གླིང་སྒྲུང་ལས་བྱུང་བའི་ཉེས་ཆད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་སྒྲུང་ལས་བྱུང་བའི་ཉེས་ཆད།
གེ་སར་རྒྱལ་པོའི་སྒྲུང་གིས་བོད་སིལ་བའི་དུས་ཀྱི་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ལེགས་ཉེས་དང་དགེ་སྡུག བཟང་ངན་དང་སྤྱི་ཚོགས་ཀྱི་ལམ་ལུགས། ཀུན་སྤྱོད་དང་ཁྲིམས་ལུགས་སོགས་མཐོ་བ་རྒྱལ་པོའི་སྲིད་དོན་ནས་དམའ་བ་ཁྱིམ་ཚང་གི་འཚོ་ཚིས་ཡན་ཆད་བར་གྱི་གནས་ལུགས་གསལ་བོ་ཞིག་བསྟན་ཡོད་པ་དེ་ལ་ཟེར།
1 སྤྱིར་བསྟན་པ།

གེ་སར་རྒྱལ་པོའི་སྒྲུང་གིས་བོད་སིལ་བའི་དུས་ཀྱི་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ལེགས་ཉེས་དང་དགེ་སྡུག  བཟང་ངན་དང་སྤྱི་ཚོགས་ཀྱི་ལམ་ལུགས། ཀུན་སྤྱོད་དང་ཁྲིམས་ལུགས་སོགས་མཐོ་བ་རྒྱལ་པོའི་སྲིད་དོན་ནས་དམའ་བ་ཁྱིམ་ཚང་གི་འཚོ་ཚིས་ཡན་ཆད་བར་གྱི་གནས་ལུགས་གསལ་བོ་ཞིག་བསྟན་ཡོད་པ་དང་། ང་ཚོས་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བའི་ཡུལ་ཁྲིམས་ཐོར་རེ་བ་དག་ཕྱོགས་གཅིག་ཏུ་བསྡུས་ནས་དཔྱད་ན་བོད་ལ་ཐུན་མོང་མ་ཡིན་པའི་འདུམ་འགྲིག་བྱེད་ཐབས་ཤིག་ཡོད་དེ།འཁྲུག་པ་ལྷའི་ཡུལ་ན་ཡོད་པ་དང་། སྡུམ་སྲིན་པོའི་ཡུལ་ཡིན་རུང་ཡོད་བྱ་བ་ཡིན། དང་པོ་ཚིག་ལ་གྱ་ནས་ཐ་མ་ར་ལ་སྡུམ་དགོས་པ་དང་། མི་ཤ་བརྒྱ་ཕྲག་འདས་ཀྱང་ཐ་མ་སྡུམ་ལ་ལྡོག་དགོས་པ་སོགས་སློབ་གསོ་ནན་ཏན་བཏང་སྟེ། ཕན་ཚུན་བློ་ཡུལ་གྱི་ཤགས་ལ་སེམས་ཞིབ་མོས་ཉན་པ་བཅས་མདོར་ན་འཚེམ་པའི་ཁབ་དང་འབྲེག་པའི་གྲི། ལེགས་སྦྱོང་སོར་མོས་འཆང་གི་ཚུལ་ཤེས་པ་ཅིག་གི་ངང་ནས་གྱོད་བསྡུམས་པ་སོགས་ཀྱི་གོ་རིམ་ཧྲིལ་བོར་གཏན་ཚིགས་ཀྱི་རང་བཞིན་ཆེ་ཞིང་། ལེགས་ཉེས་བླང་དོར་གྱི་གནད་གསལ་བ། དཔེ་ལེན་ཆགས་འཇོག་གསོན་ཉམས་ལྡན་པ། སྦས་དོན་གྱི་གནས་ལུགས་ཟབ་ཅིང་རྒྱ་ཆེ་བ། ཚིག་ཉུང་དོན་འདུས་ཀྱི་རང་བཞིན་ལྡན་པ། དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཤུགས་དྲག་པ། ཡིན་མིན་གྱི་རྩོད་ལན་རྣོ་བ། བློ་རིག་གི་འཆར་སྒོ་ཡངས་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་མ་ཟད། ཕྱི་ལུས་ཀྱི་བཅོས་ཐབས་ཀྱང་ནང་སེམས་འདུལ་ཐབས་དཀའ་བའི་གནས་ལུགས་ཁྱད་པར་བ་ཞིག་ཡོད་པ་དེའོ༎

2 སྲོག་ཆད།

སྲོག་གི་ཆད་པའི་ནང་གསེས་སུ་ལུས་འབེན་དུ་འཇོག་པ་དང་། མགོ་ལེན་པ། གསོན་སྙིང་ལེན་པ་བཅས་ཡོད་པ་དེ་དག་ནི་གཙོ་བོ་དམག་དོན་བཅའ་ཁྲིམས་ཀྱི་ཁོངས་སུ་བཀོལ་བ་ཤས་ཆེ་ཞིང་། ཕ་རོལ་དགྲ་འདུལ་བར་བསྐྱོད་སྐབས་བསྒྲགས་པའི་རུ་བཀོད་ཀྱི་ཁྲིམས་ཡིག་ལྟ་བུ་ཡིན། དོན་དངོས་སུ་དམག་གི་སྒྲིག་ལམ་ལ་འགལ་བའམ་སྡར་མ་ཝ་བྲོས་ཀྱི་རིགས་ལ་རྒྱུ་ནོར་གྱིས་ཉེས་བཤགས་བྱས་ཡོད་པའི་གནས་ཚུལ་མང་བ་ལས། ཆད་པ་དེ་དག་ལག་ཏུ་བསྟར་ཚུལ་བཀོད་མེད། གཞན་ཡང་ཕ་རོལ་ཉེས་ཅན་གྱི་དགྲ་བོ་ལག་ཏུ་ཚུད་པ་དག་ལུས་འབེན་བྱས་ནས་གསོད་པ་དང་། གསོན་སྙིང་ལེན་པ། མགོ་ལེན་པའི་སྐོར་དེ་ཡོངས་ཁྱབ་ཀྱིས་བཀོལ་ཡོད། གང་ལྟར་ཀྱང་ཆད་པའི་རྣམས་གྲངས་འགའ་ཞིག་དངོས་སུ་ལག་ཏུ་བསྟར་མེད་ན་ཡང་བཏང་སྙོམས་སུ་འཇོག་པར་མི་རིགས་ཏེ། གླིང་སྒྲུང་བྱུང་བའི་དུས་སྐབས་དེ་དག་ཏུ་བོད་ཀྱི་འཚོ་བ་དངོས་ཀྱི་ནང་ཉེས་ཆད་རིགས་དེ་འདྲ་བྱུང་མེད་ན། ཐ་སྙད་དེ་དག་བྱུང་བའི་ཐབས་མེད་དོ། །

