ཏན་ཏིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏན་ཏིང་།
ཨ་ལི་ཀའེ་ལི•ཏན་ཏིང་ནི་དུས་རབས་བཅུ་གསུམ་པའི་དབྱི་ཐ་ལིའི་སྙན་ངག་པ་དང་། དེང་རབས་དབྱི་ཐ་ལིའི་སྐད་ཀྱི་རྨང་འདིང་མཁན། ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་གསར་སྤེལ་མཁན་གྱི་གྲས་བཅས་ཡིན། ཁོང་གི་སྙན་ངག་རིང་མོ《ལྷའི་རོལ་དབྱངས》ཞེས་པ་འཛམ་གླིང་ན་སྐད་གྲགས་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿利盖利•但丁
ཕྱི་ཡིག་གི་མིང་།
Dante Alighieri
མཚན་ཧྲིལ་བོ།
ཨ་ལི་ཀའེ་ལི•ཏན་ཏིང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1265-1321)
རྒྱལ་ཁབ།
དབྱི་ཐ་ལི།
ལས་རིགས།
སྙན་ངག་པ།
དད་མོས།
གནམ་བདག་ཆོས་ལུགས།
འཐུས་ཚབ་བརྩམས་ཆོས།
《ལྷའི་རོལ་དབྱངས》《གསར་སྐྱེས》《སྟོན་མོ་གསོལ་བ》《སྙན་ངག་གཅེས་བསྡུས》
བྱས་རྗེས་གཙོ་བོ།
དེང་རབས་དབྱི་ཐ་ལིའི་སྐད་ཀྱི་རྨང་འདིང་མཁན།
གོ་གནས།
རིག་རྩལ་བསྐྱར་དར་གྱི་དེད་དཔོན།
1 ལོ་རྒྱུས་དང་གསར་རྩོམ།

ཏན་ཏིང་ནི་གྲོང་ཁྱེར་ཧྥུའུ་ལུའོ་ལུན་སཱ་ཡི་སྐུ་དྲག་ཅིག་གི་ཁྱིམ་དུ་སྐྱེས་ཤིང་། དུས་ཕྱིས་ཁྱིམ་ཚང་གི་འབྱོར་བ་ཉམས་རྒུད་དུ་གྱུར། ཏན་ཏིང་གི་ཕ་ནི་ཀའེ་ཨེར་ཧྥེ་ཁག་ལ་གཏོགས་ཤིང་། ཡུན་རིང་ལ་ཚོང་ལས་གཉེར། ཏན་ཏིང་ལོ་ན་ཆུང་དུས་མཁས་མཆོག་པུའུ་ལུའུ་ནེ་ཐོ•ལ་ཏའེ་ཉའེ་དགེ་རྒན་ལ་བསྟེན་ཏེ་ལ་ཏིང་ཡི་གེ་དང་སྙན་གཞུང་། ཚིག་རྒྱན་རིག་པ་ལ་སློབ་སྦྱོང་བགྱིས་ཏེ་གནའ་རབས་རྩོམ་རིག་ལ་ཞིབ་འཇུག་བྱས། ཁོ་རང་རོ་མའི་སྙན་ངག་མཁས་ཅན་ཝེ་ཆིར་ལ་ཤིན་ཏུ་དགའ་བས་རང་ཉིད་ཀྱི་དེད་དཔོན་དུ་བརྩི་འཇོག་བྱེད། ཏན་ཏིང་གི་རི་མོ་དང་རོལ་དབྱངས། མཚན་ཉིད་རིག་པ་སོགས་ཀྱི་ཡོན་ཚད་ཡང་མཐོན་པོར་སླེབས་པས་དུས་སྐབས་དེའི་མཁས་པའི་དབང་བོ་ཞིག་ཡིན། ཏན་ཏིང་གཞོན་ནུའི་དུས་སུ་ཁྱིམ་མཚེས་ཚང་གི་གཞོན་ནུ་མ་པེ་ཡཱ་ཏུ་ལ་བརྩེ་དུང་ཟབ་མོ་ཆགས། བརྩེ་དུང་འདི་ནི་པེ་ཡཱ་ཏུ་རྣམ་པའི་དགའ་མོས་ཤིག་ཡིན་མོད་ཀྱང་དེ་ཡིས་ཏན་ཏིང་གི་དུས་ཕྱིས་གསར་རྩོམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས། 

