཁས་པ་ཞིག་ཡིན་པའི་དབང་དུ་བརང་ན། ཟུར་ཁང་ཞེས་པའི་སྐོར་ལ་གསུང་རབ་སྨྲ་བའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས་དོན། ཟུར་ཁང་ཞེས་པ་མིང་སྟོབས་འབྱོར་ཅན། ས་གནས་སྲིད་གཞུང་གི་དཔོན་རིགས་སུ་གྱུར་པ་ཞིག་སྟེ་ཟུར་ཁང་ཞེས་པའི་དོན་ཡང་ངག་རྒྱུན་དུ་ཨེ་ལྷ་རྒྱ་རི་བའི་མི་རྒྱུད་ལ་བུ་མོ་ཞིག་བྱུང་བ་དང་པོ་བཙུན་མོ་བྱས།  རྗེས་སུ་ནང་ནས་ལོགས་སུ་ཐོན། ས་ཞིང་དང་ཁང་པ་སོགས་ཀྱི་སྐལ་བ་བླངས་ཏེ་ཁྱིམ་ཐབ་གསུམ་ནས་ནང་བཟུང་བ་ལ་ཟུར་ཁང་ཟེར་བ་ཡིན། ཞེས་པ་ལས་ཟུར་ཁང་གི་ལོ་རྒྱུས་ཞིབ་ཕྲ་ཞིག་ཤེས། དེས་ན་བླ་མ་ཟུར་ཁང་པའི་ཕྱག་གི་ཕྱག་དཔེ་དེ་ཡི་གེ་བ་ནམ་མཁའ་བཟང་པོ་ཞུ་བ་དེས་འབྲི་བཤུས་གནང་ཡོད་པ་ནི་མཇུག་བྱང་ལས་ར་སྤྲོད་བྱུང་། མདོར་ན་གོང་གི་མཇུག་བྱང་ལས་ཕྱག་དཔེ་དེ་འབྲི་བཤུ་གནང་མཁན་གྱི་ཡི་གེ་བ་དང་ཕྱག་དཔེ་ཉར་ཚགས་གནང་མཁན་སུ་ཡིན་མིན་བཅས་མཇུག་བྱང་ལས་ཞལ་མེ་ལོང་དུ་གཟིགས་ནས་ཞལ་ངོ་ཆོད་པ་ལྟ་བུར་སྣང་། སྐབས་འདིར་བྱུང་བའི་ཡི་གེ་བ་ནི་སྔོན་གྱི་མ་དཔེ་ཚད་ལྡན་དག་ལ་མ་དཔེ་བཅོལ་ནས་བུ་དཔེར་དབབ་གནང་མཁན་གྱི་ཡི་གེ་བ་དེ་ལ་ཞུ་ཡི་ཡོད། དེར་བརྟེན་ང་ཚོ་གསུང་རབ་ཀྱི་ཕྱག་ལས་གནང་མཁན་ཚོས་ཡིད་མཁན་གྱི་ཡི་གེ་བ་དེ་ལ་ཞུ་ཡི་ཡོད། དེར་བརྟེན་ང་ཚོ་གསུང་རབ་ཀྱི་ཕྱག་ལས་གནང་མཁན་ཚོས་ཡིད་གཟབ་གནང་དགོས་པ་ཞིག་ལ་མཛད་བྱུང་བའི་ཡི་གེ་བ་དང་སྐབས་འདིའི་ཕྱག་དཔེ་འབྲི་བཤུ་མཁན་གྱི་ཡི་གེ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་གཅིག་ཏུ་འཁྲུལ་སྣང་མེད་པར་ཞུ།

4 དཔར་བྱང་ལས་བྱུང་བའི་ཡི་གེ་བ།

དཔར་བྱང་ཞེས་པ་ནི་དཔར་བྱང་སྨོན་ཚིག་ལ་ཟེར་ཞིང་། བོད་ཀྱི་གནའ་རྩོམ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད། དེ་ནི་གནའ་རྩོམ་དེ་ཆ་ཡོངས་སུ་རྫོགས་ནས་ཕྱག་དཔེ་བྲིས་མ་དེ་མ་དཔེར་བཟུང་སྟེ་དེ་དག་ཡིག་བརྐོ་མཁས་པས་དཔར་ཤིང་ལ་བརྐོ་བའི་སྐབས་སུ་སྐྱེས་ཆེན་དམ་པ་ཞིག་གིས་ཚིགས་བཅད་ཀྱི་ལམ་ནས་གླེགས་བམ་དེ་དཔར་དུ་སྒྲུབ་དུས། དངོས་ཤུགས་གང་རུང་ནས་རྒྱུ་དངོས་སྦྱོར་མཁན་གྱི་སྦྱིན་བདག་གི་མཚན་དང་གླེགས་བམ་དེ་དཔར་ལ་བརྐོ་བའི་སྐབས་སུ་འདུ་བྱེད་ཡི་གེ་བའི་མཚད་དང་ཕྱག་དཔེའི་མཚན་བྱང་སོགས་དྲངས་ཏེ། དམ་པ་དེའི་གསུང་རབ་གླེགས་བམ་གྱི་མཇུག་ཏུ་དགའ་དད་སྤྲོ་གསུམ་གྱི་ངང་ནས་བཀྲི་ཤིས་སྨོན་ལམ་དང་བཅས་དམ་པ་དེའི་གསུང་རབ་ཕྱོགས་དང་རིས་སུ་མ་མཆིས་པར་ཕྱོགས་ཡོངས་ནས་བསྟན་པ་རྒྱས་ཆེད་དང་།  དགོས་འདོད་ཀྱི་འབྲས་བཟང་སྨིན་སླད་དུ་སྨོན་ཚིག་ཕུལ་བ་དེ་ལ་ཟེར།  དེས་ན་དཔར་བྱང་ལས་བྱུང་བའི་ཡི་གེ་བ་ནི་མཛད་བྱང་གི་ཡི་གེ་བ་དང་མི་འདྲ་བར་མཛད་པ་པོས་ལྗགས་རྩོམ་གནང་བའི་སྐབས་སུ་རེག་ཟིག་ཏུ་འགོད་མཁན་གྱི་ཡི་གེ་བ་དེ་མ་ཡིན་ལ། སྔོན་གྱི་རྩོམ་གདན་མ་རྣལ་མ་སྟེ་མཛད་བྱང་སྐབས་ཀྱི་ཡི་གེ་བའི་རེག་ཟིག་ལ་གཞི་ཁུངས་བཅོལ་ཏེ་དཔར་ཤིང་ཐོག་ཏུ་ཡི་གེ་བརྐོ་མཁན་གྱི་གང་ཟག་དེ་ལ་དཔར་གྱི་ཡི་གེ་བ་ཞེས་བརྗོད། དཔར་གྱི་ཡི་གེ་བ་དེ་ནི་སྔོན་དང་མི་འདྲ་བར་གཙོ་བོ་དབུ་ཆེན་གྱི་ཡི་གེ་འདུ་བྱེད་ལ་མཁས་པ། སྔོན་གྱི་སྐྱེ་བོ་དམ་པའི་རིག་ཟིག་ལ་རྒྱུས་ཆེ་བ། དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་སྐུང་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་དཔེ་རྟགས12722ཅན་བྲིས་མ་སྤུས་དག་སྟེ་རྒྱལ་བ་དགེ་འདུན་རྒྱ་མཚོས(1475-1542)མཛད་པའི་དཀར་ཆག་སྙན་ངག་སྙན་ངག་བྲིས་མ་དཔེ་ཚུགས་དེའི་ནང་དུ་གསལ་བ་རྣམ་པ་ཀུན་གྱིས་མཆོག་ལྡན་སྟོང་པའི་གཟུགས། རྣམ་མེད་དབྱིངས་དང་རི་གཅིག་བདེ་བ་ཆེ། རིགས་རྣམས་ཀུན་གྱིས་ཁྱབ་བདག་རྡོ་རྗེ་སེམས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། དེ་ཡི་དམ་པའི་དོན་གྱི་མཚན་བརྗོད་པས། གཉིས་མེད་རྒྱུད་རྣམས་ཀུན་ལ་ངེས་པ་སྟེར་བ། བྱང་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱིས། ལེགས་པར་བཤད་པའི་ལམ་སྲོལ་དུ་བཞུགས་པ། འདི་ནི་མཁས་པ་ཀུན་གྱི་འཇུག་ངོགས་ཏེ། ཚེ་གཅིག་ཉིད་ལ་སངས་རྒྱས་སར་བགྲོད་པའི། ལམ་གྱི་སྙིང་པོ་ཕྱོགས་འདིར་མཁས་གཞན་གྱིསཞ། གསལ་བར་མ་ནུས་སྔོན་མེད་ལེགས་བཤད་དེ། རྣམ་བཤད་མཆོག་འདི་ཀུན་ལ་སྤེལ་སླད་དུ། དཔར་དུ་སྒྲུབ་པའི་བརྐོས་དང་ཡི་གེ་ཡི། རིག་བྱེད་ཨེ་ཡི་མཁས་པ་ཀུན་བཟང་མཆེད། ཚིག་དོན་དང་དོན་གྱི་དག་བྱེད་རིག་གནས་ལྔ། མཐར་ཕྱིན་དཔལ་འབྱོར་ཡོན་ཏན་རྒྱ་མཚོ། དཀར་འཇམ་དཔར་ཤིང་གླེགས་བུའི་ཚོགས་རྣམས་ནི། ཕོ་བྲང་གཞིས་ཀ་སྟག་རྩེ་ཉིད་ནད་གནང་། དཔར་དུ་སྒྲུབ་པའི་མཐུན་རྐྱེན་ཡོ་བྱད་རྣམས། བླ་མའི་བཀའ་བཞིན་སྒྲུབ་པའི་ཞབས་འབྲིང་པ། གསུང་རབ་རྒྱ་མཚོས་དད་གུས་ངང་ནས་བསྒྲུབ། ཅེས་གོང་གི་དཔར་བྱང་ལས་ང་ཚོས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུང་དཔར་དུ་སྒྲུབ་པའི་བརྐོས་དང་ཡི་གེ་ཡི། རིག་བྱེད་ཨེ་ཡི་མཁས་པ་ཀུན་བཟང་མཆེད། ཚིག་དང་དོན་གྱི་དག་བྱེད་རིག་གནས་ལྔ། མཐར་ཕྱིན་དཔལ་འབྱོར་ཡོན་ཏན་རྒྱ་མཚོ་ཞེས་འཁོད་པ་དེ་ལས་ཨེ་ནི་ད་ལྟ་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་དུ་གནས་པའི་ཨེ་ལྷ་རྒྱ་རི་ཞེས་པའི་བརྒྱུད་པ་དཔལ་འབྱོར་ཡོན་ཏན་རྒྱ་མཚོ་ཞུ་བ་དེ་ཡིན། དེའི་བརྒྱུད་པ་ནི་བཙན་པོའི་བརྒྱུད་པ་ཡིན་ཞིང་ས་ཕག་གཉིས་ཀྱིས་སྲིད་དབང་བསྒྱུར་བའི་སྐབས་ནས་ཁྲིམས་སྒོ་རང་བཙན་ཡིན་པ་དང་བརྒྱུད་པ་དེ་ལས་བྱུང་བའི་ཡིག་གཟུགས་དམིགས་བསལ་ཅན་ཞིག་ཡོད་ཅེས་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས་ཡོད་ལ། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་སུའང་དེ་སྔ་ས་གནས་སྲིད་གཞུང་གིས་ཨེ་ཁུལ་ནས་ཨེ་ཕྲུག་པ་ཞེས་ཡིག་འབྲི་ཁག་གཅིག་སྐོང་བསྡུ་བྱེད་སྐབས་ཡི་གེ་གཟབ། གཤར། ལཉྫ། ཝརྟུ། ཧོར་ཡིག  སྔགས་ཡིག  ཡིག་གསར་བཅས་འབྲི་སྲོལ་དར་ཁྱབ་ཆེ་བ་དང་། ཤོག་བུ་ཚོས་གཞི་འདྲ་མིན་དང་སྣག་ཚ་འདྲ་མིན། གསང་ཡིག་འབྲི་བྱེད་ས་ཆ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔ་འདུས་པའི་དམིགས་བཤལ་བཟོ་རྩལ་གྱི་བྱ་ཐབས་མ་སྤྱད་ན་ཡི་གེ་གསལ་མི་ཐུབ་པའི་ཁྱད་ཆོས་ལྡན་པའི་སྣག་་ཚ་བཟོ་བ། དེ་བཞིན་བོད་སྣག་དང་མཚལ་སྣག་གི་སྦྱོར་བ་སྣ་ཚོགས། ལོར་ཤོག་དང་དེབ་འདྲ་མིན་བཟོ་བ་སོགས་འཕྲུལ་རྩལ་ལས་བྱེད་པ་བརྒྱ་རྩ་མང་པོ་རང་གི་གོ་གནས་བཟུང་ཡོད། ཨེ་ཕྲུག་དེ་དག་ཕལ་ཆེ་བ་ཁྲལ་རིགས་ཡོངས་རྫོགས་རྩ་ཆག་གྱི་ལག་ཁྱེར་སྤྲོད་ཀྱི་ཡོད། ཅེས་པས་ཨེ་ཡི་བརྒྱུད་པ་དེ་དག་གི་སུག་བྲིས་ལ་དམིགས་བསལ་གྱི་ཁྱད་ཆོས་བཞུགས་ཡོད་ཙང་གསུམ་རབ་དཔར་ལ་བརྐོ་བའི་ཡི་གེ་བར་གདན་དྲངས་པ་གསལ། དེ་དང་འདྲ་བར་ད་དུང་ལྷ་སའི་ནུབ་ངོས་གནས་པའི་སྙེ་མོ་རྫོང་གི་ཐོན་ལུག་ར་ཁ་ཞེས་པའི་ས་དེར་ཐོན་མི་སཾབྷོཌའི་འཁྲུངས་ཡུལ་ཡིན་ཞེས་པའི་ཞལ་རྒྱུན་ཡོད། གནས་དེའི་ཡི་གེ་ཤེས་པའི་མི་རྣམས་ལ་ཡང་ཐོན་མིའི་ཕྱག་བྲིས་ཀྱི་རྒྱུན་ཡོད་ཅེས་པ་ལས་སྙེ་མོའི་མི་རྣམས་ལ་དབུ་ཆེན་འབྲི་གཟུགས་སྤུས་དག་པོ་ཞིག་ཡོད་པ་མངོན་ནོ། དཔལ་ས་སྐྱ་དགོན་གྱི་ཆོས་བརྩིགས་བྲག་རི་མའི་གྲས་སུ་བཞུགས་པའི་ཕྱག་དཔེ་བྲིས་མ་དུས་རབས16པའི་ནང་བྱོན་པའི་སྔགས་འཆང་ངག་དབང་ཀུན་དགའ་རྣམ་རྒྱལ་གྱི་ཡུལ་མཆོག་བསྟན་འཛིན་སོགས་ནམས་བཟང་མོས་བཀའ་འགྱུར་ཐུགས་དམ་བསྟན་འགྲོའི་མགོན་ཞེས་བཀའ་འགྱུར་གསེར་བྲིས་ཞིག་བཞེངས་གནང་བ་དེ་ཡང་ཡི་གེ་འདུ་བྱེད་མཁས་པ་ཨེ་དང་སྙེ་མོ་གཉིས་ལས་གདན་ཞུ་གནང་ཡོད་པ་གོང་གི་དཔེ་རིས་ལས་དངོས་སུ་མཐོང་ཐུབ་པ་སྟེ་སྙེ་མོ་བློ་བཟང་རྣམ་རྒྱལ་ཞེས་པ་དང་བཀའ་འགྱུར་བསྟན་འགྲོའི་དཔལ་མགོན་དེའི་དཀར་ཆག་ཏུ་ཤིང་མོ་སྦྲུལ་གྱི་ལོ་གཡེ་སྙེ་མོ་བཅས་ནས་ཡི་གེ་འབྲི་བའི་གཙུག་ལག་ལ་ཤིན་ཏུ་སྦྱངས་ཤིང་རབ་ཏུ་མཁཔ་གཡེ་པ་བསྟན་འཛིན་བག་གྲོ་དང་སྙེ་མོ་བློ་བཟང་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པ་ཡི་གེ་བའི་ཚོགས་པ་བརྒྱ་ལྷག་ཙམ་སྐོངས། ཞེས་འཁོད་པས་ཀྱང་དེའི་གནད་འགག་འགྲོལ་ཐུབ་མོད། ད་དུང་གཞུང་སྙེ་མོའི་ཕུ་གསུམ་གྲོང་ཚོའི་ཕ་མེས་ཡང་མེས་ཀྱིས་དབུ་ཆེན་ཚལ་ལྡན་འབྲི་ཐུབ་པ་མ་ཟད་དབུ་ཆེན་དེ་དག་དཔར་ལ་བརྐོ་བའི་ལག་རྩལ་ཡང་ཕུལ་དུ་བྱུང་བ་ཞིག་ཡོད་པ་ནི་རུས་ཁྱུང་གི་རྒྱུད་པ་དར་མ་བསོད་ནམས་དང་ཡོན་བཙུན་སྨོན་ནེ་གཉིས་ཀྱི་ཕ་ཁུའི་དྲིན་ལན་འཇལ་བའི་སླད་དུ་ཤེར་ཕྱིན་ཡུལ་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་་པ་མཐོང་སྨོན་པོད་བཅུ་དྲུག་འབྲི་བཞེངས་བྱ་སྐབས་སྙེ་མོ་ཕུ་སུམ་པའི་ཡིག་མཁན་གདན་དྲངས་ནས་བྲིས་ཡོད་པ་སྟེ། ཤེར་ཕྱིན་དེ་དག་གི་མཛད་བྱང་དུ། ཀྱེ་ཤག་ཐུབ་བསྟན་པ་ལ་།། དམ་པའི་ཆོས་དར་བས་།། སྙེ་མོ་ལུང་པའི་ནང་།། ཡུལ་པོ་སྲས་ཤོང་དེར་།། ཕ་ཆེན་ཁྱུང་པོའི་བུ་།། དར་མ་བསོད་ནམས་དང་། རབ་ཏུ་ཆོས་ལ་བྱུང་།། ཡོན་བཙུན་སྨོན་ནེ་གཉིས་།། ཕ་ཁུའི་དྲིན་ལན་དུ་།། རྒྱས་པ་མཐོང་སྨོན་གཞེངས་།། ཐོག་གུ་ཁྱད་འཕགས་ལ་།། རུ་བཞིའི་མཁས་པ་བྱོན་།། ཡི་གེ་ངོམ་དུ་བྱུང་།། གཉེར་སྐ་ཤོག་ཆགས་དེ་།། དོར་དར་སྐྱོག་པོས་མཛད་།། དུང་རེང་རྩེ་ཆེན་དེ་།། རྒྱུ་མའི་ནོར་གྱིས་བླུས་།། འཛངས་མོ་ངོམ་དུ་རུང་།། དཔག་མོ་དཔལ་མོ་ལྡན་།། ཞབས་ཏོག་ངོམ་དུ་རུང་།། འོད་གསལ་ཡོན་བདག་མོ་།། མཆོད་གནས་ངོམ་དུ་རུང་།། དཀོན་མཆོག་གྲོགས་ཚོ་ལགས་།། འཕྲུལ་ཆེན་ངོ་མཚར་ཆེ་།། བྱ་ཚ་དགས་པ་ཐོན་།། ནང་མ་བུ་དར་ཡིན་།། ལག་ཡད་ངོམ་དུ་ཡོད་།། གྲུ་བཞི་ཀློག་ལ་མཁས་།། བརྩན་དར་དཔོན་སློབ་བྱས་།། ཞུ་ཏིག་ངོམ་དུ་རུང་།། ཡོན་མཆོད་རྒྱས་པ་འབུམ་།། ཀུན་ལ་ངོམ་དུ་རུང་།། འདངས་ཤོག་དཀར་འཇམ་ལ་།། གནག་ཚ་གཡུ་ལོ་ཡིས་།། འཕྲུལ་ཡིག་ཚད་ལྡན་འདི་།། སྙེ་མོ་ཕུ་གསུམ་པ་།། མེ་ཚབ་རྒྱས་ཀྱི་བྲིས་།། དེ་ལ་གཟིགས་པ་ཞུ་།། ཐོས་པ་ཆུང་ས་དང་།། ཚིགས་བཤད་འཛོལ་བ་ན་།། ཡུམ་ལ་བཟོད་པར་གསོལ་།། ཡོན་མཆོད་ལ་སྩོགས་པ་།། མཐའ་ཡས་སེམས་ཅན་ཀུན་།། བྱང་་ཆུབ་ཐོབ་པར་ཤོག་།། འགྲོ་དོན་བྱེད་པར་ཤོག་།། ལེགས་པ་ཡིན་།། དགེའོ་།། བྲེ་མོ་བགྱིས་པ་ལགས་།། ཧེ་ཧེ་ཧེ་།། ཞལ་བྲོ་།། ⑴ཞེས་བྱུང་བ་ལས། ཤེར་ཕྱིན་ཡུམ་རྒྱས་པ་མཐོང་སྨོན་དེ་འབྲི་བཞེངས་བྱ་སྐབས་སུ་སྙེ་མོ་ཕུ་གསུམ་པའི་ཡིག་མཁན་མེ་ཚབ་རྒྱས་སོགས་ཀྱིས་འབྲི་བཞེངས་བགྱིས་པ་ནི། འཕྲུལ་ཡིག་ཚད་ལྡན་འདི་། སྙེ་མོ་ཕུ་གསུམ་པ་ཡི། མེ་ཚབ་རྒྱས་ཀྱི་བྲིས་ཞེས་པས་གསལ་བཤད་ཐུབ། སྙེ་མོ་ཕུ་གསུམ་གྲོང་ཚོའི་མི་རྣམས་ཀྱིས་དུས་ད་ལྟ་ཡང་སྔར་གྱི་ཕ་མེས་ཡང་མེས་ཀྱི་དུས་ནས་བཞག་པའི་ཡིག་འབྲིའི་ལག་རྩལ་དང་དཔར་བརྐོའི་ལག་རྩལ་དེ་མ་མཉམ་པར་རྒྱུན་སྐྱོང་བཞིན་ཡོད་གཤིས། ཕུ་གསུམ་གྲོང་ཚོའི་ཡིག་མཁན་དང་དཔར་མཁན་རྣམས་ད་ལྟ་བོད་རང་སྐྱོང་ལྗོངས་ཆོས་ཚོགས་ཀྱི་ལས་གཞིའི་རྣམ་གྲངས་བཀའ་བསྟན་དཔར་བརྐོ་བའི་ལས་གཞི་སྒྲུབ་བཞིན་འདུག་ལ་ཕུ་གསུམ་གྲོང་ཚོའི་དཔར་བརྐོའི་ལག་རྩལ་དེ་ཡང་རྒྱལ་ཁབ་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གྲས་སུ་ཚུད་པའི་རྣམ་གྲངས་ཤིག་ཀྱང་ཡིན་ནོ།།

