ཙི་ཧྲི་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙི་ཧྲི་པུའུ།
ཙི་ཧྲི་པུའུ་ནི་ལྗར་པན་གྱི་ཞོད་འཇགས་དུས་རབས་སྐབས་ཀྱི་བུད་མེད་རྩོམ་པ་པོ་མིང་གྲགས་ཅན་ཞིག་ཡིན་ལ། ལྗར་པན་གྱི་གནའ་རབས་རྩོམ་རིག་གི་ཕུལ་དུ་བྱུང་བའི་འཐུས་ཚབ་པ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
紫式部
ཕྱི་ཡིག་གི་མིང་།
むらさきしきぶ
མིང་གཞན།
ཐེང་ཡོན་ཞང་ཙི། ཐེང་ཡོན་ཙེ་ཙི།
འཁྲུངས་འདས་ལོ་ཚིགས།
ཧ་ལམ་སྤྱི་ལོ(978-1018)
རྒྱལ་ཁབ།
ལྗར་པན།
ལས་རིགས།
རྩོམ་པ་པོ།
འཐུས་ཚབ་བརྩམས་ཆོས།
《ཡོན་ཧྲི་གཏམ་རྒྱུད》《ཙི་ཧྲི་པུའུ་ཡི་ཉིན་ཐོ》
བྱས་རྗེས་གཙོ་བོ།
འཛམ་གླིང་སྟེང་ཆེས་སྔ་བའི་སྒྲུང་རིང《ཡོན་ཧྲི་གཏམ་རྒྱུད》བརྩམས་པ།
1 མི་ཚེ་དང་གསར་རྩོམ།