2_1 ལུས་འབེན།

སྟག་གཟིག་ནོར་རྫོང་དུ། “ང་དགྲ་ལྷའི་ཁྲིམས་དང་འགལ་ཟེར་ན། ཤར་ཁྲི་གདུགས་ལ་མོ་རྒྱབ་དང་མཚུངས། ཞུ་མེད་དམག་སྒར་འབེན་ལ་འཇོག”ཅེས་གླིང་དམག་གི་སྒྲིག་ཁྲིམས་དང་འགལ་ན་བཙན་པོའི་ཚིག་ངོ་དང་། ཕྱུག་པོའི་རྒྱུ་ནོར་སོགས་ཀྱིས་ཞུ་བཤགས་བྱེད་ས་མེད་པར་དམག་སྒར་གྱི་འབེན་ལ་བཞག་ནས་གསོད་དགོས་པ་བསྟན་ཡོད། དེ་བཞིན་དུ། ལུས་འབེན་བྱེད་པའི་སྲོལ་ཡོད་པ་ནི། ཧོར་སྟོད་དུ། “དཔོན་པོ་བཞི་པོས་རེ་རེ་འཕངས་བྱུང་བ་བླ་མའི་ནུ་མ་གཡས་གཡོན། ལྟེ་བ། བྲང་དཀྱིལ་ཕོགས་ནས་རྒྱང་རྒྱང་ཐོན་བྱུང་བ་དང་། མེ་སྟག་དམར་ཚུབ་ཚུབ་བྱེད། ཞལ་དཀར་གྱིས་མདའ་རྒོད་འཕུར་ཤེས་ཐོགས་ལྕེ་དེ་ཐུགས་ལ་མེད་ཀྱང་ཕྱག་ལ་ཟིན་ནས་འཕངས་པས་འུར་སྒྲ་དང་། མེ་དུད་རླུང་གསུམ་གྱིས་བཀང་ནས་བླ་མའི་ཕུང་པོ་ཐོག་གིས་གཏོར་བ་ལྟར། མགོ་བོ་དེ་སྐྱ་ཧྲིལ་ལེར་བསྡད། གཞན་མ་ཤ་ཁམ། ཁྲག་ཐིགས། སྤུ་ཉག་མ་ཙམ་མ་ལུས་པར་གཞོབ་ཐུལ་གྱིས་སོང་ངོ་། །”ཞེས་དང་། ཡང་ཐོག་གླིང་གཡུལ་འགྱེད་དུ། “ཝ་བྲོས་མགོ་འབུལ་བྱེད་མི་རྣམས༎ ཐོག་རུ་དམག་གི་ཁྲིམས་ལུགས་ལྟར༎ དམར་གསོད་གྲལ་དཀྱིལ་འབེན་ལ་ཞོག ”ཅེས་དམག་ཁྲིམས་དང་འགལ་བའི་རིགས་གྲལ་དཀྱིལ་དུ་འབེན་ལ་བཞག་ནས་སྲོག་ཆད་གཏོང་དགོས་པ་བསྟན་ཡོད།

2_2 གསོན་སྙིང་ལེན་པ།

སྟག་གཟིག་ནོར་རྫོང་དུ། “གཙོ་ཆེན་གླིང་གི་དཔོན་པོས་ཉོན། །དགོས་སུ་བཀའ་བློན་ཆེ་བཞིས་ཉོན། །སྟག་གཟིག་ཡུལ་སླེབས་ཉིན་མོ། ། རྒོད་རྒོད་ཁ་ཕོ་མ་གཏོགས་པའི། །སྡར་མའི་ཝ་རྔ་གཡུག་པས་ན། །སྲོག་དམར་བྲང་དམར་དཀྱིལ་ནས་ཐོན། །” ཞེས་དམག་ཁྲིམས་དང་འགལ་བའི་ཉེས་ཆད་ཀྱི་གྲས་སུ་གསོན་སྙིང་བྲང་དཀྱིལ་ནས་འདོན་པའི་རིགས་ཤིག་ཡོད་པ་རྟོགས་ཐུབ།