5 དཔར་བརྐོའི་ལས་ཡུན།

དཔར་ལ་བརྐོ་བའི་བྱང་བུ་སོགས་ག་སྒྲིག་ཟིན་པའི་རྗེས་སུ་དུས་རབས་དང་དཔར་གྱི་ལག་རྩལ། དཔར་གྱི་སྦྱིན་བདག་སོགས་མི་འདྲ་བའི་དབང་གིས་དཔར་གྱི་ཡི་གེ་བྱང་བུ་ལ་བརྐོ་སྐབས། ཡི་གེའི་སྤུས་ཚད་དང་ལས་ཤོག་ལ་གཞིགས་པའི་དཔར་བརྐོ་མཁན་ལ་ཡང་རབ་འབྲིང་ཐ་གསུམ་འཇོག་སྲོལ་ཡོད་པ་སྟེ། གསུང་པར་རིན་པོ་ཆེ་སྒྲུབ་པར་བྱེད་པའང་སྔ་རབས་ཀྱི་དུས་སུ་ནི་ཟླ་འཁོར་རེ་ལ་པར་བརྐོས་ཀྱི་ཤིང་བྱང་ལྔའམ་དྲུག་གྲུབ་པ་ནི་མཆོག་བང་བཞི་དང་གསུམ་གྲུབ་པ་ནི་འབྲིང་། ཕལ་མོ་ཆེས་ནི་གཉིས་དང་གཅིག་ལས་མི་གྲུབ་ཅིང་། ཡང་མཐས་ནི་རེ་རེ་ཡང་མ་གྲུབ་པ་དག་བྱུང་ཞེས་གྲགས་ཞེས་པ་ལ་བལྟས་ན། དུས་རབས17པའི་སྔོན་ལ་དཔར་པས་ཤིང་བྱང་ལ་ཡི་གེ་བརྐོ་སྐབས་སུ་རབ་ཀྱིས་ཟླ་བ་གཅིག་གི་ནང་དུ་དཔར་ཤིང་ལྔ་ནས་དྲུག་པ་དང་། འབྲིང་གིས་དཔར་ཤིང་གསུམ་ནས་བཞི། སྤྱིར་བཏང་པ་གཅིག་ནས་གཉིས་ལས་མི་གྲུབ་པ་དེ་ཤེས། ལས་ཀའི་མྱུར་ཚད་དེ་ལྟར་བརྩིས་ན། བཀའ་འགྱུར་པོ་ཏི་པོད་བརྒྱ་དང་གཉིས་ཀྱི་རང་བཞིན་ཅན་ཞིག་གྲུབ་པ་ལ་དུས་ཚོད་ཅི་      ཙམ་ཞིག་འགོར་གྱི་ཡོད་པ་སྟེ།  དུས་རབས18པར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་ཤེར་ཕྱོགས་གཙོ་འགྱུར་གྱི་པུ་ཏི་ཉི་ཤུ་རྩ་བརྒྱད་དཔར་ལ་བརྐོ་སྐབས་དུས་ཡུན་ལོ་བདུན་ཙམ་ཞིག་འགོར་ཞེས་པ་བལྟས་ན། བཀའ་འགྱུར་པོད་བརྒྱ་དང་བཅུ་ཡོད་པ་དེ་ལ་ལོ་ཉི་ཤུ་ལྷག་འགོར་གྱི་ཡོད་པ་རེད། རྗེས་སུ་མི་དབང་ཕོ་ལྷས་ཤེལ་དཀར་དུ་བཀའ་འགྱུར་བཞེངས་སྐབས་མཆོག་ཏུ་བཟོ་རིག་ལ་བྱང་བ་དག་གིས་ནི་ཟླ་འཁོར་རེ་རེ་ལ་པར་བརྐོས་ཀྱི་བྱང་ཉི་ཤུ་རྩ་གསུམ་ནས་བཅུ་དྲུག་གི་བར་གྲུབ་པ་དང་འབྲིང་པོ་དག་གིས་བཅུ་ཕྲག་ཕྱེད་གཉིས་ནས་བཅུ་ཕྲག་བར་དང་། འགའ་ཞིག་གིས་ནི་བཅུ་གཉིས་ནས་བརྒྱད་ཕྲག་གི་བར་དང་། ཕལ་མོ་ཆེས་ནི་བདུན་ནས་ལྔའི་བར་དང་། ཆེས་དམན་པ་དག་གིས་ཀྱང་གསུམ་ལ་མཐའ་གཏུགས་པ་བསྒྲུབས་པས་བགྲང་བྱ་ཕྱེད་དང་གཉིས་ཀྱི་ནང་དུ་གྲུབ་ཅེས་པ་ལས་དཔར་བརྐོའི་ལག་འཕེལ་རྒྱས་ཕྱིན་པའི་རྗེས་སུ་པར་བརྐོ་བ་མི་རེ་རེ་དུས་ཡུན་ཟླ་གཅིག་གི་ནང་དུ་དཔར་ཤིང་མང་ཉུང་ཅི་ཙམ་ཞིག་བརྐོ་ཐུབ་པ་དེ་ཤུགས་ལ་རྟོགས།

6 འགྱུར་བྱང་ལས་བྱུང་བའི་ཡི་གེ་བ།

འགྱུར་བྱང་འཁོད་ཡོད་པའི་གསུང་རབ་དེ་དག་ནི་ཆེས་ཐོག་མ་ཉིད་ནས་བོད་ཡིག་བཀོལ་ཏེ་བརྩམས་གནང་བའི་བརྩམས་ཆོས་ཤིག་མ་ཡིན། དེ་ནི་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལས་བརྩམས་པའི་གསུང་རབ་དག་ལོ་པཎ་སྐུ་དྲིན་ཅན་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེར་ཕབ་བསྒྱུར་གནང་སྟེ་བོད་མི་རིགས་ཀྱི་གསུང་རབ་ཀྱི་བང་མཛོད་དུ་བཞག་གནང་བའི་གསུང་རབ་ཅིག་ཡིན་པ་འགྱུར་བྱང་ལས་ཤེས་ལ། ལོ་པཎ་ཆོས་འབྱུང་ལས་སྤྲུལ་བའི་ཆོས་རྒྱལ་དམ་པ་དེ་རྣམས་ཀྱི། གཞལ་དུ་མེད་པའི་ཐུགས་རྗེའི་བཀའ་དྲིན་ལས། འཕགས་པའི་ཡུལ་དང་ཁྱད་པར་དབུས་འགྱུར་ཚལ། ཀསྨི་དང་ཟ་ཧོར་བལ་པོ་དང་། རྒྱ་ནག་ལ་སོགས་ཐུབ་བསྟན་དར་བའི་ས། ཞེས་དང་འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས།  མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། སམ་སྐྲྀ་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། སྐད་དང་ཡི་གེ་བརྡ་དང་ཐ་སྙད་ཚོགས། རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལས། རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང་། བོད་ཀྱི་སྐད་དུ་བསྒྱུར་ཏེ་གོ་སླར་མཛད། ཅེས་དང་། ད་དུང་འགྱུར་ཕྱག་ཏུ་སྤུ་རྒྱལ་བོད་ཀྱི་སྐད་དུ་ཞེས་བྱོན་པ་དེ་ཕུད་རྒྱ་གར་སྐད་དུ། རྒྱ་ནག་སྐད་དུ། ཞང་ཞུང་སྐད་དུ་ཞེས་པ་སོགས་ལས་སྐད་རིགས་གཞན་ནས་བསྒྱུར་བའི་གཞིང་ཞིག་ཡིན་པ་རྟོགས་སོ།  འགྱུར་བྱང་དུ་ཐོག་མར་གཞུང་ལུགས་དེ་མི་རིགས་གང་ཞིག་གི་བརྩམས་ཆོས་ཡིན་པ་དང་། གཞུང་དེའི་མཛད་པ་པོ་སུ་ཡིན་མིན། རྒྱ་གར་གྱི་པཎྜི་ཏ་སུ་དང་བོད་ཀྱི་ལོ་ཙཱ་བ་སུ་མཉམ་དུ་ཡུལ་ལུང་ཅི་ཞིག་ཏུ་བསྒྱུར་གནང་བ། དེ་བསྒྱུར་བའི་སྐབས་ལ་རེག་ཟིག་གི་ཡི་གེ་བ་སུས་བྱས་ཏེ་གཞུང་ལུགས་དེ་དག་ཆོས་རྒྱལ་ཞིག་གི་བསམ་པའི་སྐུལ་སློང་འོག་ཆ་ཡོངས་སུ་རྫོགས་པར་བསྒྱུར་གནང་བ་སོགས་ཀྱི་གནས་ཚུལ་བཀོད་ཡོད་པ་དེ་ལ་འགྱུར་བྱང་ཞེས་བརྗོད་དོ།  སྐབས་འདིའི་ཡི་གེ་བ་ནི་ལོ་པཎ་རྣམ་གཉིས་ཀྱིས་བསྒྱུར་བ་རྣམས་འཛོལ་ནོར་མེད་པར་རེག་ཟིག་ཏུ་དབབ་མཁན་དེ་ལ་འགྱུར་བྱང་གི་ཡི་གེ་བ་ཞེས་བརྗོད། ང་ཚོས་བོད་ཀྱི་སྒྲ་བསྒྱུར་གླིང་གི་རྩ་འཛུགས་ལ་གཟིགས་ཚེ་འགྱུར་བྱང་གིས་ཡི་གེ་བའི་བྱེད་ནུས་དང་ཆ་རྐྱེན་སོགས་ཤེས་ཐུབ། དཔེར་ན་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་པའི་རྗེས་སུ་བསམ་ཡས་སྒྲ་བསྒྱུར་གླིང་ཡང་ཕྱག་བཏབ་ཟིན་པ་དང་སྦྲགས་སྒྲ་བསྒྱུར་གླིང་དུ་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་རྣམས་བསྒྱུར་གྲལ་ལ་བཞུགས་ཏེ། ནང་བསྟན་གྱི་གསུང་རབ་མང་པོ་ཞིག་གོ་རིམ་ལྡན་པའི་སྒོ་ནས་རང་རིགས་ཀྱི་ཕ་སྐད་དུ་དབབ་བསྒྱུར་གནང་བའི་བརྒྱུད་རིམ་དུ་ལོ་པཎ་ལ་ཕྱག་རོགས་ཞུ་མཁན་གྱི་ཡི་གེ་བ་བྱུང་ཡོད་པའི་སྐོར། བསམ་ཡས་སྒྲ་བསྒྱུར་གླིང་གི་ལྡེབས་རིས་ལ་གཟིགས་ན་དེའི་སྟེང་དུ་སྒྲ་བསྒྱུར་གྱི་རྩ་འཛུགས་གསོན་ཉམས་ལྡན་པའི་དཔེ་རིས་བཀོད་ཡོད་པར་གྲགས། ལོ་པཎ་རྣམས་ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་ལ། ཐོག་མར་ལོ་པཎ་ཆེ་གེ་མོ་ཞིག་གིས་རྒྱ་དཔེ་ཞལ་ལས་སྐད་གསང་མཐོན་པོས་འདོན་གནང་བ་དང་དེ་རྗེས་ལོ་ཙཱ་བ་ཆེ་གེ་མོ་ཞིག་གིས་ཞལ་ལས་སྒྲ་བསྒྱུར་གནང་བའི་དཔེ་རིས་དང་། ལོ་པཎ་དགུང་ལོ་བགྲེས་པོ་ཞིག་མཐོན་པོའི་ཁྲི་ལ་བཞུགས་ཏེ་ཞུས་དག་གི་འགན་བཞེས་པར་མངོན། དེའི་རྗེས་སུ་ན་གཞོན་གྱི་དགེ་འདུན་ཕྱག་ཏུ་ཤོག་བུ་སྣེ་རིང་བསྣམས་ཏེ་སྨྱུ་གུས་རེག་ཟིག་བཀོད་བཞིན་པའི་ལྡེབས་རིས་ཡོད་ཅེས་དང་དཔ་མ་བཀའ་ཐང་གི་ལེའུ་བདུན་ཅུ་པ་ལས་ཞུས་ན། ལོ་ཙཱ་སྒྲ་རྣམས་བསླབས་པས་མཁས་པར་ཤེས། དེ་ནས་རྒྱལ་པོས་སློབ་དཔོན་རྣམ་པ་གཉིས། བསམ་ཡས་སྒྲ་སྒྱུར་གླིང་དུ་སྤྱན་དྲངས་ནས། གསེར་གྱི་ཁྲི་ལ་སློབ་དཔོན་རྣམ་པ་གཉིས། གཡས་གྲལ་གཡོན་གྲལ་གབ་རྩེའི་གདན་གསུམ་ལ། བཻ་རོས་གཙོ་བྱས་ལོ་ཙཱ་རྣམ་གསུམ་བཞུགས། ཞེས་པ་སོགས་ལས་བོད་ཀྱི་སྒྲ་བསྒྱུར་གླིང་གི་སྒྲིག་གཞིའི་ནང་དུ། རྒྱ་གར་གྱི་སློབ་དཔོན་དང་བོད་ཀྱི་ལོ་ཙཱ་བ་རྣམས་བསྒྱུར་བ་དེ་དག་གོ་རིམ་ལྡན་པར་བཞུགས་ཏེ་ཁོང་རྣམས་ཀྱིས་ཆོས་གཞུང་ཇི་ལྟར་བསྒྱུར་བ་དེ་དག་གོ་རིམ་མ་འཛོལ་པར་ཇི་མ་ཇི་བཞིན་དུ་ཁབ་ཤུལ་སྐུད་པས་བསྣན་པ་ལྟར་ཡི་གེའི་ལམ་དུ་འགོད་མཁན་གྱི་ཡི་གེ་བ་ཡོད་པ་བསྟན་འགྱུར་དཀར་ཆག་སྟོན་ཆ་ལས།  