གླིང་སྒྲུང་ནང་གི་ཕུ་ནུ་སུམ་ཅུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་སྒྲུང་ནང་གི་ཕུ་ནུ་སུམ་ཅུ།
ཁྲ་མོ་གླིང་གི་དཔའ་རྟུལ་སུམ་ཅུ་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格萨尔王的三十大将
འབྱུང་ཁུངས།
《གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང》
1 ​ངོ་སྤྲོད།


བོད་མིའི་གདོང་དྲུག་གི་རྒྱལ་པོ་ར་ཁྲ་རྒན་པོ་ལྕགས་སྟག་གི་ལོར་སྐུ་འཁྲུངས།  དགུང་ལོ་བཅོ་བརྒྱད་མེ་མོ་ལུག་གི་ལོར་བོད་བཟའ་བསམ་གཏན་འཚོ་ཁབ་ཏུ་བཞེས། དེ་ལ་སྲས་གསུམ་འཁྲུངས་པ་ནི་རུ་ཁྲ་བཙན།  དམུ་ཁྲ་བཙན།  ཀླུ་ཁྲ་བཙན་བཅས་ཡིན།   དེ་ལ་ཡང་སྲས་གསུམ་འཁྲུངས་པ་ནི་ཆོས་ལ་འཕན།  བླ་མ་འཕན། ཆོས་འཕན་ནག་པོ། བུ་ཆུང་བ་ཆོས་འཕན་ནག་པོས་འབྲོག་བཟའ་སྐལ་བཟང་ཆོས་སྒྲོན་ཁབ་ཏུ་བཞེས། དེ་ལ་བུ་གསུམ་དང་བུ་མོ་གཅིག་སྟེ། སྤྱི་དཔོན་རོང་ཚ་ཁྲ་རྒན།   སེང་བློན་གྭ་མ་རི་སྐྱེས། སྟག་རོང་དཔོན་པོ་ཁྲོ་ཐུང་། ཤེལ་ལྕམ་འཚོ་བཅས་འཁྲུངས་ནས་རིམ་བཞིན་སྟོད་གླིང་གསེར་བ་མཆེད་བརྒྱད།  བར་ལ་འོམ་དུ་ཚོ་དྲུག      སྨད་ལ་རྨུ་སྤྱང་སྡེ་བཞི།   སྐྱ་ལོ་ཕྱུག་གི་སྡེ་བ།  འདན་མ་ཆུ་ལ་ཉིན་སྲིབ།སྒ་འབྲུ་དང་བཅས་སྨུག་པོ་ལྡོང་གི་ཚོ་ཆེན་ལྷ་སྡེ་དཀར་པོ་ཆགས་སོ།།

1 གླིང་གེ་སར་རྒྱལ་བོ་ནི་མི་སྨུག་པོ་དུང་གི་སོ་སྒོ་ཅན།  ཡང་སྨུག་བྱུ་རུའི་ཤ་མདངས་ཅན།  རྟ་རྐྱང་དམར་མཚལ་གྱི་ཐིག་ལེ་ཅན།  གསེར་སྒ་ཉི་མ་རང་ཤར་བསྟད།   སྦ་ལྕག་བསམ་པའི་དོན་གྲུབ་གཡས་ལ་བཟུང་།  མདུང་མོ་ཁམས་གསུམ་རང་འགུག་གཡོན་ལ་བཟུང་།རྒྱབ་ལ་གཞུ་མོ་རྭ་རྒོད་བཏགས།མཐའ་རུ་མི་དམངས་ཁྲི་སྟོང་མང་པོས་བསུ་བ་རྒྱ་ཆེར་བྱེད་པའི་ཚུལ་དུ་བཞེངས་ཡོད།

2 སྤྱི་དཔོན་རོང་ཚ་ཁྲ་རྒན་ནི་མིག་རྒས་ནས་ཆུ་མགོ་སྐམ་པོ།མགོ་རྒས་ནས་ལུག་ཆུང་ཚ་རུ།  རྟ་བདོ་བ་ཤ་རྐྱང་དྲེའུ་མགོ་བཅིབས། ﹙ཁ་མདོག་རྐྱང་སྨུག﹚གླིང་དཔའ་རྟུལ་ཆེ་མ་ཆུང་གསུམ་ལ་ཨ་ཁུའི་ཡིག་ཆུང་དམར་པོ་པོ་ཏིའི་ནང་དོན་གསུངས་བཞིན་པའི་ཚུལ་བཞེངས་ཡོད། 

3 ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་ནི་ཞལ་ངོ་བཅོ་ལྔའི་ཟླ་ལྟར་དཀར་བ།  ཁྲ་ཆུང་མིག་ནི་ཐོ་རངས་སྐར་ཆེན་ཤར་བ་ལྟར་རྟ་ཕོ་རྒྱ་བྱ་སོག་དཀར་ལ་ཞོན།  རལ་གྲི་ཡ་ཟི་སྐར་ཕྲན་གཡུགས་ཐེངས་གཅིག་གིས་དགྲ་བོའི་ལུས་ཕྱེད་གཤགས་ཏུ་བཏང་ནས་བསད་པའི་ཚུལ་བཞེངས་ཡོད།

4 གླིང་ཚ་ཞང་འདན་མ་བྱང་ཁྲ་ནི་ཤ་རྩ་སྔོ་ལ་མིག་རྩ་དམར་བ།  རྟ་འདོ་བ་དངོས་གྲུབ་ལྡེམ་པ་ལ་ཞོན། མདའ་མོ་འཕངས་ནས་སྟག་གཟིག་རྒྱལ་པོའི་སྲས་ཁྲབ་རྒོད་ཟླ་བའི་བྲང་ལ་འཛེར་བའི་ཚུལ་བཞེངས་ཡོད། 

5 དཔའ་ཡ་མེད་སེང་སྟག་ཨ་དོམ་ནི་མི་དཀར་ལ་གངས་རི་འདྲ་བ།  རྟ་དཀར་ལ་གངས་རི་འདྲ་བ།   རྟ་སྟོང་རི་ནོར་གྱི་བང་མཛོད།  མཚོན་ལེབ་ཆེན་མི་བཤའ་གྲི་བཟུང་ནས་བདུད་དམག་མང་པོ་རམ་ནག་སེར་བས་བརྡུང་འདྲ་མཛད་པའི་ཚུལ་བཞེངས།

6 འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ནི་བེར་ཆེན་ནག་པོ་སྐུ་ལ་གསོལ།རྟ་ནག་རྟིང་དཀར་ཆིབས་སུ་བཅིབས།ཞགས་ནག་རིང་བོ་སྐེད་ལ་བཏགས།  སྒྱོག་རྡོ་གླང་ཆེན་གྱི་རོ་ཙམ་ཡར་འདེགས་པའི་ཚུལ་བཞེངས་ཡོད། 

7 གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་ནི་ཁྲོ་ཐུང་ངོ་གཉིས་ཌ་རུ་མགོ་ནང་ཕུ་ནུའི་སྟེང་ལ་ཞེ་སྡང་ཆེ།  དགྲ་ནག་པོ་མཐོང་དུས་མཐེ་བོང་སྟོན། རྟ་ཕོ་འཕར་བ་རྔ་ནག་ཡིན།  ཐང་སྟོང་ཞིག་ཏུ་དྲག་སྔགས་སྒོམ་བཞིན་པའི་ཚུལ་བཞེངས་ཡོད།

8 སྟག་རོང་ཨ་ནུ་གཟིག་འཕེན་ནི་རལ་གྲི་སྔོན་ལ་དགུང་ལ་འཕྱར་ནས་ཧོར་དམག་རྣམས་ཆག་ཆག་ཉིལ་ཉིལ་གྱིས་བསད་ཅིང་།  རྟ་ཕོ་གངས་རི་ལྡིང་ཤེས་ལ་བཅིབས།རལ་གྲིའི་ཁ་ལ་ཁྲག་གི་རྔམ་པ་ཆགས་ཡོད་པའི་ཚུལ་བཞེངས་ཡོད།

9 དར་འཕེན་དུག་གི་སྡོང་བོ་ནི་སྐྱ་རིང་མདུང་ལ་གྲུབ་པ་བརྙེས་ཤིང་། རྟ་འདོ་བ་སྨུག་གུ་ལྡིང་ཤེས་བཅིབས།  མདུང་རྒྱག་ཐེངས་གཅིག་གིས་མི་གཉིས་མདུང་མགོར་འཛེར་ནས་ཡར་བཀྱགས་ཏེ་འདུག་པའི་ཚུལ་བཞེངས་ཡོད།

10  དཔའ་རྒོད་ཉ་ཚ་ཨ་བརྟན་ནི་རལ་གྲི་དགུ་ཟི་བྱ་བ་ཟུར་གསུམ་ལྡན་པ།  གཡུགས་ཐེངས་གཅིག་གིས་མི་གསུམ་རེ་གསོད་པར་གྲགས།  རྟ་ཕོ་ཕོ་རོག་སྟོང་འཁྱམས་ལ་བཅིབས་འདུག་པའི་ཚུལ་བཞེངས་ཡོད།

11   ཡབ་ཆེན་སེང་བློན་རི་སྐྱེས་ནི་མི་གཤིས་འཇམ་ལ་བློ་ཁོག་ཡངས་པ། ཞལ་རས་འཛུམ་གྱིས་ཁེངས་པ།  རྟ་ཕོ་རག་སྐྱ་འཕུར་ཤེས་ལ་བཅིབས་འདུག་པའི་ཚུལ་བཞེངས་ཡོད།

12 སྐྱ་ལོ་སྟོན་པ་རྒྱལ་མཚན་ནི་ཕྱུག་དཀར་ནག་གི་ཁྱུ་མཐའ་རུ་རྟ་ཕོ་ཁམ་ཁམ་ཞིག་ལ་ཞོན་ཏེ་ཕྱུག་འཚོ་སྐྱོང་བྱེད་པའི་ཚུལ་བཞེངས་ཡོད། 

13 གསེར་པའི་ཉི་འབུམ་དར་ཡག་ནི་ཤ་རྩ་སྨུག་ལ་མིག་འབྲས་ཆེ་བ།  ལུས་སྟོབས་ཆེ་ཞིང་དཔའ་ངར་ཆེ་བ།  རྟ་ཕོ་ངང་བ་གསེར་སྒོང་གི་སྟེང་ལ་བཅིབས་ནས་གུར་སེར་གྱི་བྲང་ལ་མདའ་མོ་འཕངས་པའི་ཚུལ་བཞེངས་ཡོད། 

14 འོམ་བུའི་ཨ་ནུ་དཔའ་སེང་ནི་ཤ་རྩ་དཀར་ལ་ཐོད་ཞེང་ཆེ་བ།  གཟུགས་སྟོབས་ཆེ་ཞིང་ལག་པ་རིང་བ།  རྟ་ཕོ་གྲོ་བོ་ཤེལ་སྒོང་ལ་བཅིབས་འདུག་པའི་ཚུལ་བཞེངས་ཡོད། 

15   རྨུ་སྤྱང་རིན་ཆེན་དར་ལུ་ནི་སྐུ་མདོག་སྨུག་ལ་སྣའི་གཟེངས་མཐོ་བ། རྟ་འདོ་བ་དམར་པོ་གློག་རིས་ལ་བཅིབས།   རལ་གྲི་གཡུགས་ཐེངས་གཅིག་གིས་མི་ལུས་སྨྱུག་མ་གཤགས་པ་ལྟར་བྱེད་པའི་ཚུལ་བཞེངས་ཡོད།

16   འོམ་བུའི་སྤྱང་ཁྲི་རྔམ་ཆེན་ནི་རྟ་ཕོ་རག་ནག་མཆུ་དམར་ལ་ཞོན། མདའ་འཕེན་ཐེངས་གཅིག་གིས་མི་ཉི་ཤུ་བསད་པའི་ཚུལ་ལྟར་བཞེངས་ཡོད།

17 སྣང་ངུ་གཡུ་སྟག་ནི་རྟ་ཕོ་རྨ་བྱ་ཁྲི་ཆེན་ལ་ཞོན །  ལོ་བཅུ་གཉིས་ཅན་གྱི་བྱིས་པ་ཞིག་དམག་ཁྲོད་དུ་ཤོར་ནས་དམག་མང་གིས་གདོང་མ་བརྟན་པར་འབྲོ་ཚུལ་བཞེངས་ཡོད།

18 སྐྱ་ལོ་བུ་ཡག་འབྲུག་རྒྱལ་ནི་ཤ་རྩ་དཀར་ལ་མིག་འབྲས་ཆེ་བ།  མོ་སྨན་རྣམས་ཀྱི་ཡིད་སྨོན་འཆོར་བ། རྟ་ཕོ་དགུ་བརྒྱ་རྭ་གཅིག་ལ་ཞོན།  མཛེས་མ་མང་པོས་ཁོ་ལ་བལྟ་བའི་ཚུལ་ལྟར་བཞེངས་ཡོད།

19   ལྡོང་བཙན་སྣང་ངུ་ཨ་དཔལ་ནི་རྟ་ཕོ་གཡུ་བྱ་འཕུར་ཤེས་ལ་ཞོན།  ཕྱག་ལ་རྟེན་མདུང་རིང་བོ་ཞིག་ཐོགས་ནས་བདུད་ཀྱི་མི་རྟ་གཉིས་ལ་འཛེར་བའི་ཚུལ་ལྟར་བཞེངས་ཡོད། 