སྤྱི་ལོ1290ལོར་པེ་ཡཱ་ཏུ་ལ་སྙུང་གཞི་མ་བདེ་བར་ཚེ་ལས་འདས། དེའི་ཕྱིར་ཏན་ཏིང་གིས་སྤྱི་ལོ1283ལོའི་བར་གཞོན་ནུ་མ་པེ་ཡཱ་ཏུ་ལ་བྲིས་པའི་བརྩེ་དུང་སྙན་ངག་སུམ་ཅུ་ཙམ་ཚིག་ལྷུག་གིས་སྦྲེལ་ཏེ《གསར་སྐྱེས》ཞེས་པའི་མིང་བཏགས་ཏེ་རང་ཉིད་དགའ་བའི་གཞོན་ནུ་མར་དྲན་གསོའི་ཚུལ་དུ་ཕུལ། 《གསར་སྐྱེས》ཞེས་པའི་བརྩམས་ཆོས་ནང་གཞོན་ནུ་མ་པེ་ཡཱ་ཏུ་ལ་བཅིངས་པའི་ལྷག་བསམ་ཟོལ་མེད་ཀྱི་དྲན་གདུང་དང་ལྷད་མེད་ཀྱི་བརྩེ་དུང་མཚོན་ཡོད། བརྩམས་ཆོས་འདིའི་ནང་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཅུང་ཟད་ཀྱངང་བྲིས་མེད་མོད་དུས་རབས་བར་མའི་རྩོམ་རིག་གི་གསང་བ་ལྐོག་གྱུར་གྱི་རྣམ་པ་ལྡན། དེ་ཡང་ལྷད་མེད་བརྩེ་དུང་ལ་བསྟོད་བསྔགས་བྱས་པ་ཡིས་ཆགས་སྡོམ་རིང་ལུགས་ཀྱི་བཀག་རྒྱ་ལས་ཐར་འདོད་ཀྱི་རེ་འདུན་མངོན་པས་རང་བཞིན་དྭངས་གཙང་གི་ཁྱད་ཆོས་མངའ་འོ།། འདི་ནི་ཡོ་རོབ་ནུབ་མའི་རྩོམ་རིག་ལོ་རྒྱུས་སུ་རྩོམ་པ་པོས་རང་ཉིད་ཀྱི་བསམ་བློའི་བརྩེ་དུང་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བའི་རང་རྣམ་ཅན་གྱི་བརྩམས་ཆོས་དང་པོ་ཡིན།

ཏན་ཏིང་ནི་དུས་སྔ་མོ་ཞིག་ནས་ཆབ་སྲིད་ལས་འགུལ་ནང་ཞུགས་ཤིང་། ན་གཞོན་དུས་སུ་ཀའེ་ཨེར་ཧྥེ་ཁག་ལ་ཞུགས་ནས་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་ལ་ངོ་རྒོལ་བྱས་པ་དང་། ཆི་པོ་ལིན་ཏང་ཁག་འཇོགས་པའི་ཀང་པ་ཏི་དམག་འཁྲུག་ལ་ཞུགས་ཤིང་། ཀའེ་ཨེར་ཧྥེ་ཏང་ཁག་ལ་རྒྱལ་ཁ་ཐོབ་རྗེས། ཏན་ཏིང་ཧྥུའུ་ལུའོ་ལུན་སཱ་ཡི་སྲིད་འཛིན་དཔོན་གནས་ཤིག་ལའང་བདམས། དེའི་རྗེས་ཀའེ་ཨེར་ཧྥེ་ཁག་དེ་དཀར་ནག་གྱི་ཕྱོགས་ཁག་གཉིས་སུ་གྱེས་པ་དང་། ཏན་ཏིང་དེ་གཉིས་ལས་དཀར་ཕྱོགས་ལ་གཏོགས་ཤིང་། ཆོས་དཔོན་གྱིས་ཧྥུའུ་ལུའོ་ལུན་སཱའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་བྱས། སྤྱི་ལོ1302ལོར་ཏང་ཁག་ནག་ཕྱོགས་ལ་ཆོས་དཔོན་པུའུ་ཉི་ཧྥ་སི་སྐུ་ཕྲེང་བརྒྱད་པ་དང་ཧྥ་རན་སེའི་དམག་དཔུང་གི་རྒྱབ་སྐྱོར་ཐོབ་ནས་སྲིད་དབང་ཐམས་ཅད་བཟུང་བས་ཏན་ཏིང་གི་ཁྱིམ་ནོར་ཐམས་ཅད་གཞུང་བཞེས་བྱས་པ་དང་། ཁོ་རང་ཚེ་གང་བོར་རྒྱང་ཕུད་དུ་བཏང་། ཆབ་སྲིད་ཀྱི་ལས་འགུལ་དང་ཡུལ་གྱར་འཚོ་བས་ཏན་ཏིང་གི་བསམ་བློ་དང་གསར་རྩོམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས། རང་ཉིད་གུ་དོག་པའི་འཚོ་བའི་ཁོར་ཡུག་ལས་བཀྲོལ་ཏེ་དངོས་ཡོད་ཀྱི་གནད་དོན་གལ་ཆེན་དག་ལ་གདེང་འཇོག་བྱེད་ཐུབ་པར་གྱུར། ཡུལ་ཁམས་འགྲིམས་པའི་གོ་རིམ་དུ་ཁོང་གིས་གྲོང་ཁྱེར་བར་གྱི་ནང་འགལ་གྱི་ཉེས་པ་རྟོགས་པ་མ་ཟད། མེས་རྒྱལ་གཅིག་གྱུར་འབྱུང་བའི་རེ་འདུན་གཏིང་ཟབ་ཏུ་ཕྱིན། ཡུལ་ཁམས་འགྲིམས་པའི་དུས་འགོ་ཙམ་ལ། ཁོང་གིས《སྟོན་མོ་གསོལ་བ》(སྤྱི་ལོ1304-1307)དང《གྲོང་སྐད་ལ་དཔྱད་པ》(སྤྱི་ལོ1304-1305)ཞེས་པའི་བརྩམས་ཆོས་གཉིས་བྲིས།  《སྟོན་མོ་གསོལ་བ》ཞེས་པ་ནི་གོ་སླ་བའི་ཚིག་གིས་ཀློག་པ་པོ་རྣམས་ལ་ཚན་རིག་རིག་གནས་ཤེས་བྱ་ངོ་སྤྲོད་བྱེད་པའི་བརྩམས་ཆོས་ཤིག་ཡིན་ཞིང་།  《གྲོང་སྐད་ལ་དཔྱད་པ》ཞེས་པའི་ནང་དབྱི་ཐ་ལིའི་མི་དམངས་ཀྱི་སྐད་ཆའི་ལེགས་ཆ་ལ་བརྟག་དཔྱད་བྱས་ནས་ལ་ཏིང་ཡི་གེ་ཁོ་ནར་མཐོང་ཆེན་བྱེད་པ་དང་། མི་དམངས་ཀྱི་སྐད་ཆ་ལ་དམའ་འབེབས་བྱེད་པའི་སྣང་ཚུལ་ངན་པ་ལ་ངོ་རྒོད་བྱས་པས་དབྱི་ཐ་ལིའི་མི་རིགས་སྐད་ཆ་དང་རྩོམ་རིག་གི་གནད་དོན་ཐག་གཅོད་པར་ནུས་པ་གལ་ཆེན་ཐོན་པ་དང་། སྤྱི་ལོ1309ལོར་ལ་ཏིང་ཡི་གེས་བྲིས་པའི《རྒྱལ་པོའི་ལམ་ལུགས་ལ་དཔྱད་པ》ཞེས་པའི་ནང་ཏན་ཏིང་གི་ཆབ་སྲིད་བསམ་བློ་མཚོན་ཡོད།

སྤྱི་ལོ1321ལོར་ཏན་ཏིང་དབྱི་ཐ་ལིའི་ཤར་བྱང་ཁུལ་གྱི་ལཱ་ཝུན་ནཱ་ཞེས་པའི་ས་ཆར་ཚེ་ལས་འདས། དེ་ཡང་དགའ་འོས་པ་ཞིག་ལ་ཏན་ཏིང་མ་ཤི་གོང་ལ《ལྷའི་རོལ་དབྱངས》ཞེས་པའི་རླབས་ཆེན་གྱི་བརྩམས་ཆོས་བྲིས་ཚར་རོ། །བརྩམས་ཆོས་འདི་ཡིས་ཏན་ཏིང་རླབས་ཆེན་གྱི་རྩོམ་པ་པོ་ཞིག་ཏུ་གྱུར་ཏུ་བཅུག  དུས་ཕྱིས་ཧྥུའུ་ལུའོ་ལུན་སཱ་ཡི་མི་རྣམས་ཀྱིས་ཐེངས་མང་ལ་ཏན་ཏིང་གི་རུས་ཐལ་བསླང་ཡང་ལཱ་ཝུན་ནཱའི་མི་ཡིས་ཕྱིར་མ་སྤྲད་དོ།།