ཡིག་མཁན་དགོན་གླིང་རྨ་དང་གཞོན་ནུ་བསྲུངས། ཞེས་པས་ཀྱང་ཤེས་ཐུབ། བོད་ཀྱི་སྒྲ་བསྒྱུར་ཁང་དང་འདྲ་བར་རྒྱ་ནག་གི་ཡུལ་དུ་ཡང་སྔ་མོ་ཞིག་ནས་སྒྲ་བསྒྱར་ཁང་བཙུགས་ཟིན་པའི་སྐོར་ལ་ནང་བསྟན་གསུང་རབ་ཀྱི་དྲི་མ་བརྒྱ་པ་ཞེས་པའི་ནང་དུ་འཁོད་དོན། སྒྲ་བསྒྱུར་ཁང་གི་སྒྲིག་སྲོལ་དེ་ཐང་གི་དུས་རབས་སུ་ཧ་ཅང་གི་འཐུས་སྒོ་ཚང་བ་ཞིག་ཡོད། སུང་དུས་རབས་སུ་སྒྲིལ་གཞི་དེ་བས་ཀྱང་ཚགས་དམ་པོ་ཆགས་ཡོད། སུང་དུས་རབས་སུ་སྙན་གྲགས་ཆེ་བའི་དཔོན་གཉེར་སྒྲ་བསྒྱུར་ཁང་ནི་སུང་ཐའེ་ཙུང་གིས(宋太宗)910ལོའི་ཟླ་བ2པར་བཙུགས། དེ་ཐའེ་ཕིང་ཤིང་ལོའི་ལོ་བདུན་པ་སྟེ་982ལོའི་ཟླ་6པར་སྒྲ་བསྒྱུར་ཁང་ཡོངས་སུ་བསྒྲུབས་ཟིན། སྒྲ་བསྒྱུར་གླིང་དེ་ནི་ཐའེ་ཤིང་གོའི་དགོན་གྱི་ནུབ་ངོས་སུ་ཡོད། དེ་ནི་ལྷ་ཁང་གསུམ་ལས་སྒྲུབ་པ་ཞིག་སྟེ། དབུས་སུ་སྒྲ་བསྒྱུར་ཁང་། ཤར་རུ་སྡེབ་སྦྱོར་ཁང་། ནུབ་ཏུ་ཞུ་དག་ཁང་བཅས་སོ།།ཞེས་པས་རྒྱ་ནག་གི་སྒྲ་བསྒྱུར་ཁང་གི་སྒྲིག་གཞི་དེ་ཅི་འདྲ་ཡིན་པ་རྟོགས། དེར་བརྟེན་ཡི་གེ་བ་ནི་གོང་དུ་བརྗོད་པའི་རྒྱ་བོད་སྒྲ་བསྒྱུར་ཁང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མངོན། ཡི་གེ་བའི་འོས་འགན་གཙོ་བོ་ནི་ལོ་ཙཱ་བས་ཞལ་ལས་བསྒྱུར་པ་དེ་དག་རང་སྐད་ཀྱི་ཐོག་ནས་ཤོག་ཐོག་ཏུ་རེག་ཟིག་ཏུ་འགོད་རྒྱུ་དེ་ཡིན། སྦ་བཞེད་ལས་བཙན་པོའི་ཞལ་ནས། རྒྱའི་ལྷ་ཆོས་བཟང་པོའི་གཏན་ཚིགས་ཁྱོད་ལ་ཡོད་དམ། ཞེས་བཀའ་རྨེད་པ་དང་། བདག་ཅག་རྒྱ་ལ་མཆིས་སོ་ཞེས་གསོལ་ནམ་རྗེ་འབངས་དབེན་པར་གསངས་ཏེ། དྷརྨ་མཆིམས་ཕུའི་རྫ་ལ་སྤས་པའི་ནང་ནས་བླངས་ཏེ། ཀིམ་ཧ་ཤང་གི་ལུང་བཞིན་བྲིམས་པ་དང་། དང་པོ་དགེ་བ་བཅུའི་མདོ་བཀླགས། དེ་ལ་རྒྱལ་པོ་དད་པ་སྐྱེས། སྤྱོད་པ་དག་པར་གོ། དེ་ནས་རྡོ་རྗེ་གཅོད་པ་བཀླགས། དེ་ལྟ་བ་དག་པར་གོ། དད་པ་ཆེས་སྐྱེས། དེ་ནས་ས་ལུ་ལྗང་པའི་མདོ་བཀླགས། ལྟ་སྤྱོད་ཟང་འབྲེལ་དུ་གོ་ནས་ཡིད་ཆེས། ཞེས་པའི་སྐད་ཆ་དུམ་བུ་འདིའི་ནང་གི་བཀླགས་ཞེས་པ་དེ་ནི་སྤྱིར་བཏང་གི་རྒྱ་ཡིག་ཞལ་གནས་བཏོན་པ་མ་ཡིན་པར་ཞལ་ཐོག་ནས་ཡིག་སྒྱུར་མཛད་པའི་དོན་ཡིན། སྔོན་ཞལ་ལས་ཡིག་སྒྱུར་གནང་བ་དང་རྗེས་སུ་ཡི་གེར་འགོད་པ་དེ་ནི་ཡིག་སྒྱུར་ཀྱི་ལོ་རྒྱུས་ཐོག་རྒྱུན་གཏན་ནས་ཡོད་པ་ཞིག་ལགས་སོ།།ཞེས་བོད་ཀྱི་གསུང་རབ་རིག་བའི་ཕྱག་ལས་གནང་མཁན་སྐུ་ཞབས་བསོད་ནམས་རྒྱ་མཚོས་གསུངས་པ་ལ་ཐུགས་ཤིན་ཏུ་ནམ་མད། མདོར་ན་འགྱུར་བྱང་ཏུ་འཁོད་པའི་ཡི་གེ་ནི་གོང་དུ་འཆད་ཟིན་པའི་ཡི་གེ་བ་དང་འདྲ་བར་ནང་བསྟན་གསུང་རབ་ལ་ནང་བྱན་ཆུད་པ་ཙམ་ཞིག་ཡིན་པ་མ་ཟད་སམ་བོད་རྒྱ་གསུམ་ལ་བྱང་ཆུས་པ་དང་ཡི་གེའི་འདུ་བྱེད་ལ་མཁས་པ་ཞིག་གོ །།

7 འགྱུར་བྱང་ལས་འགྱུར་བཅོས།

སྔོན་གྱི་ལོ་ཙཱ་བ་དག་གིས་གསུངས་པ་ལྟར་ཡིག་སྒྱུར་གྱི་ལས་ཀ་ནི་ཡིད་ཕམ་གྱི་ལས་ཀ་ཞིག་ཡིན་ཞེས་པ་དེ་མི་ཡོང་བའི་སླད་དུ།  བོད་ཀྱི་ལོ་ཙཱ་བ་དག་གིས་སྔོན་གྱི་གནའ་དཔེ་རྣམས་མི་རིགས་གཞན་གྱི་སྐད་ལས་རང་རིགས་ཀྱི་ཕ་སྐད་དུ་བསྒྱུར་བའི་སྐབས་སུ། འགྱུར་ཡིག་ཇེ་བཟང་དང་འཐུས་ཚང་། ཡིད་ཕམ་མི་ཡོང་བའི་སླད་དུ་ཡིག་བསྒྱུར་གྱི་ལས་ལ་བསུན་སྣང་མེད་པར།  རྒྱ་གཞུང་རྣལ་མ་དག་བཙལ་ནས་བོད་སྐད་དུ་བསྒྱུར་གནང་ཡོད་པ་ནི་བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་བརྒྱད་སྟོང་པ་།། །།རྫོགས་སྷོ།། ཞེས་པའི་འབུམ་ཤོག་མོ་ཆེ་དེའི་འགྱུར་བྱང་ཏུ་། རྒྱ་གར་གྱི་མཁན་པོ་། ཤག་ཀྱ་སེ་ན་དང་། གཉའ་ན་སི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་ངྷེ་ངྷརྨ་། ཏ་ཤི་ལ་ལསྩོགས་པས། བསྒྱུར་ཅིང་ཞུས་ཏེ་། གཏན་ལ་ཕབ། སླད་ཀྱི་དམ་པའི་དབང་ཕྱུག་མངའ་བདག་། བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་པོའི་བཀས་། རྒྱ་གར་གྱི་མཁན་པོ་སུ་བྷ་ཤི་ཏ་དང་། །སྒྲ་བསྒྱུར་གྱི་ལོ་ཙཱ་བ་། དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་།།འཐུན་པར་བསྒྱུར་། །སླད་ཀྱིས་། །རྒྱ་གར་གྱི་མཁན་པོ་། པཎ་ཌི་ཏ་ཆེན་པོ་དྷི་བང་ཤར་ཤྲིཛྙཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་། དགེ་སློང་རིན་ཆེན་བཟང་པོས་། ཡུལ་དབུས་ཀྱི་དཔེའ་དང་བཏུགས་ནས་། བཅོས་ཤིང་ཞུས་ཏེ་། གཏན་ལ་ཕབ། སླད་ཀྱི་སྐྱིད་སྨད་མཉེ་ཐང་། ན་མོ་ཆེར་། པཎ་ཌི་ཏ་། ཆེན་པོ་ངྷི་པང་ཀར་ཤྲིཛྙཱ་དང་། ལོ་ཚ་བ་ཆེན་པོ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་། བརྒྱད་སྟོང་པ་། བཤད་པའི་དུས་སུ་། ཆེ་ལོང་ཅིག་གཏན་ལ་ཕབ་། སླད་ཀྱིས་། བཤད་པ་མཛད་ཅིང་། ཕྲན་ཚེགས་ཀྱང་གཏན་ལ་ཕབ་། དུས་ཕྱིས་ལོ་ཙཱ་བ་ཆེན་པོ་ཤག་ཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེའ་དང་། ཡུལ་དབུས་ཀྱི་དཔེའ་དུ་མ་སོགས་ནས་གཏན་ལ་ཕབ་པ་ལགས་སོ་། དེ་ནས་ཡང་དུས་ཕྱིས་པཎ་ཌི་ཏ་གཞུང་འབུམ་ཁྲག་གཉིས་ཀྱིས་འགྲིན་པ་བརྒྱན་པའི་ངྷིརུ་པ་ལ་ཞེས་བྱ་བ་དང་། སྒྲ་སྒྱུར་གྱི་ལོ་ཚ་བ་ཆེན་པོ་། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་འགྲེལ་པ་དང་བསྟུན་ནས་། ལེགས་པར་གཏན་ལ་ཕབ་པའོ་། ཞེས་བྱུང་བ་ལ་གཞིགས་ན། སྔོན་བོད་ཀྱི་ལོ་ཙཱ་བ་དག་གིས་བསྐྱར་ཟློས་ཀྱི་ལས་ལ་མ་ལྟོས་པར་གཞུང་རྣལ་མ་ཞིག་བྱུང་བར་སེམས་ནས་རྒྱ་གར་ཡུལ་དབུས་ཀྱི་དཔེའ་དང་ཁ་ཆེའི་དཔེའ་དུ་མ་སོགས་ནས་ཞེས་འགྱུར་བྱང་དུ་བྱུངབ་ལས་དཔེ་རྣམ་ལ་ཞིག་བྱུང་བའི་སླད་དུས་རབས་མི་འདྲ་བའི་ནང་དུ་མ་དཔེ་བསྡུ་སྒྲིག་དང་དཔེ་བསྡུར་སོགས་མཛད་པ་དང་། འགྱུར་ཞུས་རིམ་པ་མི་འདྲ་བ་བརྒྱུད་ཡོད་པ་སྟེ། བསྟན་པ་སྔ་དར་གྱི་དུས་སུ་བྱོན་པའི་ལོ་པཎ་ཤག་ཀྱ་སེ་ན་དང་། གཉན་ན་སི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་ངྷེ་ངྷརྨ་། ཏ་ཤི་ལ་ལ་སྩོགས་པས་བསྒྱུར་གནང་པ་དང་དེ་རྗེས་དུས་རབས11པར་བྱོན་པའི་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་པོའི་བཀས་བསྐུལ་ཏེ་རྒྱ་གར་གྱི་མཁན་པོ་སུ་བྷ་ཤི་ཏ་དང་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་། དེ་རྗེས་སུ་དུས་རབས11པར་བྱོན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་སོགས་པས་སྐྱིད་ཤོད་སྨད་མཉེས་ཐང་དང་རྭ་སྒྲེང་ན་འཆད་ཉན་སྤེལ་བ་དང་སྦྲགས་འགྱུར་བཅོས་ལན་གཉིས་གནང་། དུས་ཕྱིས་དུས་རབས12པར་བྱོན་པའི་པཎྜི་ཏ་གཞུང་ལུགས་འབུམ་ཁྲག་གཉིས་ཀྱིས་མགྲིན་པ་བརྒྱན་པའི་དྷིརུ་པ་ལ་དང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་ལེགས་པར་གནང་ཞེས་པའི་ཤེར་ཕྱིན་བརྒྱད་སྟོང་བྲིས་མ་དེ་དང་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ཤེར་ཕྱིན་དཔེ་རྟགས1023ཀྱི་འགྱུར་བྱང་གཉིས་བསྡུར་ན་མི་འདྲ་བའི་ཆ་དེ་སྔོན་གྱི་ཤེར་ཕྱིན་བྲིས་མ་དེའི་འགྱུར་བྱང་དུ་ཕྱིས་ཀྱི་སླར་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོའི(1444-1528)ཞལ་སྔ་ནས་ཀྱིས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་ཤིན་ཏུ་རྣམ་པར་དག་པ་མཛད་ཅེས་པའི་སྐད་ཆ་དེ་མི་སྣང་བས།  