2_3 ས་མཐར་སྤྱུགས་པ།

འཁྲུངས་སྐོར་དུ་ཇོ་རུ་མ་བུ་གཉིས་རྨ་སྨད་དུ་སྤྱུགས་པའི་ཚུལ་ནི། སྤྱི་དཔོན་གྱིས་ཇོ་རུ་མ་བུ་ལ་ཁྲིམས་ཚིག་བསྒྲག་པའི་གླུའི་ནང་དུ། “སྟབས་མ་ལེགས་སྟག་རོང་རྔོན་པ་བསད། ། རྟ་བརྐུས་པའི་ནག་ཉེས་ལྷམ་གྱིས་ཕུད།། ། ལས་དེ་ཚོ་བྱས་པའི་ཉེས་པ་དང་། ། ལ་ཡན་གྱི་རི་དྭགས་བཤས་སྟབ་བྱས། ། ལུང་ཡན་གྱི་མགྲོན་པོ་བཙོན་ལ་བཟུང་། ད་མི་ཤ་ཟས་ཏེ་མི་ཁྲག་འཐུངས། ། ལས་དེ་བྱས་གླིང་ལྷའི་ཐུགས་ལ་ཕོག ། མོ་ལུང་རྩིས་གསུམ་པོ་དེ་ནས་ལོག ། དེ་ནས་ཇོ་རུ་ཁྲིམས་ལ་བབས། ། ས་རྨ་ཡུལ་མཐིལ་ནས་ཕུད་རྒྱུ་བྱས། ། ཁྲིམས་གཅིག་ཐག་སྤྱི་དཔོན་ང་ཡིས་བཅད། །” ཅེས་ཇོ་རུ་ལ་ནག་ཉེས་བགྲངས་ཏེ་གླིང་དཀར་ཡུལ་གྱི་སྐྱིད་སྡུག་དང་ཁ་འབྲལ་ནས་རྨ་སྨད་དུ་འགྲོ་དགོས་པར་ཐག་བཅད་པ་དང་། ས་ཆ་དེ་ནི་བསེ་རག་བདུད་ཀྱིས་མཚེར་བཟུང་སྟེ། རི་རྩེའི་ས་ནག་སློགས། རི་རྐྱེད་ཀྱི་འཇག་མ་བཅད། ཐང་ཆེན་ལྡུམ་བུའི་རྩྭ་ཟོས་ཤིང་། མི་སོང་ན་ཐལ་རླུང་གིས་བཏུམས། ནོར་སོང་ན་ལྟོག་ནས་འཆི་བའི་ས་སྡུག་ཅིག་ཡིན་པར་བཤད་ཡོད། དེར་མ་ཟད། གླིང་ཡུལ་ནས་ཐོག་མར་རྒྱང་འཕུད་བྱེད་སྐབས་རང་འགར་གྱིས་ཤར་སེ་སོང་ཆོག་ཞིག་མ་ཡིན་པར། གདོན་བགགས་མཐར་བསྐྲོད་ལྟ་བུའི་ཆོ་ག་ཞིག་ཀྱང་སྤེལ་རྒྱུ་ཡོད་པ་ནི། ཡང་སྤྱི་དཔོན་གྱི་གླུའི་ནང་དུ། “ཁྲིམས་ཐོགས་མི་ལ་ཆད་པ་ཡོད། །ཕ་བླ་མ་བརྒྱ་ཡི་དུང་འདེད་དང་། སྟག་ཤ་ར་བརྒྱ་ཡིས་མདའ་འདེད་དང་། །མ་བུ་མོ་བརྒྱ་ཡིས་ཐལ་འདེད་ཡོད། །” ཅེས་ཉེས་ཅན་ལམ་དུ་ཆས་སྐབས་བླ་མ་རྣམས་ཀྱིས་གཏོར་འཕེན་དུང་འདེད་དང་། སྟག་ཤར་རྣམས་ཀྱིས་མདའ་འདེད་བྱེད་པ། བུད་མེད་རྣམས་ཀྱིས་ཐལ་བ་གཏོར་བ་སོགས་ཀྱི་རྫོངས་བ་དང་བཅས་ལམ་དུ་ཆས་དགོས་ཤིང་། འགྲོ་སའི་ལམ་ཡང་ཐག་གཅོད་བྱས་ཡོད་དེ། དང་པོར་རྫ་རི་ནག་བསེ་རག་གི་ཡུལ་ནས་མར་ཕུད་དགོས་པར་ཐག་བཅད་ན་ཡང་། ཞལ་དཀར་གྱི་ནུ་བོར་སོང་གཤིས་ཡང་འཛོམས་ཉི་མ་སྐྱིད་ཡག་ནས་ཡར་མངགས་དགོས་པ་དང་། ཐལ་བའི་ཚབ་ཏུ་རྩམ་པ་གཏོར་དགོས་པ་ནི་དམིགས་བསལ་གྱི་གུ་ཡངས་བྱས་པ་ཙམ་མོ། །

ཉེས་དོན་བཅའ་ཁྲིམས་ལས་ཉེས་ཆད་ཀྱི་ནང་གསེས་ས་མཐར་སྤྱུགས་པའི་ཆད་པ་འདི་བོད་བཙན་པོའི་དུས་ནས་བྱུང་ཡོད་པ་དང་། དེ་ཡང་ཏུན་ཧོང་བོད་ཡིག་ཤོག་དྲིལ P.T.1073 ནང་དུ། “ཁྱྀ﹕སྦད﹕པས། གཡར་ལས་སྩོགས་པའ། ཞོན་ཞོན་བ﹕འདྲོགས་དེ﹕བོར་ཡང་། རུང﹕གུམ་ནྀ﹕མ﹕གུམ་གྀ﹕སྨས་དང﹕ཁྱི﹕སྦོད﹕པའ། ཞྀག﹕ན﹕ཁོ﹕ན﹕པོ﹕རེང﹕དུ་སྤྱུག་གོ ། བང﹕ཟའ་པྱུགས། ནོར﹕གྱྀ﹕བཞྀ﹕ཅ﹕གཅིག་སྨས་པའྀ་དཀོད﹕དུ་སྩལད﹕དོ །” ཅེས་ཁྱི་སྦད་ནས་ཞོན་པ་འདྲོགས་ཏེ་རྨས་ན་ཁྱི་སྦོད་མཁན་ཡུལ་ཐག་རིང་པོར་རྒྱང་འབུད་དུ་གཏོང་བ་སོགས་འདི་དང་རིགས་འདྲ་བའི་སྐོར་ཅུང་མང་པོ་འདུག