20  བཅོ་ལྔའི་དཔའ་གསར་ཟླ་བ་ནི་ཟླ་བ་ཉ་གང་བ་ལྟར་ངོ་ཟླུམ་ཞིང་གོར་བ།  མིག་འབྲས་ཆེ་བ་སྐར་ཆེན་འདྲ་བ།  མཁུར་མགོ་མཐོ་བ།  བདུད་དམག་གི་ནང་དུ་མཆོངས་པའི་ཚུལ་ལྟར་བཞེངས་ཡོད།

21   འབྲུ་སྲས་ནམ་མཁའ་ཐོག་རྒྱས་ནི་རྟ་ཕོ་གདོང་ཁྲ་དྲུག་ཁྲ་ལ་ཞོན།  རྟ་གོང་ནས་བདུད་དང་སྐྱ་འཛིང་བྱེད་པའི་ཚུལ་ལྟར་བཞེངས་ཡོད། 

22  འབུམ་པའི་དགྲ་ལྷ་རྩེ་རྒྱལ་ནི་རྟ་འདོ་ཁྱུང་གཤོག་སྔོན་མོ་ལ་ཞོན།  རལ་གྲིའི་ཁ་ནས་དམར་པོ་མེ་ཡི་གློག་འོད་འཆར་བའི་ཚུལ་བཞེངས་ཡོད།  

23  དཀར་རུ་ཉི་མ་རྒྱལ་མཚན་ནི་རྟ་འདོ་བ་ཁྲི་འཛོམ་ཡ་མེད་ལ་བཅིབས། ཕྱག་ལ་ཁྲོ་ལྕགས་ཀྱི་སྟ་རེ་ཐོགས་ནས་འགྱིང་འདུག་པའི་ཚུལ་བཞེངས་ཡོད།

24  ནག་རུ་ཐར་བ་རྒྱལ་མཚན་ནི་རྟ་ཕོ་ནག་པོ་འབྲོང་འདུར་ལ་བཅིབས། ཕྱག་ལ་རྟེན་མདུང་ཐུང་བ་ཞིག་བསྣམས་ནས་དགྲ་ཕྱོགས་ལ་སྡང་མིག་བགྲད་ནས་བཞེངས་འདུག

25  གཟུ་ཆེན་ཝེར་མའི་ལྷ་དར་ནི་རྟ་ཕོ་གསེར་ཉ་འཁྱུག་ཆེན་ལ་བཅིབས།   ལས་དམག་མང་པོའི་དཀྱིལ་དུ་རྟ་ཐོག་ནས་གཟུ་བཤད་པའི་ཚུལ་བཞེངས་ཡོད།

26   གླེན་པ་ཆོས་རྒྱལ་གྱིས་རི་དྭགས་བདའ་བའི་ཚུལ་བཞེངས་ཡོད།

27  གཡུ་འཕེན་སྟག་རྒྱལ་ནི་རྟ་ཕོ་སྔོ་ནག་རྟིང་དཀར་ལ་བཅིབས།  རལ་གྲི་ནམ་མཁར་ཕྱར་ནས་དམག་ཁྲོད་དུ་མཆོངས་པའི་ཚུལ་བཞེངས་ཡོད། 

28 འདན་སྲས་གཡུ་འོད་འབུམ་ཐུབ་ནི་རྟ་ཕོ་སྔོན་པོ་གནམ་གྱི་མདོག་ལ་བཅིབས།  རལ་གྲི་སྡིག་པ་ཤ་ཟན་ཐོགས་ནས་དགྲ་སྐེ་འབྲེག་པའི་ཚུལ་བཞེངས་ཡོད།

29  མི་ཆེན་རྒྱལ་བའི་ལྷུན་གྲུབ་ནི་རྟ་འདོ་བ་གྭ་བ་ཡ་མེད་ལ་བཅིབས།  མདུང་མོ་ཁམས་གསུམ་ཟིལ་གནོན་ཐོགས་ནས་བཞེངས་འདུག

30 ཨ་འབར་བུ་ཡི་འཕེན་སྟག་ནི་རྟ་ཕོ་སྔོན་པོ་གཡུ་སྒོང་ལ་བཅིབས། དགྲ་སྟ་སྔོན་པོ་མགོ་དགུ་མ་བཟུང་ནས་བཞེངས་འདུག

31  འབྲུ་མི་དཀར་ལྷ་བུ་བསམ་གྲུབ་ནི་རྟ་འདོ་བ་ངང་དཀར་འགྲོ་སྐྱིད་ལ་བཅིབས།ཕྱག་ལ་རྩེ་སག་ངར་མ་ལྷུ་སྒྲིག་ཐོགས་ནས་བཞེངས་འདུག་གོ ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-07

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།