སཱ་ཐུ།

སཱ་ཐུ་ནི་ཧྥ་རན་སེའི་པ་ལི་རུ་འཁྲུངས། ལོ་གཉིས་ལ་སོན་དུས་ཕ་འདས་ཤིང་ལོ་བཅུར་སླེབས་སྐབས་ཨ་མ་གཞན་དུ་མནའ་མར་སོང་བས་ཁོང་སྤོ་བོ་དང་མཉམ་དུ་མི་སྡོད་ཀ་མེད་བྱུང་། ལོ་བཅུ་དགུར(སྤྱི་ལོ1924)པ་ལིའི་དགེ་འོས་སློབ་གླིང་གི་མཚན་ཉིད་རིག་པའི་ཚན་ཁག་ཏུ་ཡིག་ཚད་ལོན། སྤྱི་ལོ1929ལོར་རྒྱལ་ཡོངས་སློབ་འབྲིང་གི་མཚན་ཉིད་རིག་པའི་དགེ་རྒན་གྱི་ཐོབ་ཐང་ཡིག་ཚད་ནང་ཨང་དང་པོ་ཐོབ། སྤྱི་ལོ1938ལོར། སཱ་ཐུ་ཡིས་མིང་གྲགས་ཐོན་པའི་སྒྲུང་རིང་དང་པོ《ཞེན་ལོག》ཅེས་པ་སྤེལ། སྒྲུང་གཏམ་དེས་སཱ་ཐུ་ལ་སྙན་གྲགས་རྒྱས། སྤྱི་ལོ1939ལོར་པར་སྐྲུན་བྱས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས《གྱང》ཞེས་པ་ནི་སཱ་ཐུ་ཡི་ཚབ་མཚོན་བརྩམས་ཆོས་ཀྱི་གྲས་ཤིག་ཡིན། དེའི་ནང《གྱང》དང《ཁང་པ》《སྙིང་ཉེ་བ》《བཟོ་གྲྭའི་ཁྲང་ཀྲང་ཞིག་གི་བྱིས་དུས》བཅས་ཚུད་ཡོད།
སྤྱི་ལོ1939ལོར་འཛམ་གླིང་འཁྲུག་ཆེན་གཉིས་པ་ལངས་རྗེས། སཱ་ཐུ་དམག་སྐུལ་དང་ལེན་གྱིས་དམག་མིར་ཞུགས་ནས་ཧྥ་ཞི་སིའི་བཙན་འཛུལ་འགོག་རྒོལ་བྱས། སྤྱི་ལོ1940ལོའི་ཟླ6པར་འཇར་མན་དམག་གི་བཟུང་དམག་ཏུ་གྱུར་ཏེ་བཙོན་དུ་བཅུག བཙོན་དུ་ཟླ་བ9ལ་བཅུག་རྗེས་བདེ་ཐང་གི་རྐྱེན་པས་གློད་བཀྲོལ་བཏང་། པ་ལིར་ལོག་རྗེས། གཅིག་ནས་སློབ་ཁྲིད་གནང་བ་དང་གཉིས་ནས་ཧུར་བརྩོན་གྱིས་རྩོམ་བྲིས། 《ཡོ་རོབ་གླིང》ཞེས་པ་དང་ཧྥ་གུང་གསང་བའི་དུས་དེབ《ཧྥ་རན་སེའི་རྩོམ་རིག》ཅེས་པ་སོགས་ཀྱི་དུས་དེབ་ལ་རྩོམ་བྲིས་ནས་ཧྥ་ཞི་སི་འགོག་རྒོལ་བྱེད་པའི་ལས་འགུལ་ནང་རྒྱུན་འཁྱོངས་ཀྱིས་ཞུགས། སྤྱི་ལོ1943ལོར། གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གསུང་རྩོམ་གྲགས་ཅན《གཞི་གྲུབ་དང་སྟོང་པ》ཞེས་པ་སྤེལ། དེ་ནི་ཁོང་གིས་ལོ་བཅུའི་རིང་འཚོལ་ཞིབ་བྱས་པ་བརྒྱུད་ལོ་གཉིས་ནང་ལེགས་འགྲུབ་བྱུང་བའི་གཞི་གྲུབ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཚབ་མཚོན་བརྩམས་ཆོས་ཡིན།