བོད་སིལ་བུར་འཐོར་བའི་དུས་སྐབས་སུ་ཉེས་ཅན་ས་མཐར་སྤྱུགས་པའི་སྲོལ་འདི་མུ་མཐུད་དུ་རྒྱུན་འཛིན་བྱས་ཡོད་པ་གླིང་སྒྲུང་ལས་གསལ་བོར་མཚོན་ནུས་ཞིང་། དེ་ལས་གཞན་པའི་ལོ་རྒྱུས་རྒྱུ་ཆར་ཀྱང་བཀོད་པ་དཔེར་ན། ཁྱུང་རམ་རིག་འཛིན་རྣམ་རྒྱལ་གྱིས་བྲིས་པའི《ངའི་ཕ་ཁྱུང་རམ་དོན་གྲུབ་རྒྱལ་པོར་ཁྲིམས་ཆད་ཕོག་པའི་ལོ་རྒྱུས》ཞེས་པར། “ཕར་ཚེ་སྒོ་ཚེ་ལྕགས་བརྒྱབ་སྟེ་གླང་དམར་ལ་བསྐྱོན་ནས་སྐྱེལ་སྒྲོལ་དམག་མི་བརྒྱད་དང་བཅས་སྟོད་རུ་ཐོག་རྫོང་དུ་ས་འཛིན་དུ་གཏོང་སྐབས་དེར་སྐྱེལ་སྒྲོལ་དམག་མིའི་འགོ་པར་སྲིད་སྐྱོང་རྭ་སྒྲེང་ཕྱོགས་གཏོགས་ཀྱིས་ལམ་བར་འཕྲང་དོག་སར་ཕ་ཉིད་འདས་གཏོང་དགོས་པའི་མངགས་ཆ་བྱས་པ་བཀའ་བློན་བོན་ཤོད་ཀྱིས་ཤེས་ནས་ཁོང་ཚོས་དམག་མི་དེ་དག་ལ་རྔན་པ་གྱ་ནོམ་པ་བྱིན་པ་དང་། ཕ་ཕེབས་སྐྱེལ་ཞུ་མི་དང་། ཆིབས་རྟ་སོགས་ལྐོག་གཏོང་བྱས་ཏེ་སྲུང་སྐྱོབ་ཐུབ་ཙམ་བྱུང་འདུག ” ཅེས་དང་། ཡང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་གྱིས་བྲིས་པའི《ཐའི་ཇི་ཁྱུང་རམ་དོན་གྲུབ་རྒྱལ་པོ་ལས་ཞབས་གནས་དབྱུང་གིས་བཙོན་བཅུག་རྒྱང་འབུད་བཏང་སྐོར》ཞེས་པ་རུ། “ལུས་སྟེང་རྟ་ལྕག་རིམ་བཏང་དང་འབྲེལ་མཐར་དཔྱད་མཚམས་འཆར་གཞི་བཀའ་ཤག་བརྒྱུད་སྲིད་སྐྱོང་རྭ་སྒྲེང་ལ་ཕུལ་བའི་ཕྱག་རྟགས་དགོངས་དོན་ལྟར་ཁྱུང་རམ་དོན་གྲུབ་རྒྱལ་པོའི་མཁར་དབང་གཞུང་ལེན་ཐོག་རུ་ཐོག་རྫོང་ལ་ཕྱིར་མི་ལྡོག་པའི་རྒྱང་འབུད་དུ་བཙོན་སྐྱེལ་དམག་མི་དང་སྦྲགས་གླང་གོག་ལ་བསྐྱོན་ཏེ་བཏང་།” ཞེས་སྲིད་སྐྱོང་རྭ་སྒྲེང་གི་དུས་སུ་ཐའི་ཇི་ཁྱུང་རམ་དོན་གྲུབ་རྒྱལ་པོར་མ་ཉེས་ཁ་གཡོག་གི་ཞྭ་མོ་བསྐོན་ནས་ལས་ཞབས་གནས་དབྱུང་གིས་བཙོན་འཅུག་རྒྱང་ཕུད་བྱས་པའི་སྐོར་གྱི་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་འདི་ལས་ས་མཐར་གནས་དབྱུང་གཏོང་སྐབས་ཉེས་ཅན་གླང་གོག་དམར་པོ་ཞིག་ལ་བསྐྱོན་དགོས་པ་སོགས་གསལ་བོར་མཚོན་ཡོད།

དེ་བས་གླིང་སྒྲུང་གི་ནང་དུ་གསལ་བའི་ས་མཐར་སྤྱུགས་པའི་སྲོལ་དེ་ནི་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་བྱུང་བའི་ཁྲིམས་སྲོལ་ཞིག་ཡིན་ཕྱིར། ང་ཚོས་བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་དང་། སིལ་བའི་དུས་ཀྱི་ཡུལ་ཁྲིམས་སོ་སོ་བསྡུར་ཏེ་དཔྱད་པ་བཏང་ན། གེ་སར་རྒྱལ་པོའི་སྒྲུང་ནི་ལྷ་སྒྲུང་གི་རྣམ་པས་བཅིངས་པའི་རྩོམ་རིག་ཁོ་ན་ཙམ་དུ་མི་འདོད་དེ། འདིའི་ནང་དུ་བོད་མིའི་བསམ་སྤྱོད་མཐའ་དག་དང་། དུས་སྐབས་འགའ་ཞིག་གི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་སོགས་གསལ་བར་མཚོན་ནུས་པས་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་སྟེ་རིག་པའི་གཏེར་མཛོད་དུ་བསྔགས་པ་དོན་ལ་གནས་སོ། །

3 རྒྱུ་དངོས་ཀྱི་ཆད་པ།

རྒྱུ་དངོས་ཀྱི་ཆད་པ་གཅོད་བྱའི་ཉེས་དོན་གྱི་རིགས་ནི་མི་བསད་པ་དང་། རྨས་པ། རྒྱུ་ནོར་བརྐུས་པ་སོགས་འདུས་ཡོད་པ་ལས་འདིར་སྤྱིའི་ཆ་ནས་ངོ་སྤྲོད་ཙམ་ཞུ་བ་ལ།

ཀན་སུའུ་པར་གྱི་གྲུ་གུ་གོ་རྫོང་བར་ཆ་རུ། སྟག་རོང་གིས་བདེན་སྡུག་པ་གཉིས་དེ་སྟག་རོང་ཆེ། རྫུན་ཧམ་པ་གཉིས་དེ་འོམ་བུ་ཆེ་ཟེར་ནས་བླངས་པའི་གླུའི་ནང་དུ། འོམ་བུ་དཔོན་པོ་འཇང་སྲས་ཀྱིས་ཁྲི་དང་བཅས་པ་སྟག་རོང་ལ་འབུལ་དགོས་པ་མ་ཟད། སྔར་འོམ་བུས་བསད་པའི་སྟག་རོང་གི་བློན་པོ་གསུམ་དང་དམག་ཉིས་བརྒྱ་ལ་སྟོང་དགོས་ལུགས་དང་། འཕྲོག་པའི་ནོར་ལ་སྐྱིན་ཚབ་རྒྱག་དགོས་པར་བཤད་ཡོད་དེ། “ཁོག་སྟོད་གསེར་དང་དགུ་སྐོར་དགོས། །ཁོག་སྨད་དངུལ་དང་བཅུ་སྐོར་དགོས། །རྒྱུ་མ་མུ་ཏིག་འདོམས་འཇལ་དགོས། །བྲང་བརྡུང་གསེར་གྱི་ཐོ་བ་དགོས། །མཆི་ཕྱིས་དངུལ་གྱི་མེ་ལོང་དགོས། །རོ་ཁེབས་སྟག་ལྤགས་རློན་པ་དགོས། །རོ་དྲེལ་རྒྱ་དྲེལ་འགྲོས་མ་དགོས། ། ཕ་ཚན་ཉེ་བའི་དམག་སློག་དགོས། །ཨ་ཁུ་སྟག་གདོང་རྒྱལ་པོ་ལ། །དཀོན་མཆོག་གསུམ་དེ་བརྒྱ་འཇལ་དགོས། །སྐུ་རྒྱལ་བོད་ལ་ཆེ་བཤགས་དགོས། ། འདོ་བ་རྟ་ལ་རྒྱན་དྲུག་དགོས། །ལྷ་གསེར་ཞལ་ཅན་ལ་སྙན་དར་དགོས། །འབུམ་ཁྲ་ལུ་མ་ལ་གདོང་དར་དགོས། །རྒྱལ་སྲས་ལྷ་རྒོད་འབུམ་ལུ་ལ། །སྟོང་སྟོང་བ་ལ་སྟོང་འབུལ་དགོས། །དཔའ་རྟུལ་སྟག་འདྲ་གཟིག་འདྲ་ལ། །བརྒྱ་བརྒྱ་བ་ལ་བརྒྱ་འབུལ་དགོས། །ཁྲི་འབུམ་བརྒྱ་ཡི་དཔོན་པོ་ལ། །དགུ་དགུ་བ་ལ་དགུ་ཚན་དགོས། །” བཀོད་ཡོད་པ་འདིའི་ནང་དུ། མི་བསད་པའི་སྟོང་འཇལ་ཚུལ་འདི་ནི། བོད་སིལ་བའི་དུས་ཀྱི་ཕག་གྲུའི་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ལས་བསད་པ་སྟོང་གི་ཞལ་ལྕེ་ཞེས་པ་རུ། “རོ་ཁེབས་དང་། རོ་འཚོ། ཁྲག་གདན། ཅི་འོས་རིག་པས་བཅད། རོ་སྐོར་ཟེར་བ་རོ་བསྲེགས་པ་སོགས་ཀྱི་དགོས་ཆའི་སྐོར་ལ་ཟེར་བ་ཡིན་པས། གང་འོས་ཅི་ཆར་བྱེད། མི་གསོད་དཀར་ནག་ཁྲ་གསུམ་ཞེས་པ་གྲི་སྲེ་གནོན་པའི་ལྕགས་གཅོད་ཀྱི་ཆས་ལ་ཟེར་བ་ཡིན་པས་སྐབས་དང་སྦྱར་བའི་ཆར་བྱེད་དགོས་སོ། ཡུགས་བཟའི་མཆི་འཕྱིད། སྐྲ་འཁྲུད། བྲང་གདན་ཟེར་བ་དོན་གཅིག་སྟེ་མིང་འདོགས་མི་འདྲ་བ། དྭ་དྲུག་གི་རྒྱགས་རྟེན་། ཨ་མའི་སེམས་གསོ། མི་བདག་གི་རྒྱལ་རྣམས་ཇི་ལྟར་འོས་རི་མོ་ཟུར་དུ་འབྲི། གཞན་ཡང་། མི་རབས་འདུན་མའི་སྣེ་འཛིན། ཕ་ཚན་སྤྱིའི་རྒྱལ་ལམ། སྤུན་ཟླའི་སྙིང་གནོན། ཞང་ཚན་སྤྱིའི་རྒྱལ་ལམ། ཤ་ཉེའི་རྒྱལ་ལམ། མག་པའི་གཞུ་འབེབས་ཟེར་བ་སོགས་ཁ་མཆུའི་ཡན་ལག་གི་མིང་འདོགས་མང་པོ་ཡོད་པ་རྣམས་ཀྱང་ཇི་ལྟར་འོས་རི་མོ་ཟུར་དུ་འབྲི། དེ་མ་ཤར་ན། རོ་བདག་གིས་གསོད་མཁན་ལ་རྩོད་དུ་ཡོང་བས། དེ་རིགས་ཀྱི་མཐའ་འགེགས་དགོས་སོ།” ཞེས་བཀོད་པ་དང་། གཙང་བའི་ཁྲིམས་ཡིག་བཅུ་དྲུག་ཏུ། “དེ་སྔའི་ཁྲ་མ་རྣམས་སུ་རོ་བདག་གི་རྒྱགས། ཕ་ཚན་གྱི་དམག་སློག དྭ་ཕྲུག་གི་རྒྱགས་ཕྱེ། ཡུག་བཟའི་མཆི་འཕྱིས་བྲང་གདན་སོགས་ལ་སྲང་གྲངས་འདི་ཞེས་མི་བདག་བློ་ཁ་རྫོགས་ཐབས་མཛད་འདུག་པ་རྣམས་ལ་དགོངས་ནས། དེང་སང་སྙིང་གནོན་སྲང་ཆེན་གྱི་གཅོད་རྒྱ་འདི་ཡིན” ཞེས་པ་སོགས་ནི་གོང་གི་གླིང་སྒྲུང་ལས་བྱུང་བའི་སྟོང་འཇལ་བའི་གོ་རིམ་དང་ཕན་ཚུན་ཡོངས་སུ་མཚུངས་པས། གླིང་སྒྲུང་དུ་བྱུང་བའི་ཉེས་ཅན་ལ་རྒྱུ་དངོས་ཀྱི་ཆད་པ་གཅོད་པའི་འཇལ་ཚད་གཏན་འཁེལ་བྱས་པ་མི་སྣང་ན་ཡང་། ཚིག་གི་འགྲོས་ལས་བྱུང་བའི་ཉེས་ཅན་ཆད་གཅོད་དང་འབྲེལ་བའི་ཐ་སྙད་རྣམས་སིལ་བའི་དུས་ཀྱི་ཞལ་ལྕེ་ཁག་ཏུ་བྱུང་བ་དང་གཅིག་མཐུན་ཡིན་པས། གེ་སར་སྒྲུང་ནི་སིལ་བའི་དུས་སུ་དམངས་ཁྲོད་དུ་བྱུང་བ་ར་སྤྲོད་གནང་ཐུབ་པ་མ་ཟད། བོད་ས་གནས་རང་ནས་བྱུང་བ་ཡིན་པའི་བདེན་དཔང་གལ་ཆེན་ཏུའང་བགྲངས་ཆོག

