ཙུའོ་ལཱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙུའོ་ལཱ།
ཨའེ་སྨི་ཨེར•ཙུའོ་ལཱ་ནི་ཧྥ་རན་སེའི་མིང་དུ་གྲགས་པའི་རང་བྱུང་རིང་ལུགས་ཀྱི་སྒྲུང་གཏམ་པ་དང་གཞུང་ལུགས་སྨྲ་བ། རང་བྱུང་རིང་ལུགས་རྩོམ་རིག་གྲུབ་མཐའི་སྲོལ་འབྱེད་པ་དང་དབུ་ཁྲིད། དུས་རབས་བཅུ་དགུ་བའི་སྨད་ཀྱི་ཧྥ་རན་སེའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་གཙོ་གྲས་བཅས་ཡིན། ཁོང་གི་རང་བྱུང་རིང་ལུགས་ཀྱི་རྩོམ་རིག་གཞུང་ལུགས་དེ་དུས་རབས་བཅུ་དགུ་བའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་རྩོམ་རིག་ཤུག་བཞག་གི་གྲུབ་ཆར་ངོས་འཛིན་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱弥尔•左拉
ཕྱི་ཡིག་གི་མིང་།
émile Zola
མཚན་ཧྲིལ་བོ།
ཨའེ་སྨི་ཨེར•ཙུའོ་ལཱ།
རྒྱལ་ཁབ།
ཧྥ་རན་སེ།
མཚོན་བྱེད་བརྩམས་ཆོས།
《མྱུ་གུ》 《ནཱ་ནཱ》 《ཆང་ཁང་ཆུང་ཆུང》 《དངུལ་སྒོར》
བྱས་རྗེས་གཙོ་བོ།
རང་བྱུང་རིང་ལུགས་རྩོམ་རིག་གྲུབ་མཐའི་དབུ་ཁྲིད། བརྩམས་དེབ་ཆེན་མོ《ལུའུ་ཀུང-མཱ་ཁཱ་ཨེར་ཁྱིམ་རྒྱུད》བརྩམས་གྲུབ་གནང་བ།
1 མི་ཚེ་དང་གསར་རྩོམ།

ཁོང་ནི་པ་ལིའི་ཨར་ལས་འཛུགས་སྐྲུན་ཇུས་འགོད་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ལོ་ན་བདུན་ལ་སོན་སྐབས་ཕ་ཚེ་ལས་འདས་པས་ཁྱིམ་གྱི་འཚོ་བ་ཐབས་ཆག་ཏུ་གྱུར། ཁོས་སློབ་འབྲིང་གི་དུས་ནས་བཟུང་རྩོམ་འབྲི་མགོ་བཙུགས་ཤིང་། སྤྱི་ལོ1858ལོར་ཡུམ་དང་ལྷན་དུ་པ་ལིར་གནས་སྤོར་བྱས། ཧྥ་རན་སེའི་སྐད་ཡིག་ཡག་པོ་མི་ཤེས་པའི་རྐྱེན་གྱིས་མཐོ་རྒྱུགས་ཐེངས་གཉིས་ལ་སྤྲད་ཀྱང་མ་འཕྲོད་པར་མ་ཟད། འོས་མཚམས་ཀྱི་ལས་ཀ་ཡང་མ་རྙེད་པས་ལས་ཤོར་གྱི་གདུང་བ་དྲག་པོ་མྱངས། སྤྱི་ལོ1862ལོར་ཨ་ཞེ་ཐུ་དཔེ་སྐྲུན་ཁང་དུ་ཐུམ་རྒྱག་གི་ལས་ཀ་ལས་པ་དང་། ཁོང་གིས་ཉིན་མོར་ཆུ་ཚོད་བཅུ་ལ་ལས་ཀ་ལས་པ་དང་། མཚན་མོར་འབད་འབུངས་ཆེན་པོས་གསར་རྩོམ་ལ་བྲེལ། སྤྱི་ལོ1866ལོར་ལས་ཁུར་དགོངས་ཞུ་བྱས་ནས་ཆེད་དུ་སྒྲུང་གཏམ་འབྲི་བའི་ལས་ལ་ཞུགས།

སྤྱི་ལོ1867ལོར་ཁོང་གིས་སྐྱེ་ཁམས་རིག་པ་དང་སེམས་ཁམས་རིག་པའི་རླབས་ཆེན་གྱི་ཞིབ་འཇུག་ཞེས་པར་རང་བསྟོད་བྱེད་པའི་སྒྲུང་རིང《ཏའེ་ལའེ་སི•ལཱ་ཀན》ཞེས་པ་འགྲེམས་སྤེལ་བྱས། ཕྱི་ལོར《མཱ་ཏུ་ལན•ཧྥེ་ལཱ》ཞེས་པ་བརྩམས། སྤྱི་ལོ1860ལོར《ཏའེ་ལའེ་སི•ལཱ་ཀན》པར་ཐེངས་གཉིས་པ་འདོན་སྐབས་སྔོན་འགྲོའི་གཏམ་ནང་དུ་ཐེངས་དང་པོར་རང་ཉིད་ནི་རང་བྱུང་རིང་ལུགས་པ་ཡིན་ཞེས་བརྗོད།  