2 བརྩམས་ཆོས།

《ལྷའི་རོལ་དབྱངས》ཞེས་པ་དབྱི་ཐ་ལིའི་སྐད་ཡིན་དེ་དེའི་ནང་དོན་ནི་བླ་ན་མེད་པའི་སྤྲོ་གར་ཞེས་པའི་དོན་ཡིན་ཞིང་། ཏན་ཏིང་གིས་དང་ཐོག་ཁ་བྱང་ལ《སྤྲོ་གར》ཞེས་བཏགས། རྗེས་རབས་པ་དག་གིས་ཁོང་ལ་མཐོང་ཆེན་དང་གོང་བཀུར་བྱེད་ཆེད་བླ་ན་མེད་པའི་ལྷ་ཞེས་པའི་ཚིག་འདི་བསྣན། བོད་ཡིག་ལ་བསྒྱུར་ན《ལྷའི་རོལ་དབྱངས》ཞེས་བྱ། སེམས་ནུས་ཡོད་རྒུ་བཏོན་ནས་བྲིས་པའི་བརྩམས་ཆོས་འདི་ནི་རྩོམ་པ་པོས་མི་ཚེ་ཧྲིལ་བོའི་བསམ་བློ་དང་སྒྱུ་རྩལ་འཚོལ་སྙེག་གི་གྲུབ་འབྲས་ཡིན་པ་ལ་མ་ཟད། ཉེ་རབས་དབྱི་ཐ་ལིའི་ཡི་གེས་བྲིས་པའི་བརྩམས་ཆོས་གྲགས་ཅན་ཞིག་སྟེ། སྐབས་དེའི་ཡོ་རོབ་གླིང་གི་བརྩམས་ཆོས་ལས་ཆེས་མཐོ་བའི་གོ་གནས་ཟིན་ཡོད།

དུས་རབས་བར་མར་བྱུང་བའི《ལྷའི་རོལ་དབྱངས》ཞེས་པའི་བརྩམས་ཆོས་ལ་མཚོན་ན། དེའི་སྒྲིག་གཞི་དང་བརྗོད་བྱ་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ཐེབས་པས་ལྷའི་རིག་པའི་མཚན་ཉིད་ཀྱི་ཤེས་བྱ་དང་། འགྲེལ་དཀའ་བའི་མཚོན་དོན་དང་དཔེ་མཚོན། ལྐོག་གྱུར་གྱི་ཁྱད་ཆོས་སོགས་མངའ་བ་ཡིན། བརྩམས་ཆོས་སུ་ད་དུང་དུས་རབས་བར་མའི་རིག་གནས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་འབྲེལ་བས་གནའ་རབས་བར་མའི་རིག་གནས་ཀྱི་སྒྱུ་རྩལ་ཕྱོགས་སྡོམ་ཞིག་ཡིན། དེ་ལྟ་ཡིན་མོད་ཀྱང《ལྷའི་རོལ་དབྱངས》ཞེས་པའི་ནང་བསམ་བློ་གསར་རྙིང་གི་འགལ་བ་ལྡན་པས་དེ་ནི་ཆོས་ལུགས་རྩོམ་རིག་གི་བརྩམས་ཆོས་ཁོ་ན་ཞིག་མིན་པར་དེའི་ནང་དུ་བསམ་བློ་གསར་བ་དང་སྒྱུ་རྩལ་གསར་བའི་ཆའང་ལྡན་པ་ཡིན།