ཙི་ཧྲི་པུའུ་ཞེས་པའི་མིང་དེར་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོད།  བཤད་ཚུལ་ལ།  ཁོ་མོའི་དངོས་མིང་ལ་ཐེང་ཡོན་ཞང་ཙིའམ་ཐེང་ཡོན་ཙེ་ཙི་ཟེར་ཞིང་།  ཙི་ཧྲི་པུའུ་ཞེས་པའི་མིང་དེ་ནི། ཧྲི་པུའུ་ཞེས་པ་རང་གི་ཕ་ཡི་གོ་གནས་ལས་ཐོབ་པ་དང་།  ཙི་ཞེས་པ་གང་གི་བརྩམས་ཆོས《ཡོན་ཧྲི་གཏམ་རྒྱུད》ནང་གི་མི་སྣ་གཙོ་བོ་བུ་མོ་ཙི་ཅི་ལས་དྲངས་པས་མིང་དུ་ཙི་ཧྲི་པུའུ་ཞེས་ཐོགས་པར་གྲགས།  ཁོ་མོ་ནི་དཔེ་ཆ་བའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས། མེས་པོ་དང་སྤོ་བོ་བུ་སྤུན་རྒན་པ་བཅས་ཚང་མ་གླུ་བ་ཡིན། ཕ་ཡིས་ས་གནས་ཀྱི་དཔོན་སྐབས་གཉིས་བྱས་མྱོང་ཞིང་། རྒྱ་ཡི་སྙན་ངག་དང་འདུས་གླུར་བྱང་ཆ་ལྡན་པ་དང་། རྩོམ་རིག་གི་བྱང་ཚད་མཐོ་ཙམ་ལྡན། ཙི་ཧྲི་པུའུ་ཆུང་ངུའི་དུས་ནས་སྤྱང་གྲུང་ཚད་ལས་འདས་ཤིང་།  ཕ་ཡི་མདུན་ནས་རྒྱ་ཡི་སྙན་ངག་སྦྱངས་པས། ཀྲུང་གོའི་གནའ་རབས་ཡིག་ཚགས་དང་བསྟན་བཅོས་ལ་རྒྱུས་མངའ་ཆེ་ཞིང་། ལྷག་པར་དུ་ཐང་རྒྱལ་རབས་ཀྱི་པའེ་ཅུའུ་དབྱི་ཡི་སྙན་ངག་ལ་ཤེས་རྟོགས་ཟབ་ཙམ་ཡོད། དེ་མིན་རོལ་དབྱངས་ཀྱི་འགྱུར་ཁུག་དང་ནང་ཆོས་ཀྱི་ཤེས་ཚད་མཐོ་ཙམ་ཡོད་པས།  བསམ་བློའི་ཐད་རུའུ་ལུགས་དང་ནང་ཆོས་ཀྱི་ཤུགས་རྐྱེན་ཟབ་པོ་ཡོད།  རང་ལོ་ཉེར་གཉིས་ཙམ་གྱི་སྐབས་སུ་ཁྱིམ་ཚང་ཉམས་རྒུད་དུ་གྱུར་བ་དང་།  རང་ཉིད་ལས་ལོ་ན་ཉི་ཤུས་རྒན་པའི་ས་གནས་ཀྱི་དཔོན་པོ་ཞིག་དང་གཉེན་སྒྲིག་ནས་བུ་མོ་ཞིག་བཙས།  ཡིན་ནའང་དུས་མི་རིང་བར་ཁྱོ་བོ་ཚེ་ལས་འདས།  དུས་དེ་ནས་བཟུང་ལོ་ན་ཕྲ་བའི་བུ་མོ་དང་ཁེར་འདུག་གིས་ཡུགས་སའི་འཚོ་བ་བསྐྱལ།  ཚོད་རྩིས་ལྟར་ན་སྤྱི་ལོ1006ལོར་ཁོ་མོ་ཕོ་བྲང་དུ་བསྡུས་ནས་གནམ་བསྐོས་གོང་མའི་བཙུན་མོ་ཀྲང་ཙི་ཡི་ཞལ་ཏ་མའི་འགན་འཁུར་ཞིང་།  བཙུན་མོ་ཀྲང་ཙི་ལ《འཇར་པན་གྱི་ཐོ་ཡིག》དང་པའེ་ཅུའུ་དབྱི་ཡི་སྙན་ངག་ཁྲིད།  ཕོ་བྲང་རྒྱབ་ཕྱོགས་ཀྱི་འཚོ་བའི་མྱོང་ཚོར་དེས་ཁོ་མོར་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་།  ཁོ་མོར་ཕོ་བྲང་གི་འཚོ་བ་ལ་ཐད་ཀར་གོམས་འདྲིས་ཀྱི་གོ་སྐབས་ཐོབ་ཅིང་། བུད་མེད་ཀྱི་བར་ཆད་དང་ཕོ་བྲང་ནང་གི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་། སྐུ་དྲག་གྲལ་རིམ་གྱི་ཉམས་དམས་ཀྱི་ཆ་ལ་ཡང་མྱོང་ཚོར་ཅུང་ཟད་བྱུང་། དེ་དག་གིས་ཁོང་གི་གསར་རྩོམ་ལ་སྒྱུ་རྩལ་གྱི་བློས་བསླངས་རྒྱ་ཆེ་བའི་ཡུལ་ཞིག་དང་། སྲ་ཞིང་བརྟན་པའི་འཚོ་བའི་རྨང་གཞི་ཞིག་ངང་གིས་བཏིངས་བྱུང་།  ཕལ་ཆེར་སྤྱི་ལོ1011ལོར་ཁོ་མོ་ཕོ་བྲང་དང་ཁ་བྲལ་བ་དང་། དེ་རྗེས་ལུས་སྟོབས་ཞན་ལ་ནད་མང་བས་ཚེ་ལས་འདས། ཙི་ཧྲི་པུའུ་ཡིས་མི་ཚེ་ཐུང་ངུའི་ནང་ཟིན་ཐོ་དང་།  ཐོལ་བྱུང་གི་རྩོམ། སྒྲུང་གཏམ། སྙན་ངག་སོགས་སྣ་མང་པོ་བྲིས་ཤོང་།  དེང་བར《ཙི་ཧྲི་པུའུ་ཡི་ཉིན་ཐོ》དང་། 《ཙི་ཧྲི་པུའུ་ཡི་གསུང་འབུམ》《ཡོན་ཧྲི་གཏམ་རྒྱུད》བཅས་དར་ཁྱབ་བྱུང་བའི་བསྟན་བཅོས་གསུམ་ཡོད་ལ། དེ་དག་ལས་ཀྱང་གྲགས་ཆེ་ཤོས་ནི《ཡོན་ཧྲི་གཏམ་རྒྱུད》ཅེས་པ་ཡིན།