4 ལུས་ཆད།

ཉེས་ཆད་གཙོ་བོ་གཉིས་ཡོད་དེ། སྲོག་གི་ཆད་པ་དང་། ལུས་སྟེང་གི་རྩ་ར་གཉིས་ཡིན། འདིར་ལུས་ཀྱི་ཆད་པ་ལ་གླིང་སྒྲུང་དུ། ལྕག་བཞུ་བ་དང་ཁྲིམས་ཤིང་གི་རྩེར་བསྐྱོན་པ་གཉིས་མ་གཏོགས་མངོན་མེད། འོན་ཀྱང་བཙན་པོའི་དུས་སྐབས་དང་སིལ་འཐོར་གྱི་སྐབས་གང་ཡིན་རུང་། ལུས་ཀྱི་ཆད་པའི་རིགས་ལ་མང་པོ་ཡོད་དེ། དཔེར་ན། མིག་རིལ་འདོན་པ། རྐང་ལག་འབྲེག་པ། སྣ་གཅོད་པ། ལྕག་བཞུ་བ། རྟིང་རྩ་གཅོད་པ། པུས་མོའི་ལྷ་ང་བཀོག་པ། རླུང་རྩིའི་ནང་འཇོག་པ། སྐེ་ལ་སྒོ་དང་ལག་པར་ཨ་འདེ་བཀོན་པ། རྐང་ལྕགས་རྒྱག་པ། སྤོར་ལྕག་བཞུ་བ་བཅས་ཡོད་པ་མ་ཟད། 《རྒྱལ་རབས་གསལ་མེ》རུ།“རྫུན་བྱས་པའི་ལྕེ་གཅོད་པའོ” ཞེས་དང་།   《རྒྱ་བོད་ཡིག་ཚང་ཆེན་མོ》རུ།“ངའི་མཆོད་གནས་ལ་དེ་བཞིན་བྱེད་པ་མ་འོས་གསུངས་ནས། འཛུབ་མོ་བཅད་པ་བྱུང་” པ་ལྟ་བུའོ༎ གླིང་སྒྲུང་དུ་གོང་གསལ་དེ་དག་ལས་ལྕག་བཞུ་བའི་ཆད་པ་དང་། དེར་མ་གཏོགས་པའི་ཁྲིམས་ཤིང་གི་རྩེར་བསྐྱོན་པ་གཉིས་བྱུང་ཡོད་པ་ནི།