ཏན་ཏིང་གིས་སི་ཅཱ་ལཱ་ཧྥུའུ་ཞེས་པའི་སྐུ་དྲག་ཅིག་ལ་བསྐུར་བའི་སྤྲིངས་ཡིག་ནང《ལྷའི་རོལ་དབྱངས》བརྩམས་པའི་དམིགས་ཡུལ་བརྗོད་སྐབས་གསུངས་དོན། འཇིག་རྟེན་འདིར་འཚོ་བའི་མི་རྣམས་སྡུག་བསྔལ་ལས་ཐར་ཏེ་བདེ་སྐྱིད་དང་ལྡན་ཐུབ་པའི་དམིགས་ཡུལ་ཡིན། ཞེས་གསུངས་པ་ལྟར། ཁོང་གིས་ཆོས་ལུགས་ཀྱི་བྱུང་རིམ་བཀོད་པའི་དམིགས་ཡུལ་ནི་ཆོས་ལུགས་དྲིལ་བསྒྲགས་བྱེད་ཆེད་མ་ཡིན་པར་ཆབ་སྲིད་དང་ཀུན་སྤྱོད་ཀྱི་ཐད་ནས་དབྱི་ཐ་ལིའི་མི་རིགས་ལ་བགྲོད་ལམ་གསར་བ་ཞིག་འཚོལ་བའི་ཆེད་དུ་ཡིན་ནོ། །སྙན་ངག་འདི་ལ་ཕྱོགས་ཡོངས་ནས་གཟིགས་ན་བསྡུས་བརྗོད་ཀྱི་བརྩམས་ཆོས་སུ་འཁུམས་ཤིང་། དེའི་ནང་མཚོན་དོན་ཅན་གྱི་སྣང་བརྙན་དང་གཏམ་རྒྱུད་ཀྱིས་ཀུན་ནས་ཕྱུག་གོ །

ཏན་ཏིང་ནི་དངོས་ཡོད་ལ་མཐོང་ཆེན་བྱེད་པའི་སྙན་ངག་པ་ཞིག་ཡིན་ཞིང་། ཆོས་ལུགས་རང་བཞིན་ཅན་གྱི་རྨི་ལམ་དང་འཕྲུལ་རྟོག་གི་སྒྱུ་རྩལ་འབྲི་བྱའི་ནང་དོན་ཁྲོད་བཞག་མོད་ཀྱང་བྲིས་པའི་བརྗོད་བྱ་ནི་དབྱི་ཐ་ལིའི་དངོས་ཡོད་འཚོ་བ་ཡིན། དེ་ཡང་ཧྥུའུ་ལུའོ་ལུན་སཱ་དང་དབྱི་ཐ་ལིའི་ཏང་ཁག་བར་གྱི་འཐབ་རྩོད། ཆོས་དཔོན་དང་གྲྭ་བཙུན་རྣམས་ཀྱི་གདུག་སྤྱོད། རྒྱུ་འབྱོར་བཙན་འཕྲོག་བྱེད་པའི་དཔོན་པོ། གསར་བྱུང་གྲོང་མིའི་གྲལ་རིམ་གྱིས་མི་དམངས་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པ་སོགས་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་སྐབས་དེའི་དབྱི་ཐ་ལིའི་སྤྱི་ཚོགས་གནས་ཚུལ་མཚོན་པ་དང་། ལྷག་པར་དུ《དམྱལ་ཁམས》ཞེས་པའི་ཚན་པར་དངོས་ཡོད་གནས་ཚུལ་དེ་ལས་ལྷག་པར་འབུར་ཐོན་བྱས་ཡོད། ཏན་ཏིང་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་སྙན་ངག་པ་ཞིག་ཡིན་པས་འཚོ་བའི་ནང་གི་ཁ་ཕྱོགས་མི་གསལ་བ་དང་ཆབ་སྲིད་ཐད་གྱང་ཁའི་རྩྭ་ལྟར་ཕར་ཡོ་ཚུར་ཡོ་བྱེད་པ་དག་ལ་སྡང་བ་དང་རྒྱལ་གཅེས་རང་ལུགས་པ་ཞིག་ཡིན། དེ་ཡང་ཆོས་ཚོགས་དང་གྲྭ་བཙུན་དག་གི་ཉེས་སྐྱོན་ལ་སྐྱོན་བརྗོད་བྱེད་པ་ནི《ལྷའི་རོལ་དབྱངས》ཀྱི་བརྗོད་བྱ་གཙོ་བོར་འཁུམས་ཤིང་། ཁོང་གིས་ཆོས་སྲིད་ཟུང་འབྲེལ་ལ་དགག་གཞག་བྱས་ཏེ་རྒྱལ་དབང་གིས་རྒྱལ་ཁབ་གཅིག་གྱུར་བྱས་ཏེ་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ་དང་འཇིག་རྟེན་པའི་སྲིད་འཛིན་ལ་ཐེ་གཏོགས་བྱེད་པ་དང་ཆོས་དཔོན་ལ་སེམས་བསམ་པའི་གཏིང་ནས་སྡང་མཁན་ཞིག་ཡིན། ཏན་ཏིང་གིས་དངོས་ཡོད་སྤྱི་ཚོགས་ནང་གི་ཉེས་སྐྱོན་གཏིང་ཟབ་པའི་སྒོ་ནས་མཐོང་པ་མ་ཟད། འོད་སྟོང་འབར་བའི་མ་འོངས་པ་ཞིག་ཀྱང་འབྱུང་བར་ཡིད་ཆེས་བརྟན་པོ་ཡོད་པས་དེ་ལ་བརྩོན་ལེན་ཡང་བྱེད་པ་ཡིན། 《ལྷའི་རོལ་དབྱངས》ཀྱི་ནང་དུ་རྩོམ་པ་པོས་རིག་ཤེས་དང་དད་མོས་ཀྱི་རྗེས་འབྲང་སྟེ་ལྷའི་ཡུལ་དང་དམྱལ་ཁམས་སོགས་སུ་ཕྱིན་ཏེ་རྟོག་དཔྱོད་བྱས་པའི་སྙིང་སྟོབས་ཆེན་པོ་མངའ་བ་མཚོན་པ་དང། 《ལྷའི་རོལ་དབྱངས》ཀྱི་མཇུག་ཏུ་རྩོམ་པ་པོ་ད་དུང་ལྷའི་ཡུལ་ཁམས་སུ་ཕྱིན་ནས་དཀོན་མཆོག་དང་མཇལ་བ་ཡིས་མདུན་ལམ་དང་འགྲོ་བ་མིའི་མ་འོངས་པ་ལ་བཅངས་པའི་རེ་འདུན་གསལ་བོར་མཚོན་ཡོད།

《ལྷའི་རོལ་དབྱངས》ཞེས་པས་ཆོས་ལུགས་ཀྱི་བསམ་བློའི་མ་ལག་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གསར་བའི་བར་གྱི་འགལ་བ་གསལ་མཚོན་བྱས་ཤིང་། དེ་ལས་མངོན་པའི་འཇིག་རྟེན་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ་ནི་དུས་རབས་བར་མའི་སེམས་གཙོའི་ཆོས་ལུགས་ཀྱི་བསམ་བློ་ཞིག་ཡིན་མོད་ཀྱང་། རྩོམ་པ་པོས་བསམ་བཀོད་བྱས་པ་འདི་དག་ཆོས་ཚོགས་ཀྱི་དྲིལ་བསྒྲགས་དང་ཕྱོགས་ཡོངས་ནས་མི་འདྲ་སྟེ། ཁོང་གིས་བརྗོད་པའི་དཀའ་སྤྱད་ཅེས་པ་ནི་རིག་ཤེས་ཀྱིས་སྣེ་ཁྲིད་འོག་མི་རང་ངོས་ཀྱི་ཉམས་ལེན་བྱེད་པ་ལས་ཆོས་ཚོགས་དང་ཆོས་དཔོན་གྱི་སྣེ་ཁྲིད་ཅིག་མིན། བསམ་བློ་འདི་ཉེ་རབས་མ་རྩ་རིང་ལུགས་ཀྱི་རང་ངོས་རང་ལུགས་ཀྱི་ཆོས་ལུགས་ལྟ་ཚུལ་དང་ཐག་ཉེ་བས་དུས་རབས་བཅུ་དྲུག་པའི་ཆོས་ལུགས་བཅོས་བསྒྱུར་གྱི་མྱུ་གུ་འབུས་པ་མཚོན་ནོ། །དེ་བས་མི་ཚད་ད་དུང་དུས་རབས་བར་མའི་ཁྱད་ཆོས་དང་ཉེ་རབས་རྩོམ་རིག་གི་སྒྱུ་རྩལ་ཐབས་གསར་བའང་ལྡན།