ཐའེ་ནཱའི་ཤུགས་རྐྱེན་ལ་བརྟེན་ནས་ཙུའོ་ལཱས་སྤྱི་ལོ1864ལོ་ནས་བཟུང་ལོ་བཅུ་ལྷག་ཙམ་རིང་པཱ་ཨེར་ཀྲ་ཁུ་དང་། སི་ཐང་ཏཱ་སོགས་ཀྱི་གསར་རྩོམ་ལ་ཞིབ་འཇུག་ནན་ཏན་བྱས་ཤིང་།  ཁོང་གིས་པཱ་ཨེར་ཀྲ་ཁུའི་འཚོ་བའི་ལྗོངས་རིས་གསལ་སྟོན་བྱས་པ་བརྒྱུད་ནས་སྤྱི་ཚོགས་ཧྲིལ་པོའི་ཡངས་ཤིང་རྒྱ་ཆེ་བའི་གྲུབ་འབྲས་གསལ་རྗེན་དུ་མངོན་པར་བྱ་ཚུལ་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། རང་བྱུང་རིང་ལུགས་སྒྲུང་གཏམ་གྱི་གཞུང་ལུགས་གསར་འཛུགས་པ་ཞེས་པ་དང་། ད་དུང་སི་ཐང་ཏཱའི་སེམས་ཁམས་བཀོད་འབྲི་བྱེད་པའི་ཡོན་ཚད་དང་།  མུན་ནག་ཐེར་འདོན་བྱེད་པའི་བློ་སྟོབས་ལ་བསྟོད་པ་རྒྱ་ཆེར་མཛད་ནས་རང་བྱུང་རིང་ལུགས་སྒྲུང་གཏམ་གྱི་མེས་པོ་ཞེས་པའི་མཚན་བསྟོད་ཀྱང་གནང་ངོ་། །སྤྱི་ལོ1868ལོར་ཙུའོ་ལཱས《མི་ཡུལ་གྱི་སྤྲོ་གར》ལུགས་ཀྱི་སྒྲུང་རིང་འབྲི་རྒྱུའི་འཆར་གཞི་བཀོད་པ་དང་། བརྩམས་ཆོས་ཀྱི་སྤྱི་མིང་ལ《ལུའུ་ཀུང-མཱ་ཁཱ་ཨེར་ཁྱིམ་རྒྱུད》ཅེས་བཏགས། ཙུའོ་ལཱས་པཱ་ཨེར་ཀྲ་ཁུ་དགེ་རྒན་དུ་བསྟེན་པ་མ་ཟད་རྗེས་ཕྱོགས་ཁོང་ལས་རྒྱལ་བར་འདོད། སྤྱི་ལོ1869ལོ་ནས་སྤྱི་ལོ1893ལོའི་བར་ཙུའོ་ལཱས་ཁྱིམ་རྒྱུད་ཀྱི་རྒྱུད་རབས་ཡན་ལག་ལ་གཞིགས་ནས་སྒྲུང་གཏམ་པོད་ཉི་ཤུ་དང་བམ་པོ་སོ་གཅིག་བྲིས་པར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་ཚོ་དྲུག་བརྒྱ་ཙམ་ཡོད། དེབ་ཧྲིལ་པོའི་ནང་ཆབ་སྲིད་དང་། དམག་དོན། ཆོས་ལུགས། ཚོང་ལས། དངུལ་རྩ། བཟོ་པའི་འཚོ་བ། ཞིང་པ། ཚན་རིག   སྒྱུ་རྩལ་སོགས་ཀྱིས་ཕྱུག་ཡོད་པ་དང་། ཧ་ལམ་ལས་རིགས་ཁག1200ནང་གི་རང་གཤིས་ལྡན་པའི་མི་སྣ་བཀོད་འབྲི་བྱས་ཡོད་པས་གོང་མའི་རྒྱལ་ཁབ་གཉིས་པའི་དུས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཏུ་གྲུབ་ཡོད།