《ཙི་ཧྲི་པུའུ་ཡི་ཉིན་ཐོ》ནི་ཁོ་མོ་ཕོ་བྲང་དུ་ལས་ཀ་བྱེད་སྐབས་བྲིས་པ་དང་། གཙོ་བོ་སྤྱི་ལོ1008ལོའི་སྟོན་དུས་ནས་སྤྱི་ལོ1010ལོའི་དཔྱིད་དུས་བར་གྱི་ཕོ་བྲང་ནང་གི་མཐོང་ཐོས་ཟིན་བྲིས་སུ་བྱས་ཡོད་ཅིང་།  ཕོ་བྲང་ནང་གི་འཚོ་བའི་རྣམ་པ་སྣ་ཚོགས་དང་དོན་རྐྱེན་སྣ་ཚོགས་བཀོད་འབྲི་བྱས་ཡོད། རྩོམ་པ་པོས་ཡུལ་ལྗོངས་བཀོད་འབྲི་དང་དོན་རྐྱེན་རྒྱས་བཤད་བྱེད་པའི་བརྒྱུད་རིམ་ནང་ཕོ་བྲང་གི་དོན་དངོས་ལ་མི་འདོད་པ་དང་། ཁེར་རྐྱང་། སྐྱོ་གདུང་།  ཡི་མུག་གི་བསམ་པ་ཤུགས་ཀྱིས་མཚོན་ཡོད། 《ཙི་ཧྲི་པུའུ་ཡི་ཉིན་ཐོ》ནི་ཚོར་འདུ་བབ་ཆགས་ལ།  ཚིག་སྦྱོར་རྣ་བར་སྙན་པས། ཞོད་འཇགས་དུས་རབས་ཀྱི་ཉིན་ཐོའི་རྩོམ་རིག་གི་ཚབ་མཚོན་གྱི་གྲས་ཤིག་ཡིན། ཟིན་ཐོ་དེ་ནི་དུས་སྐབས་དེའི་རིག་གནས་ལོ་རྒྱུས་དང་།  ཡུལ་སྲོལ་གོམས་གཤིས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་ཞིག་ཡིན་པ་མ་ཟད།  ཙི་ཧྲི་པུའུ་ཡི་མྱོང་ཚོར་དང་།  བསམ་བློ།  གཤིས་ཀ་བཅས་ཀྱི་ཁྱད་ཆོས་ཤེས་རྟོགས་ཡོང་བྱེད་གལ་ཆེའི་གཞི་འཛིན་ས་ཞིག་ཡིན་པས།  ལོ་རྒྱུས་དཔྱད་གཞིའི་རིན་ཐང་དང་རྩོམ་རིག་གི་རིན་ཐང་ཆེ་ཙམ་ཡོད།

ཙི་ཧྲི་པུའུ་ཡི་མི་ཚེ་སྐྱོ་གདུང་གིས་མནར་ཞིང་།  མི་ཡུལ་གྱི་བདེ་སྡུག་ཐམས་ཅད་བརྒྱུད་མྱོང་བས་ཁོང་གི་ཚོར་བ་རྣོ་ཞིང་སྐྱོ་ཤས་ཆེ་བ་དང་།  རང་བརྩི་ཤུགས་ཆེ་བའི་རང་གཤིས་གྲུབ།  ཁོ་མོ་ནི་ལྷན་སྐྱེས་ཀྱི་སྤྱང་གྲུང་འཛོམས་ཤིང་ཤེས་རྒྱ་ཆེ་བས་ཁོང་གི་རྩོམ་རིག་གསར་རྩོམ་གྱིས་ལྗར་པན་གྱི་རྩོམ་རིག་དང་ཀྲུང་གོའི་གནའ་བོའི་རྩོམ་རིག་གི་ཉིང་བཅུད་རྒྱུན་འཛིན་བྱས་པའི་ཐོག་དམིགས་བསལ་གྱི་གསར་གཏོད་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན།  ཁོ་མོའི་གསར་རྩོམ་ནི་རང་ཉིད་ཀྱི་སྐྱོ་གདུང་གི་སེམས་པ་དང་།  དུས་སུ་བབས་པའི་སྤྱི་ཚོགས་ཀྱི་སྐྱོ་གར་རང་བཞིན་གྱི་ངོས་འཛིན་གཞིར་བཟུང་ནས།  མི་ཚེ་དང་འཚོ་བའི་ནང་གི་སྐྱོ་གར་གྱི་མཛེས་ཆོས་སྔོག་འདོན་བྱས་པས།  མྱོང་བ་ཞིབ་ཅིང་ཟབ་ལ། ཚིག་སྦྱོར་བརྗིད་ཅིང་བདེ་བ།  སྙན་ཞིང་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་ཡོད།