《ལྷའི་རོལ་དབྱངས》ཞེས་པའི་བློས་བསླངས་དང་འབྲི་ཐབས་དུས་རབས་བར་མའི་རྩོམ་རིག་གི་འབྲི་ཐབས་སྤྱད་ཡོད་དེ། འཕྲུལ་རྟོག་གཏམ་རྒྱུད་དང་བསྡུས་བརྗོད་དཔེ་མཚོན་གྱི་འབྲི་སྟངས་སྤྱད་ཡོད། བརྩམས་ཆོས་ཡོངས་ཀྱིས་མཚོན་བྱེད་གཅིག་སྟེ་འགྲོ་བ་མི་སྡུག་བསྔལ་མགོ་ཐོམ་གྱི་དངོས་ཡོད་ནས་ཕུགས་བསམ་ཞིང་ཁམས་སུ་བགྲོད་པར་མཛུབ་ཁྲིད་བྱས་པ་དང་། སྙན་ངག་ཚན་པ་གསུམ་གྱི་ཚན་པ་རེ་རེའི་མཇུག་ཏུ་སྐར་ཆེན་ཞེས་པའི་ཐ་སྙད་སྦྱར་བས། སྐར་ཆེན་གྱི་འོད་ཟེར་གྱིས་མི་འགྱངས་པར་མི་ཡུལ་ལ་འོད་མདངས་འཕྲོ་སྲིད་པ་མཚོན་པར་བྱས། དཔེ་མཚོན་འདི་དག་ཐམས་ཅད་ལ་གསང་བ་ལྐོག་གྱུར་གྱི་ཁྱད་ཆོས་མངའ་བས་ལ་ལ་ཞིག་མི་རྣམས་ཀྱིས་གོ་བ་ཡང་དག་ཅིག་ལོན་དཀའ་བ་ཡིན། དུས་རབས་བར་མའི་ཁྱད་ཆོས་མངོན་པར་དོད་པའི་བརྩམས་ཆོས་འདི་ལ་རྩོམ་རིག་གསར་པའི་ཆའང་ལྡན་ཏེ། དེ་ལ་རིག་རྩལ་བསྐྱར་དར་སྐབས་ཀྱི་དངོས་ཡོད་རིང་ལུགས་ཀྱི་བྱེད་ཐབས་མངོན་ཡོད། གཞན་ད་དུང་ཁྱད་ཆོས་འབུར་ཐོན་ཞིག་ཡོད་པ་ནི། སྙན་ངག་ནང་དབྱི་ཐ་ལི་ཡི་སྐད་ཆ་སྤྱད་པ་དང་། དབྱི་ཐ་ལི་ཡི་དམངས་གླུའི་རྣམ་པ་ལ་ལད་མོ་བྱས་ཡོད། དུས་རབས་བར་མའི་དུས་སུ། ལ་ཏིང་ཡི་གེ་གཙོར་འཛིན་པས་རྩོམ་རིག་བརྩམས་ཆོས་ལ་ཏིང་ཡི་གེས་འབྲི་བ་ཡིན་མོད་ཀྱང་། ཏན་ཏིང་གིས་རང་ཉིད་ཀྱི་བརྩམས་ཆོས་ཀྱིས་དངོས་ཡོད་འཚོ་བ་དང་མི་རིགས་ཀྱི་ཁྱད་ཆོས་ཇི་བཞིན་གསལ་མཚོན་བྱེད་ཆེད་ཐོག་དང་པོར་དབྱི་ཐ་ལི་ཡི་མི་རིགས་སྐད་ཆ་སྤྱད་དེ་གསར་རྩོམ་བྱས་པ་མ་ཟད། དབྱི་ཐ་ལི་ཡི་དམངས་གླུའི་ཁྱད་ཆོས་ལ་གཞི་བྱས་ཏེ་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་གསུམ་གྱི་བདག་ཉིད་ཅན་དང་། ཟུང་ལྡན་གྱི་རྣམ་པ་སྟེABA  BCB  CDCདག་ཀྱང་སྤྱད་ཡོད་དོ། དེ་ཡང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི《ལྷའི་རོལ་དབྱངས》ཞེས་པའི་བརྩམས་ཆོས་འདི་ཉེ་རབས་རྩོམ་རིག་གི་སྐྱ་རེངས་ལ་ངོས་འཛིན་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-22

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།