དེར་བརྟེན་སྔོན་གྱི་ཤེར་ཕྱིན་བྲིས་མ་དེ་ནི་དུས་རབས13པའི་ནང་དུ་འབྲི་བཤུ་གནང་བའི་ཤེར་ཕྱིན་ཞིག་ཡིན་ནམ་ཡང་ན་ཤེར་ཕྱིན་དེའི་མ་དཔེ་དུས་རབས12པའི་ཤེར་ཕྱིན་ཞིག་ལ་བཅོལ་ནས་བུ་དཔེར་ཕབ་པ་གང་ཞིག་ཡིན་པ་ཞུ་ཚོད་མ་ཐིག་རུང་། ཤེར་ཕྱིན་བྲིས་མ་དེ་ནི་ལྷ་སའི་དཔར་མ་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ཤེར་ཕྱིན་ཏེ་དུས་རབས15པར་མ་དཔེ་མཅོལ་བ་དེ་ལས་མ་ཟད་འགྱུར་བཅོས་ཀྱང་ལན་གཅིག་མང་དུ་སོང་བ་དེ་གཅིག་ཤེས་ཀུན་གྲོལ་བྱང་། དེ་དང་འདྲ་བར་ཤེར་ཕྱིན་ཡུམ་དེ་ལའང་འགྱུར་རྒྱས་ལོས་ཀྱིས་དབང་གིས་བླ་འབུམ་རྒྱས་འབྲིང་བསྡུས་གསུམ་འབྱུང་ཡོད་དེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། རླངས་མཁས་པ་གོ་ཆས་འབུམ་ཐུགས་ལ་ཟིན་ནས་བོད་ལ་བྱོན། རྗེས་སུ་རྒྱལ་པོའི་དབུ་སྐྲ་དང་རམས་པ་སྣག་ཚ་བྱས་ནས་བྲིས་པས་རེག་གཟིག་སྔོན་པོ་ཞེས་ཀྱང་མཚན་བཏགས་སྟེ། བཞི་དུམ་པ་ཡིན་སྐད། ལོ་དྲུག་གློགས་འདོན་བྱས། སྐུ་ཆིངས་མ་ཆིངས། ལྕགས་ཀྱི་ཐུར་མ་ལ་བརྒྱུས་པས་མིང་ཡང་ལྕགས་ཐུར་ཅན་དུ་གྲགས་སྟེ། སྔོན་བསམ་ཡས་ན་བཞུགས་པའི་ལྕགས་ཐུར་ཅན་ནོ། ད་ལྟ་གཡོ་རུ་ཁྲ་སྣ་ན་བཞུགས་སོ། དེ་ཡང་འགྱུར་མ་རྒྱས་ནས་ཕྱིས་རྒྱལ་བུ་མི་ཏིག་བཙན་པོའི་ཐུགས་དམ་དུ་བརྫངས་སྐད། ཅེས་པའི་ནང་གི་འགྱུར་མ་རྒྱས་ནས་ཞེས་པ་ལས་འགྱུར་དེ་ལེགས་འགྱུར་ཡོང་ཆེད་བསྐྱར་ཟློས་ལས་ལ་མ་འཛེམས་པར་སྔོན་གྱི་ལོ་ཙཱ་བ་དག་གི་འབྲས་བུར་རྨང་བཅོལ་ནས་དུབ་རབས་མི་འདྲ་བར་ལེགས་བསྒྱུར་གནང་ཡོད་པ་ལས་ལོ་ལོ་ཙཱའི་ལས་རིགས་ནི་ཡིད་ཕམ་གྱི་ལས་རིགས་ཤིག་ཡིན་པ་ཞེས་པ་དེ་ཡང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་སྔོན་ནས་ལས་རིགས་དེའི་ངོ་བོ་མཁྱེན་འདུག་གོ།

8 ཡི་གེ་བའི་མཚན་སྨྲོས་པའི་དགོས་པ།

གསུང་རབ་ཀྱི་མཇུག་བྱང་དུ་ཡི་གེ་བའི་མཚན་སྨྲོས་དགོས་དོན་ནི། ཡི་གེ་བ་ཁོང་རང་གིས་ངོས་ནས་འཆད་ན་གཞུང་དེའི་བརྗོས་བྱའི་དོན་ཆད་ལུས་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལེགས་ཉེས་ཅི་ཞིག་ཡིན་པ་གསུང་རབ་ཀྱི་སྤུས་ཚད་འགན་འཁྲི་འཁུར་དུ་བཞེས་པར་མངོན། བོད་ཀྱི་ཤེས་རིག་ཅེས་པ་ལས་ཕྱག་དཔེ་འབྲི་བཤུ་བྱེད་སྐབས་ནོར་འཛོལ་མང་པོ་བྱུང་སྲིད་དཔེར་ན་ཡོ་རོབ་གླིང་དུའང་གནས་ཚུལ་དེ་འདྲ་ཐིན་ཡོད། ལྷག་དོན་དུ་ཕྱག་དཔེ་འབྲུ་བཤུ་བ་རང་ཉིད་ཀྱི་གོམས་འདྲིས་སུ་སོང་བའི་དབང་གིས་ཡི་གེ་བསྡུ་ཡིག་གམ་སྐུང་ཡིག་འབྲི་བ། ཡང་ན་ཡི་གེ་ཆེས་མང་པོ་ཞིག་མུ་འབྲེལ་ལམ་ལྕགས་ཐག་མ་འབྲི་གནམ་གི་ཡོད། དེར་བརྟེན་མཇུག་བྱང་དུ་འབྲི་བཤུ་མཁན་གྱི་མཚན་གསལ་པོ་བཀོད་དགོས་པའམ་ཞུ་དག་གནང་མཁན་གྱི་མཚན་ཡང་ཆབས་ཅིག་ཏུ་འགོད་དགོས།

དེས་ན་གོང་དུ་རང་རིགས་ཀྱི་གསུང་རབ་ཀྱི་མཇུག་བྱང་ལས་བྱུང་བའི་ཡི་གེ་བ་སོ་སོའི་མཚན་ཉིད་དང་ཆ་རྐྱེན། གལ་ཆེའི་རང་བཞིན་སོགས་ཕྱོགས་གང་ཅིའི་ཐད་ནས་རང་གི་ནུས་པར་དཔག་པའི་དཔྱད་པ་དག་ལ་ཕན་དུ་རེ་བའི་བསམ་པའི་སྐུལ་སློང་གིས་འགྱིས་པ་ལགས། འོན་ཏེ་མཛད་བྱང་དུ་བཞུགས་པའི་ཡི་གེ་བར་གོ་བ་ཡང་དག་པ་ཞིག་ལེན་པའི་གོ་ཞོར་དུ་ལྗགས་རྩོམ་གནང་མཁན་དག་ཡི་གེའི་འདུ་བྱེད་ལ་མི་མཁས་པའི་བསམ་པའི་དོགས་གནས་དེ་མེད་པར་མཁྱེན། གང་ལགས་ཤེ་ན། རང་རེ་བོད་ཀྱི་གསུང་རབ་སྟེ་ས་སྐྱའི་སྔགས་འཆང་ངག་དབང་ཀུན་དགའ་རྣམ་རྒྱལ་གྱི་གསུང་པོད་བྲིམ་ས་པོད་ཀ་པའི་ནང་དུ་བཞུགས་པའི་ས་སྐྱ་གོང་མ་སྣ་ལྔ་ལ་སོགས་པའི་བསྟོད་ཚོགས་ཀྱི་ཆོས་ཚན་མཛད་བྱང་དུ་ཡི་གེ་བ་ཡང་རང་ཉིད་ཀྱིས་བྱས།  ལུས་དག་གོ། ཞེས་པ་དང་བོད་ཀྱི་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྔ་དུས་བོད་དུ་མཁས་པ་ཆེན་པོ་ཧ་ཅང་གི་མང་པོ་བྱོན་པ་རྣམས་འཆད་རྩོད་རྩོམ་གསུམ་ཀ་ལ་བྱང་ཆུབ་པ་ཤ་སྟག་ཡིན། ཞེས་གསུངས་པས་ཀྱང་དེའི་དོགས་གནད་ཆེས་ཆེར་སེལ་ལོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།