4_1 ལྕག་བཞུ་བ།

ཀན་སུའུ་པར་གྱི་གྲུ་གུ་གོ་རྫོང་བར་ཆ་རུ། “སྒོ་འགྲམ་ན་བོད་ཕྲུག་མི་ཆུང་ཁ་བདེ་ཡོད་པ་ཁྲོ་རྒྱལ་བེར་དམར་གྱིས་ཕྲག་གོང་ནས་བཟུང་ཏེ་སྟག་རོང་ལས་གུར་དུ་ཁྲིད། བཤད་ལོང་དང་ཉན་ལོང་། བལྟ་ལོང་དང་དཔྱད་ལོང་མེད་པར་ལྕག་ཚན་ཉིས་བརྒྱ་བཏང་། ” ཞེས་སྐབས་དེར་ཉེས་ཅན་ལ་ཉེས་པ་ལྕི་ཡང་ལྟར་ལྕག་བཞུ་བའི་སྲོལ་ཡོད་པ་གསལ་བོར་བསྟན་ཡོད། ལྕག་བཞུ་བའི་ཉེས་ཆད་འདི་ནི་བོད་བཙན་པོའི་དུས་སྐབས་ནས་བྱུང་ཡོད་དེ། ཏུན་ཧོང་ཤོག་དྲིལ P.T༡༠༧༡རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་ཏུ། “རྀ་དགས་ཁོངྶ་ནས།  བཏང་བའྀ་ཁྲིམས་ལ། །  རི་དགས་བྱེ་ནའ་བྱེ་བའི་ཆད་པའ་ནྀ།  གཡག་ཅྀག་ཤོར་ན་ཉ་ཚ་བཞི་བཅུ་སྩལདོ: །  འབྲི་ཅིག་ཤོར་ན།  ཉ་ཚ་ཉི་ཤུ་སྩལ།  རྐྱང་ཅྀག་ཤོར་ན་ཉ་ཚ་བཞི་བཅུ་སྩལདོ།  རྣ་བ་སྨྱུན[གཉན]དང་གཙོད་གཤོར[ཤོར]ན།  ཉ་ཚ་བརྒྱད་སྩལདོ་། །  རྒོ་བ་ཤོར་ན་ཉ་ཚ་དྲུག་སྩལ།  ལྀང་མྱི་བརྒྱའུ་རྗེ་དང་བཅུ་སྣའི་ཆད་པ་ནྀ། ཇྀ་འོས་པ་ཉ་ཚའ་གྲངས་ཕྲལ་ལ་སྩལད།  ” ཅེས་ཁ་གསལ་ཞིབ་ཕྲ་སྒོས་གཏན་འཁེལ་བྱས་ཡོད་པ་དང་། གཞན་ཡང་བོད་སིལ་བའི་དུས་ཀྱི་ཡུལ་ཁྲིམས་སོ་སོའི་ནང་དུའང་ལྕག་བཞུ་བའི་ཉེས་ཆད་འདི་ཡོངས་ཁྱབ་ཀྱིས་སྤྱོད་ཡོད། བཀྲ་བས་བརྩམས་པའི《ཧོར་ཚོ་སོ་དགུ་པའི་ལོ་རྒྱུས་ཐོར་བུ》ཞེས་པའི་ནང་དུ་བོད་ས་གནས་སྲིད་གཞུང་གི་ཁྲིམས་ལུགས་ལག་ལེན་བསྟར་བའི་སྐོར་ངོ་སྤྲོད་སྐབས་སུ། ཉེས་ཆད་ཀྱི་རིགས་མང་པོ་ཞིག་དྲངས་ཡོད་པ་ལས། ལུས་ཐོག་གི་རྩ་རའི་སྐོར་ལ“རྟ་ལྕག་དང་སྤོར་ལྕག་བཞུ་བའི། ” ཆད་པ་ཡོད་པ་འཁོད་ཡོད། དེར་མ་ཟད་ཆད་པ་དེ་རིགས་དངོས་སུ་ལག་ཏུ་བསྟར་བའི་སྐོར་ལ། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བྲིས་པའི《དེ་མོ་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པར་བོད་ས་གནས་སྲིད་གཞུང་གིས་ཉེས་མིང་བཀལ་བའི་སྐོར》ཞེས་པར། “དེ་མོའི་ཚ་བོ་ནོར་བུ་ཚེ་རིང་བྱེད་འཛོལ་ཆེ་བས་མཁར་དབང་གཞུང་ལེན་གྱིས་ལུས་སྟེང་རྟ་ལྕག་གནད་འཕྲོད་བཏང་ཐོག་ཚེ་སྒོ་ཚེ་ལྕགས་སྲ་ཐང་བརྒྱབ་སྟེ་རགས་རྒྱབ་ཏུ་བཙོན་ཁང་གསར་རྒྱག་ནང་ཚེ་གང་རིང་ར་ཁ་ཚ་ཚུལ་པར་རྩིས་སྤྲོད་ཀྱིས་སྣང་ཤག་ལས་ཁུངས་ནས་མཇུག་གནོན་དོ་དམ་ལྷོད་མེད་བྱ་རྒྱུའི་” ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་ནུས།

4_2 ཁྲིམས་ཤིང་གི་རྩེར་བསྐྱོན་པ།

ཧོར་སྟོད་དུ། “ཤན་པ་གསུམ་པོ་ལངས་ནས་འབྲུག་མོའི་ཤ་གོས་མ་གཏོགས་ན་བཟའ་ཐམས་ཅད་བཤུས་ཏེ་ཁྲིམས་ཤིང་ཀ་བ་སྦོམ་པོ་ཞིག་བར་སྣང་དུ་སླེབས་པར་བཙུགས་པ་ལ་ཐག་ནག་གིས་བསྡམས་ནས་ཤིང་གི་རྩེ་ལ་བསྐྱོན་ནོ། །གཡོག་མོ་གསུམ་པོ་ཡང་རེ་རེ་ནས་ལྕགས་ཐག་གིས་བསྡམས་ནས་ཕུར་བ་འདོམ་གང་རེ་བཏབ་སྟེ་ཁྲིམས་ཤིང་གི་འགྲམ་དུ་ཁྱི་བཏགས་པ་ལྟར་བྱས་ནས་བཞག” ཅེས་སེང་ལྕམ་འབྲུག་མོ་ཧོར་གྱིས་འཕྲོག་རྗེས་གུར་དཀར་ལ་དུག་འདྲེན་སྐབས་ཤན་པོས་གནས་ཚུལ་རྟོགས་ནས་འབྲུག་མོར་ཆད་པ་བཅད་པའོ། ། ཡང་ཧོར་སྟོད་དུ། “བླ་མ་གུ་རུ་ཁྲིམས་ཤིང་ལ་བརྒྱངས་ཏེ།” ཞེས་བཀོད་པ་ལ་གཞིགས་ན་བོད་དུ་ཉེས་ཅན་ཁྲིམས་ཤིང་དུ་བསྐྱོན་ནས་ཆད་པ་གཅོད་པའི་སྲོལ་ཡོད་པ་ཤེས་ཐུབ་མོད། འོན་ཀྱང་འདི་དང་རིགས་འདྲ་བའི་ཆད་པའི་སྐོར་ལོ་རྒྱུས་རྒྱུ་ཆར་བཀོད་པ་མ་མཐོང་མོད། བོད་སིལ་བའི་དུས་ཀྱི་ཡུལ་ལུང་རེ་འགའི་ཆད་གཅོད་ཀྱི་བྱེད་ཐབས་ཤིག་ཏུ་ངོས་འཛིན་དགོས་སོ། །