2 བརྩམས་ཆོས།

《ཡོན་ཧྲི་གཏམ་རྒྱུད》ནི་ལྗར་པན་གྱི་ཞོད་འཇགས་དུས་རབས་ཀྱི་གཏམ་རྒྱུད་རྩོམ་རིག་གི་ཚབ་མཚོན་ཡིན་པ་དང་།  ལྗར་པན་གྱི་གནའ་བོའི་རྩོམ་རིག་གི་ཆེས་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཀྱང་ཡིན།  བརྩམས་ཆོས་དེ་ཡོ་རོབ་དང་རང་རྒྱལ་གྱི་ཐོག་མའི་སྒྲུང་གཏམ་ལས་ལོ་ངོ་སུམ་བརྒྱ་བཞི་བརྒྱས་སྔ་ཞིང་།  འཛམ་གླིང་ཐོག་བྱུང་བའི་སྒྲུང་གཏམ་སྔ་ཤོས་ཤིག་ཡིན། 《ཡོན་ཧྲི་གཏམ་རྒྱུད》གྱི་དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་བརྒྱ་ཙམ་ཡོད་པ་དང་།  ཁག་གཉིས་སུ་དབྱེ་ཆོག  ཁག་དང་པོར་ཡོན་ཧྲེ་ལྟེ་བར་བཟུང་ནས། གཙོ་བོ་ཡོན་ཧྲེ་ཡི་ཕོ་མོའི་བརྩེ་དུང་གི་འདུ་བྲལ་དང་། དཔོན་གནས་ཀྱི་འཕར་ཆག་གི་བརྒྱུད་རིམ་ཞིབ་འབྲི་བྱས་ཡོད།  སྒྲུང་གཏམ་གྱི་་ཁག་གཉིས་པར་གཙོ་བོ་ཞུན་ཅུན་གྱིས་བུད་མེད་ཧྥུ་ཀྲའུ་སོགས་རྩོད་ཀྱང་བསམ་འདུན་བཞིན་མ་བྱུང་བའི་སྐོར་བཀོད་ཡོད།

ཡོན་ཧྲིའི་མི་ཚེ་གང་པོའི་ཆགས་སྲེད་ཆེ་བའི་འཚོ་བར་མཐའ་སྐོར་ནས་བུད་མེད་ཀྱི་སྐྱོ་གདུང་གི་འཚོ་བའི་སྐོར་བཀོད་འབྲི་ཤུགས་ཆེན་བྱས་ཡོད་པ་དང་།  རིམ་པ་མཐོ་དམན་བར་གསུམ་གྱི་སྐུ་དྲག་བུད་མེད་ཁྱུ་ཚོགས་ཀྱི་སྣང་བརྙན་བསྒྲུབ་བཞེངས་བྱས་ཤིང་། ཁོ་མོ་ཚོའི་ལས་དབང་ངན་པ་ལ་སེམས་གཏིང་ནས་སྙིང་རྗེ་བྱས་ཡོད། མདོར་ན《ཡོན་ཧྲི་གཏམ་རྒྱུད》ནི་དམིགས་བསལ་གྱི་ལོ་རྒྱུས་དུས་རབས་དང་སྤྱི་ཚོགས་ཀྱི་ཐོན་དངོས་ཡིན།  རྩོམ་པ་པོས་ཡོན་ཧྲི་ཡི་མི་ཚེ་ཧྲིལ་པོའི་ཕོ་མོའི་ཆགས་ཞེན་དང་དེའི་རྒྱ་མཚོར་ལྷུང་བ་བཀོད་འབྲི་བྱས་པ་བརྒྱུད། ཐོར་ཞིག་གི་བརྒྱུད་རིམ་ཁྲོད་འཚོ་གནས་བྱེད་པའི་སྐུ་དྲག་སྤྱི་ཚོགས་ཀྱི་མི་སྣ་སྣ་ཚོགས་པའི་སྡུག་བསྔལ་དང་།  ཡི་མུག  སྐྱོ་སྣང་བཅས་རྩད་ཞིབ་ཞིབ་ཕྲ་བྱས་ཡོད།