སཱ་ཐུས་ལོ་རབས་བཞི་བཅུ་པའི་དུས་དཀྱིལ་དུ《ཕྱོགས་ལྷུང་རང་བཞིན་གྱི་རྩོམ་རིག་ལ་བརྩོན་ལེན་བྱེད》ཅེས་པ་དང《གང་ཞིག་རྩོམ་རིག་རེད》ཅེས་སོགས་གཞི་གྲུབ་རིང་ལུགས་ཀྱི་གལ་ཆེའི་རིག་རྩལ་དཔྱད་རྩོམ་འགྲེམས་སྤེལ་བྱས། སཱ་ཐུས་སྒྱུ་རྩལ་གྱི་རང་དབང་ལྟ་བ་འཛིན། ལོ་རབས་བཞི་བཅུ་དང་ལྔ་བཅུ་ནི་སཱ་ཐུའི་རྩོམ་རིག་གསར་རྩོམ་རྩེ་མོར་སོན་པའི་དུས་རབས་ཡིན། ཁོང་གི་ཟློས་གར་གྱི་རྩོམ་རྒྱུ་ཐུན་མོང་མ་ཡིན་པ་ཞིག་གསར་དུ་གཏོད་པ་སྟེ་ཡུལ་དུས་ཀྱི་ཟློས་གར་གྱིས་གཞི་གྲུབ་རིང་ལུགས་ཀྱི་ལྟ་བ་མཚོན་རྒྱུ་དེ་ཡིན། གསར་དུ་གཏོད་པའི་ཟློས་གར་ལ་སཱ་ཐུས་གསལ་བཤད་འདི་འདྲ་ཞིག་བྱེད་མྱོང་བ་སྟེ། མི་ནི་ངེས་ཅན་གྱི་ཡུལ་དུས་ནང་རང་དབང་ཡིན་ན། མི་དེས་ངེས་ཅན་གྱི་ཡུལ་དུས་ནང་རང་དབང་གི་སྒོ་ནས་རང་ཉིད་གདམ་ཀ་བྱེད་ན། ཟློས་གར་ནང་ངེས་པར་དུ་སྟབས་བདེ་བའི་མིའི་ཡུལ་དུས་མངོན་མཚོན་བྱེད་དགོས་པ་དང་། དེ་བཞིན་ཡུལ་དུས་དེ་དག་ནང་རང་ཉིད་ཀྱི་རང་དབང་གདམ་དགོས་ཞེས་པའོ། །དེར་བརྟེན་ཡུལ་དུས་ཀྱི་ཟློས་གར་ཞེས་པ་ནི་རང་དབང་གི་ཟློས་གར་ཡིན། ལོ10ལྷག་གི་དུས་ཚོད་ནང་ཁོང་གིས་གཅིག་རྗེས་གཉིས་མཐུད་ཀྱིས《ཤ་སྦྲང》(སྤྱི་ལོ1943)དང《བར་གསེང》(སྤྱི་ལོ1944)《ཤི་ཡང་དུར་ས་མེད》(སྤྱི་ལོ1946)《ཅི་གསུང་དང་ལེན་གྱི་སྨད་འཚོང་མ》(སྤྱི་ལོ1947)《སྐྱུག་བྲོ་བའི་ལག་པ》(སྤྱི་ལོ1948)《གདོན་འདྲེ་དང་དཀོན་མཆོག》(སྤྱི་ལོ1951)《ཁེ་ཨང》(སྤྱི་ལོ1954)《ཉིའེ་ཁུ་ལཱ་སུའོ་ཧྥུའུ》(སྤྱི་ལོ1960)བཅས་གལ་ཆེའི་འཁྲབ་གཞུང9གསར་རྩོམ་བྱས། དེའི་སྟེང་སྤྱི་ལོ1940ལོར་འགྲེམས་སྤེལ་བྱས་པའི《པ་ལི་ཨའོ་ནཱ》དང་སྤྱི་ལོ1966ལོར་འགྲེམས་སྤེལ་བྱས་པའི《ཐུའོ་ལི་ཡཱ་ཡི་བུད་མེད》བཅས་ཚེ་གང་རིང་ཁྱོན་འཁྲབ་གཞུང11བརྩམས།
སྤྱི་ལོ1980ལོའི་ཟླ4ཚེས15ཉིན་སཱ་ཐུ་སྐུ་འདས། ཟླ4ཚེས19ཉིན་སྤུར་འདོན་བྱས། པ་ལི་ཡི་མང་ཚོགས་ཁྲི་ཕྲག་གིས་རང་འགུལ་ངང་སྤུར་འདྲེན་རླངས་འཁོར་དང་མཉམ་དུ་ཡོང་ནས་སཱ་ཐུ་སྤྱི་པའི་བང་སོ་སར་སྐྱེལ་མ་བྱས། འཛམ་གླིང་གླེང་ཕྱོགས་ཁག་ནས་མྱ་ངན་གྱི་རྣམ་འགྱུར་རྒྱ་ཆེར་བཏོན།
ཁོང་གི་སྐབས་དེའི་བསམ་བློའི་ཁྱད་ཆོས་ནི་མིའི་ལྟོས་མེད་ཀྱི་རང་དབང་ནན་བཤད་བྱས་ནས་དཔའ་བོའི་རིང་ལུགས་ཀྱི་དཔའ་ཉམས་མངོན་པར་བྱས་ཡོད། འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་སྐབས། ཁོང་རྩོམ་རིག་པ་དང་མཚན་ཉིད་རིག་པ་བ་ཡིན་པའི་ངོས་ནས་སྐད་གྲགས་ཁྱབ། ཚེ་མཇུག་ཏུ། ཁོང་གི་བསམ་བློ་སླར་སྲིད་གཞུང་མེད་པའི་རིང་ལུགས་ལ་ཕྱོགས། ཁོང་གི་རྩོམ་རིག་གསར་རྩོམ་ལ་བསམ་བློའི་ནང་དོན་ཐད་ནས་སྲོལ་རྒྱུན་ལ་ངོ་རྒོལ་རང་བཞིན་ལྡན་ནའང་། སྒྱུ་རྩལ་གྱི་རྣམ་པའི་ཐད་སྲོལ་རྒྱུན་འཛིན་བྱས་ཡོད། འོན་ཀྱང་ནང་དོན་དང་རྣམ་པ་གཉིས་ཁ་བྲལ་དུ་མེད་པར་དམ་ཟབ་ཏུ་འབྲེལ་བར་བརྟེན། ཁོང་གི་མཚོན་སྟངས་ཐབས་ཤེས་ཐད་ངེས་པར་དུ་གསར་གཏོད་ཀྱི་ཆ་དགོས་པ་ཐག་བཅད། ཁོང་གིས་དེང་རབས་དང་སྲོལ་རྒྱུན་གྱི་སྒྱུ་རྩལ་མཚོན་ཐབས་ཡོད་དོ་ཅོག་འདོན་སྤེལ་བྱས་ནས་གཏིང་ཟབ་པའི་མཚན་ཉིད་ཀྱིས་ཕྱུག་པའི་ནང་དོན་མངོན་མཚོན་བྱས་པས། བརྩམས་ཆོས་ལ་མངོན་གསལ་དོད་པའི་མི་སྣའི་སྣང་བརྙན་དང་གསོན་ཉམས་ལྡན་པའི་སྒྲུང་གི་བྱུང་རིམ་ཡོད་པ་མ་ཟད། མི་སྣའི་བསམ་བློའི་སྣང་ཚུལ་གྱི་ཟང་ཟིང་དང་རིགས་ཤེས་མ་ཡིན་པའི་ཆའང་མངོན་མཚོན་བྱས་ཡོད།
《སྐྱུག་བྲོ་བའི་ལག་པ》ནི་སཱ་ཐུ་ཡིས་སྤྱི་ལོ1948ལོར་གསར་རྩོམ་བྱས་པའི་གལ་ཆེའི་ཟློས་གར་ཞིག་ཡིན། འཁྲབ་གཞུང་པར་སྐྲུན་བྱས་པ་དང་ཧབ་ཐོབ་ཀྱིས་ཉོས་ཏེ་སྟོང་པར་གྱུར་ཞིང་། ལོ་དེའི་བྲིན་ཤོས་ཀྱི་དེབ་ཏུ་གྱུར་བ་དང་དེབ་བྲིན་ཚད་ཁྲི700ལྷག་ཟིན། ལོ་དེའི་ཟླ4ཚེས2ཉིན་པ་ལི་ཨན་ཏུང་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས་པ་ལེགས་འགྲུབ་བྱུང་། དེ་མ་ཐག་ཏུ་གུང་ཁྲན་ཏང་མིའི་རྣོ་ངར་གྱི་སྐྱོན་བརྗོད་ཕོག་ནས་དངུལ་སྒོར30དང་། ཨ་རིའི་སྲན་ལེབ་སྡེར་མ་གང་གི་ཆེད་དུ་སཱ་ཐུ་ཡིས་ཆེས་མཐའ་མའི་སྙན་གྲགས་དང་གཞུང་དྲང་ཕྲན་བུ་དེའང་བཙོངས་སོང་ཞེས་བརྗོད་ལ། ཧྥ་གུང《མི་ཆོས་ཚགས་པར》ནང་རྩོམ་པ་པོ་ནི་མདུད་པ་བཀྲོལ་མི་ཐུབ་པའི་མཚན་ཉིད་རིག་པ་བ་དང་། མི་རྣམས་སྐྱུག་བྲོ་བའི་སྒྲུང་གཏམ་མཁས་ཅན། ཀུན་ཁྲོ་བར་བྱེད་པའི་འཁྲབ་གཞུང་རྩོམ་པ་པོ། སྟོབས་ཤུགས་གསུམ་པའི་སྲིད་ཚོང་པ་ཞེས་འབོད། སུའུ་ལེན་གྱིས་ཀྱང《སྐྱུག་བྲོ་བའི་ལག་པ》ནི་སུའུ་ལེན་ལ་ངོ་རྒོལ་དང་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི་བརྩམས་ཆོས་སུ་བལྟ། ཟློས་གར་དེ་སྤྱི་ལོ1978ལོར་རྒྱ་ཡིག་ཏུ་བསྒྱུར། སྤྱི་ལོ1982ལོར་ཧྲང་ཧའེ་གཞོན་ནུ་གཏམ་བརྗོད་ཟློས་གར་ཚོགས་པས་ཧྲང་ཧའེ་དུ་འཁྲབ་སྟོན་བྱས།
སཱ་ཐུ་ཡིས་ཟློས་གར་དེར《སྐྱུག་བྲོ་བའི་ལག་པ》 ཞེས་མིང་འདོགས་པར་དོན་སྙིང་ཤིན་ཏུ་ཟབ་མོ་ལྡན། དེ་ནི་དོན་དུ་སཱ་ཐུའི་ལྐོག་གསོད་གནད་དོན་སྐོར་གྱི་ཆབ་སྲིད་ཀྱི་གཡོ་ཐབས་སྨྲ་བའི་བརྩམས་ཆོས་ཤིག་རེད། ཆབ་སྲིད་ཀྱི་གཡོ་ཐབས་ཡིན་པའི་ལྐོག་གསོད་ཀྱི་ངོས་ནས། སཱ་ཐུའི་སེམས་ནང་དུ་རིམ་པ་མི་འདྲ་བའི་སྟེང་དུ་དབྱེ་མཚམས་འཇོག་ཆོག་པ་སྟེ། དེའང་ཀུན་སྤྱོད་རིག་པའི་ཟུར་ངོས་ནས་བལྟས་ན། དེ་ནི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་ཡིན་པས་རྒོལ་རྡུང་གཏོང་དགོས་ངེས་ཤིག་རེད། ཆབ་སྲིད་རིག་པའི་ཟུར་ངོས་ནས་བལྟས་ན། དེ་ནི་དམིགས་བསལ་གྱི་ཆ་རྐྱེན་འོག་དམིགས་བསལ་གྱི་ཁ་གཏད་ལ་དམིགས་བསལ་གྱི་བྱ་ཐབས་སྤེལ་བ་ཡིན་ཞིང་། དེ་ནི་ལྡོག་ཐབས་མེད་པ་ཞིག་དང་ཐབས་ཤེས་མེད་པའི་བྱ་ཐབས་ཤིག་རེད། མིའི་རིག་པ་ཞིབ་འཇུག་གི་ཟུར་ངོས་ནས་བལྟས་ན། དེ་ནི་སྒེར་ངོས་ཀྱི་ལ་རྒྱ་རྡོག་རུལ་བཏང་བ་ཞིག་དང་མི་སྒེར་གནས་པའི་རིན་ཐང་རྩིས་མེད་བཏང་བ་ཞིག་ཡིན་པས་མི་ཆོས་མ་ཡིན་པའི་ཐལ་དྲག་པའི་བྱ་སྤྱོད་ཡིན་པའོ། །
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-03-24
གསར་སྤེལ་མཁན། :འཕགས་མོ་སྐྱིད།