སྤྱི་ལོ1880ལོར《ནཱ་ནཱ》ཞེས་པའི་སྒྲུང་གཏམ་འགྲེམས་སྤེལ་བྱས་པས་སྙན་གྲགས་སླར་ཡང་རྒྱས། 《སྨན་པ་པཱ་སི་ཁཱ》(སྤྱི་ལོ1893)ཞེས་པ་ནི་སྒྲུང་གཏམ་ཧྲིལ་པོའི་མཐའ་མཇུག་གི་པོད་དེ་ཡིན་ལ།《འཐོར་ཞིག་ཏུ་སོང་བ》(སྤྱི་ལོ1892)ཞེས་པ་གོང་མའི་རྒྱལ་ཁབ་གཉིས་པའི་སྤྱི་ཚོགས་ལོ་རྒྱུས་ཀྱི་མཐའ་མའི་རྩོམ་ཡིག་ཡིན། 《འཐོར་ཞིག་ཏུ་སོང་བ》ཞེས་པར་སྐྱ་བྲིས་ཀྱི་རྩོམ་ཐབས་སྤྱད་ནས་ཕུའུ་ཧྥ་དམག་འཁྲུག་སླར་མངོན་པར་བྱས་ཏེ་མི་སེར་དཀྱུས་མའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ལ་ཁས་ལེན་དང་། དབང་སྒྱུར་པའི་ངོ་ལོག་དང་། རྒྱལ་ཁབ་ཀྱི་ལམ་ལུགས་ཀྱི་རུལ་སུངས་རང་བཞིན་ལ་ཐེར་འདོན་བྱས་ཡོད།

སྤྱི་ལོ1880ནས་སྤྱི་ལོ1881ལོའི་བར་ཙུའོ་ལཱས་རྒྱུན་མཐུད་དེ《ཚོད་ལྟའི་སྒྲུང་གཏམ》དང《རང་བྱུང་རིང་ལུགས་ཀྱི་སྒྲུང་གཏམ་མཁས་ཅན》《ཟློས་གར་ཁྲོད་ཀྱི་རང་བྱུང་རིང་ལུགས》སོགས་ཀྱི་ཆེད་རྩོམ་སྤེལ་ནས་འཐུས་སྒོ་ཚང་བའི་རང་བྱུང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བསྐྲུན། ལོ་རབས་དགུ་བཅུ་པ་ནས་དུས་རབས་ཉི་ཤུ་པའི་དུས་མགོའི་བར་ཙུའོ་ལཱས་སླར་ཡང《གྲོང་ཁྱེར་གྲགས་ཅན་གསུམ》ཞེས་པ་དང་། 《འཕྲིན་བཟང་བཞི》ཞེས་པའི་སྒྲུང་རིང་གཉིས་གསར་རྩོམ་གནང་བ་རེད། སྤྱི་ལོ1894ལོར་ཧྥ་རན་སེར་ཏུ་ལེ་ཧྥུའུ་སིའི་ཉེས་མེད་གྱོད་གཞི་ཐོན་ཞིང་། ཙུའོ་ལཱས་སྒྲོག་ཙེའི་ཐོག་ཁུ་ཚུར་གཞུས་ནས་ཡར་ལངས་ཏེ་གསལ་བསྒྲགས་བསྟུད་མར་སྤེལ་བ་མ་ཟད།  སྲིད་བློན་ལ་མངོན་ཡིག་སྤྲིངས་ནས་བདེན་དོན་གྱི་ཆེད་དུ་ལངས་རྒྱུའི་རེ་འབོད་ཞུས་པས་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་བཟོས། སྤྱི་ལོ1898ལོར་དབང་འཛིན་ལས་ཁུངས་ནས་རྒྱུ་མཚན་མེད་པའི་ཉེས་འགེལ་དང་དངུལ་ཆད་བཅད་པས་དབྱིན་ཇིར་ལོ་གཅིག་བྲོས་བྱོལ་དུ་མི་འགྲོ་ཐབས་མེད་བྱུང་། སྤྱི་ལོ1902ལོར་ཙུའོ་ལཱ་པ་ལིའི་སྡོད་གནས་སུ་སོལ་དུག་ཕོག་ནས་ཚེ་ལས་འདས།

2 བརྩམས་ཆོས།

《ལུའུ་ཀུང-མཱ་ཁཱ་ཨེར་ཁྱིམ་རྒྱུད》ཀྱི་དོན་ཚན་བཅུ་གསུམ་པ《མྱུ་གུ》(སྤྱི་ལོ1885)ནི་ཙུའོ་ལཱས《ཆང་ཁང་ཆུང་ཆུང》ཞེས་པའི་རྗེས་ཀྱི་བཟོ་པའི་སྐོར་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཤིག་ཡིན་ལ། ཙུའོ་ལཱའི་ཚེ་གང་བོའི་གསར་རྩོམ་ཁྲོད་ཀྱི་བསམ་བློའི་ཆུ་ཚད་ཆེས་མཐོ་བ་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཆེས་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན།         ཧྥ་རན་སེའི་རྒྱལ་ཁབ་ཀྱི་ལོ་ཐོའི་ནང་མྱུ་གུ་ནི་དཔྱིད་དུས་དང་། ཟླ་བ་གཅིག་གི་མིང་ཡིན་ཏེ། ས་གཞི་ཆེན་པོར་དྲོད་སླེབས་ནས་ས་བོན་གྱི་མྱུ་གུ་འབུས་པའི་དུས་ཡིན། ཙུའོ་ལཱས་བརྩམས་ཆོས་ལ་མིང་འདི་ལྟར་བཏགས་ནས་བཟོ་པའི་འཐབ་རྩོད་ཀྱི་མྱུ་གུ་མ་འོངས་པའི་དུས་རབས་ཉི་ཤུ་པར་དབྱར་མཚོ་རྒྱས་པ་ཇི་བཞིན་འཚར་ལོངས་ཡོང་རྒྱུ་མཚོན་དོན་དུ་བྱས་ཡོད།

དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པར་ཧྥ་རན་སེའི་བཟོ་པའི་ལས་འགུལ་གྱི་མཐོ་རླབས་འཕྱུར་ཞིང་། ལྷག་པར་དུ་གཏེར་ལས་བཟོ་པས་ལས་མཚམས་འཇོག་པའི་རླུང་རླབས་ཧ་ཅང་འཁྲུག་པོ་ཡོད། 《མྱུ་གུ》ཞེས་པས་སྐབས་དེའི་ལས་མཚམས་འཇོག་པའི་དོན་རྐྱེན་ཐོག་མར་བྱུང་སའི་མེང་སི་ལེ་མིང་གཏེར་ཁུལ་འདི་ཉིད་སྒྲུང་གཏམ་གྱི་རྒྱབ་ལྗོངས་དུ་བྱས་ནས་བྲིས་ཡོད། སྒྲུང་གཏམ་འདི་དངོས་སུ་མ་བྲིས་གོང་ཙུའོ་ལཱས་དུས་རབས་ཉི་ཤུ་པར་གལ་ཆེའི་གནད་དོན་ཞིག་བཏོན་ནས་ཡོངས་བསྒྲགས་བྱས་པ་ཞེས་པའི་གསར་རྩོམ་གྱི་བསམ་ཕྱོགས་མངོན་འགྱུར་ཡོང་ཆེད་ལས་མཚམས་འཇོག་པའི་དོན་རྐྱེན་བྱུང་མ་ཐག་པའི་ཨང་ཙན་གཏེར་ཁུལ་དང་། གཏེར་ལས་བཟོ་པའི་ཁྱིམ་ཚང་ལ་དངོས་སུ་སོང་བ་མ་ཟད། གཏེར་ལས་བཟོ་པ་དང་མཉམ་དུ་གཏེར་ཁྲོད་ནང་འདུ་འཛོམས་བྱས་ནས་འབྲེལ་ཡོད་ལས་མཚམས་འཇོག་པའི་སྐོར་གྱི་རྒྱུ་ཆ་སྣ་ཚོགས་བསྡུ་ལེན་བྱས་ཡོད།

《མྱུ་གུ》ཞེས་པའི་འབྲི་ཐབས་ནི་གཞན་པའི་འབྲི་ཐབས་དང་མི་འདྲ་སྟེ། ཕྱོགས་གཅིག་ནས་རགས་འབྲིའི་ཐབས་སྤྱད་ནས་མང་ཚོགས་ལས་འགུལ་དང་སྤྱི་ཚོགས་འཚོ་བའི་རྣམ་པ་བྲིས་ཡོད་པས་བརྗིད་ཉམས་ལྡན་ལ་མི་སེམས་འགུག་ནུས་པ་དང་། ཕྱོགས་གཞན་ཞིག་ནས་ཞིབ་འབྲིའི་ཐབས་སྤྱད་དེ་གཏེར་ལས་བཟོ་པའི་དུད་འགྲོ་ལྟ་བུའི་ངལ་རྩོལ་དང་སྐྱོ་གདུང་གི་འཚོ་བ་བཀོད་འབྲི་བྱས་པ་ཞིབ་ཚགས་ལྡན་ལ་དོན་དངོས་ཀྱིས་ཕྱུག་པས་མི་རྣམས་དབང་མེད་དུ་མིག་ཆུ་ཤོར་དུ་འཇུག་པར་མ་ཟད། དེ་གཉིས་ཕན་ཚུན་གཞོགས་འདེགས་ཀྱིས་གཟུགས་གཅིག་ཏུ་འདྲེས་ཡོད་པས་ལོ་རྒྱུས་སྙན་ངག་གི་ཉམས་འགྱུར་དང་།   འཚོ་བའི་བདེན་པ་སོགས་ཕྱོགས་ཡོངས་ནས་གསལ་སྟོན་བྱེད་པར་མཐུན་འགྲིག་གཅིག་འགྱུར་གྱི་ཚད་གཞིར་སླེབས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-22

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།