སྒྲུང་གཏམ་དུ་ཞིབ་ཚགས་ཀྱི་མི་སྣའི་སེམས་ཁམས་བཀོད་འབྲི་ལ་བརྟེན་ནས་མི་སྣའི་གཤིས་ཀ་མཚོན་ཡོད་པ་དང་། མི་སྣའི་གཤིས་ཀ་གསོན་ཉམས་ལྡན་ལ་མངོན་སུམ་བྱུང་ཡོད། སྒྲུང་གཏམ་ནང་མི་སྣའི་བག་ཚ་བའི་འདོད་བརྩེའི་སེམས་ཁམས་བཀོད་འབྲི་བྱེད་པ་དེ་བས་ལེགས་ཤིང་། ལྷག་པར་དུ་བུད་མེད་ཀྱི་བསམ་པའི་ཚོར་བ་དང་མྱོང་བ་ཟབ་ཤོས་རྣམས་ཞིབ་ཚགས་ཀྱིས་མཚོན་ཡོད་པ་དང་། ཡིད་སེམས་གཏིང་ནས་འགུལ་བར་བྱ་ཐུབ།

མཇུག་ཏུ་གླེང་རྒྱུ་ནི་སྒྲུང་གཏམ་དུ་བཅད་ལྷུག་གཉིས་ཟུང་འབྲེལ་དུ་བྱས་ཡོད། དེ་ཡང་ཚིག་ལྷུག་གཙོ་བོར་བཟུང་བ་དང་།  གླུ་དང་མ་རྩོམ་རྦད་དེ་གཅིག་གྱུར་བྱུང་ཡོད། ཚིག་ལྷུག་གིས་དོན་བརྗོད་པའི་ཐོག  འདུས་གླུས་ཡིད་འགྱུར་དྲག་པོ་མཚོན་ཡོད་པས།  ཚིག་སྦྱོར་སྙན་པའི་ཁར།  སྒྲུང་གི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱུང་རིམ་འཕེལ་རྒྱས་ལ་སྐུལ་འདེད།  མི་སྣའི་ཡིད་འགྱུར་མཚོན་པ་བཅས་ཚང་མར་ཟུར་རྒྱན་གྱི་ནུས་པ་བཟང་པོ་ཐོན་ཡོད།  དེ་མིན་སྒྲུང་གཏམ་དུ་པའེ་ཅུའུ་དབྱི་དང་ཐའོ་ཡོན་མིང་ལ་སོགས་པའི་སྙན་ངག་དང་། རང་རྒྱལ་གྱི་ཡིག་ཚགས་ནང་གི་གཏམ་རྒྱུད་དང་རྗོད་པ་མང་པོ་ཞིག་དྲངས་ཡོད་ཅིང་།  དེ་དག་སྒྲུང་གི་བྱུང་རིམ་དང་གཅིག་ཏུ་འདྲེས་ཡོད་པས། དེའི་ཐོག་ནས་ཙི་ཧྲི་པུའུ་ལ་ཀྲུང་གོའི་རྩོམ་རིག་གི་ཡོན་ཚད་མཐོན་པོ་ལྡན་པ་མཚོན་ཐུབ། བསྡུས་ནས་བཤད་ན། 《ཡོན་ཧྲི་གཏམ་རྒྱུད》གྱི་སྒྱུ་རྩལ་ཁྱད་ཆོས་ནི་གང་གི་བརྗོད་སྙིང་དང་འཚམས་ཤིང་། དམིགས་བསལ་དང་ཞི་མཐུན་གྱི་ཆུ་ཚད་རྩེར་སོན་ཡོད་པས།  ཕྱིས་ཀྱི་མོས་གུས་ཅན་མང་པོ་ཞིག་དེ་ལས་བརྒལ་དཀའ་འོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-22

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།