4_3 བཙོན་འཇུག

བཙོན་འཇུག་གི་སྐོར་ལ་དུས་བཀག་དང་ཚེ་བཙོན་གྱི་རིགས་གཉིས་ཡོད་པ་ལས། སྒྲུང་ཡིག་ཏུ་བྱུང་བ་ནི་དུས་བཀག་བཙོན་འཇུག་མ་གཏོགས་ཚེ་བཙོན་གྱི་སྐོར་འཁོད་མེད། དེར་མ་ཟད་དུས་ཡུན་ལོ་གཉིས་ནས་གསུམ་ཁོ་ནར་གཏན་འཁེལ་བྱས་ཡོད་། ཐང་ཡིག་གསར་མའི་གླེགས་བམ་ཉིས་བརྒྱ་དང་བཅུ་དྲུག་པའི་སྟོད་ཆར། “ཁྲིམས་ནི། ཉེས་པ་ཆུང་ངུ་ལའང་མིག་འདོན། རྐང་འབྲེག སྣ་གཅོད། ལྕག་གཞུ། དེ་དག་དཔོན་གྱི་འདོད་མོས་བཞིན་བགྱིད་པ་ལས་ངེས་གཏན་མེད། བཙོན་རྭ་ནི། འདོམ་བརྒྱའི་དོང་རིང་དྲུས་ཏེ་བྱེད། བཙོན་མ་ལོ་གཉིས་སམ་གསུམ་ནས་འཐོན།” ཞེས་སྔོན་དུས་སུ་ཉེས་ཅན་ཚེ་བཙོན་བྱེད་པ་ཉུང་ཞིང་། དུས་བཀག་བཙོན་འཇུག་གི་དུས་ཡུན་ཀྱང་རིང་ན་ལོ་གསུམ་ཡིན་པའི་སྲོལ་འདི་གླིང་སྒྲུང་བྱུང་བའི་དུས་སྐབས་དེ་དག་ཏུའང་མ་ནུབ་པར་ཡོད་པ་འདུག འཇང་གླིང་གཡུལ་འགྱེད་དུ། “དེ་ནས་གླིང་དཀར་དཔའ་རྟུལ་རྣམས། །སེར་པོ་ཧོར་གྱི་གྲལ་མགོ་ནས། །དམུ་བདུད་རྒྱ་ནག་རྒྱལ་པོ་ལོངས། །ཤེད་ཆེན་ཚོགས་པའི་ཡང་སྙིང་ནས། །སྒ་སྡེའི་མི་ཆེན་སེར་པོ་ལོངས། །བདུད་ཆེན་ཨ་ནུ་ཕྱིང་སྔོན་འདི། །སྐྲ་སྨིན་མ་ནག་པ་གླིང་ལ་བྱེད། ། སོ་སེན་མོ་དཀར་ས་དགྲ་ལ་བྱེད། ། ལོ་གསུམ་བདུད་བློན་བཙོན་ལ་བཟུང་། །དགུང་ཉི་ཟླ་མི་མཐོང་ཁྱིམ་ལ་ཆུག །” ཅེས་པ་ལྟ་བུ་དང་། ཡང་ཀན་སུའུ་པར་གྱི་གྲུ་གུ་གོ་རྫོང་དུ་བར་ཆ་རུ། “ཁ་སང་ནང་རྩོད་འཁྲུག་སློང་ལ། །མི་ཤི་བྱུང་བའི་དགེ་སྟོང་དེ། །ཕོ་འབྲིང་དགུ་ཚན་བཅོ་ལྔ་སྤྲོད། །རྟ་ཤི་རྒྱུགས་འཕྲོག་ངོ་ཚབ་སྤྲོད། །ལག་དམར་གླིང་དཀར་ཡུལ་དུ་སློག །ལོ་ངོ་གསུམ་ལ་བཙོན་འོག་ཆུག །” ཅེས་པའོ། །

4_4 མཚང་འདྲུ་ཉེས་བཤགས།

མོན་གླིང་གཡུལ་འགྱེད་དུ། གེ་སར་གཙོས་རྒྱལ་བློན་བཅུ་གསུམ་གུ་ནེ་ཐང་སྟོད་དུ་ཕེབས་ནས་མོན་གྱི་བླ་གནས་འདུལ་སྐབས། ཐན་གྱི་ཝ་མོ་རྣ་བརྒྱད་མི་ཆུང་གི་ཐད་དུ་མཆོང་བྱུང་བ་ཕྱི་ནུར་ཞིག་བྱས་པས་རྒྱབ་ཏུ་ཁྲོ་ཐུང་ཡོད་པར་ཕུད་རྒྱག་ཐེབས་པས་ཁ་སྦུག་ཏུ་འགྱེད་ཞིང་ཝ་མོས་རྨུགས་པས་གོ་ཁྲབ་དུམ་པར་བཅད་པ་ལ་རྐྱེན་བྱས་ཏེ། ཁོ་གཉིས་བར་འཁོན་བྱུང་ནས་ཕན་ཚན་མཚང་འདྲུ་དང་ལག་འཐབ་བྱས། དེ་ལ་ཚ་ཞང་འདན་མས་བར་བཀག་གཟུ་བཤད་ཀྱི་གླུའི་ནང་དུ།  “སྡར་མ་ཝ་ཡི་བྱོལ་བྲོས་ཀྱིས། །དམར་ཡག་སྟག་མོ་གད་ལ་ལྷུང་། །དེ་རིང་མི་ཆུང་ཅུང་ཞིག་ལན། ཞག་གསུམ་གཏམ་པའི་འདུན་མ་ཡོད། ། སྟག་རོང་དཔོན་པོ་ཁྲོ་ཐུང་ལ། །ཐུགས་གསོས་ཨེན་ཅིག་ཞུ་དགོས་འདུག། སྒོམ་ཆེན་ཕྱི་བའི་པགས་པ་དང་། །ནོར་སྐྱོང་རྒན་པོའི་རྔ་རྒྱང་གཉིས། །འདོ་བ་རྟ་ཡི་སྤུ་གྲི་གསུམ། །བྲེ་སེར་འབྲོང་གི་གཡས་རྭ་བཞི། ། ཀ་རའི་རྒྱ་དར་དཀར་པོ་ལྔ། ། ལྔ་ཚན་ལྔ་ཡི་བཤགས་པ་ཞུས། །” ཞེས་བཀོད་ཡོད་པ་དང་། མཚང་འདྲུ་ཉེས་བཤགས་ཀྱི་རིགས་འདི་གླིང་སྒྲུང་ཕལ་མོ་ཆེར་ཁྲོ་ཐུང་རྒྱལ་པོ་དང་མི་ཆུང་ཁ་བདེ་གཉིས་ཀྱི་འགལ་བ་བརྒྱུད་ནས་མཚོན་པར་བྱས་ཡོད་པས། ཀློག་མཁན་ལ་བར་སྐབས་ཀྱི་ངལ་གསོའི་གཏམ་རྒྱུད་ཅིག་མཁོ་འདོན་བྱས་པ་དང་འདྲ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།