གླིང་སྒྲུང་ཁྲོད་ཀྱི་རུས་བླ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་སྒྲུང་ཁྲོད་ཀྱི་རུས་བླ།
བླ་ཞེས་པ་ནི་ཆོས་ལུགས་ཀྱི་བཤད་ཚུལ་ལ་མི་རྣམས་གསོན་དུས་ལུས་ལ་གནས་ཤིང་ཚེ་ལས་འདས་རྗེས་ལུས་དང་བྲལ་ནས་གནས་ཐུབ་པ་ཞིག་ཡིན་ཟེར་ཡང་། དེ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཐམས་ཅད་ལ་འདུ་ཤེས་ཡོད་པའི་བློ་བྱུང་བའི་རྗེས་ཀྱི་ལྟ་བ་ཞིག་ཡིན་པས་ཁྱབ་ཅུང་ཟད་ཆུང་། འོ་ན་བླ་ཞེས་པ་ནི་མོར་ཀུན་གྱིས“རུས་བླ་ནི་རུས་རྒྱུད་ཅིག་གི་རྟགས་མཚན་ནམ་རྟགས་རིས་ལ་ཟེར”བ་དེ་ཡིན།
1 ​རུས་བླའི་སྤྱི་དོན།

བླ་ཞེས་པ་ནི་ཆོས་ལུགས་ཀྱི་བཤད་ཚུལ་ལ་མི་རྣམས་གསོན་དུས་ལུས་ལ་གནས་ཤིང་ཚེ་ལས་འདས་རྗེས་ལུས་དང་བྲལ་ནས་གནས་ཐུབ་པ་ཞིག་ཡིན་ཟེར་ཡང་། དེ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཐམས་ཅད་ལ་འདུ་ཤེས་ཡོད་པའི་བློ་བྱུང་བའི་རྗེས་ཀྱི་ལྟ་བ་ཞིག་ཡིན་པས་ཁྱབ་ཅུང་ཟད་ཆུང་།  འོ་ན་བླ་ཞེས་པ་ནི་མོར་ཀུན་གྱིས“རུས་བླ་ནི་རུས་རྒྱུད་ཅིག་གི་རྟགས་མཚན་ནམ་རྟགས་རིས་ལ་ཟེར”བ་དང་།   རུས་བླ་རིག་པ་སྤེལ་མཁན་སྔ་ཤོས་སུ་གྲགས་པའི་དབྱིན་ཇི་པ་ལེང་ཀུག་གིས་རུས་བླ་ནི་སྒེར་གྱི་སྲུང་མ་ཡིན་པར་དགོངས་ལ།  དབྱིན་ཇིའི་སྙན་དུ་གྲགས་པའི་མཁས་པ་ཧྥོ་ལེ་ཙིག་གིས་རུས་བླ་ནི་གཉིན་ཉེ་ཡིན་ལ་མེས་པོའམ་ཡིན་པར་དགོངས།  ཧྥ་རན་སིའི་སྤྱི་ཚོགས་རིགས་རིག་པ་གསར་གཏོད་བྱེད་མཁན་Eཏོར་ཀན་གྱི་དགོངས་པ་ལྟར་ན། རུས་བླ་ནི་རུས་རྒྱུད་ཀྱི་མཚོན་བྱེད་དམ་རྟགས་མཚན་ཡིན་ལ་རུས་ལྷའང་ཡིན་པ་རེད། བསམ་བློ་དབྱེ་ཞིབ་རིག་པS﹒ཧྥ་ལའོ་དབྱིས་ཏེས། རུས་བླ་ནི་མེས་པོའི་མེས་པོ་ཡིན་ལ། སྲུང་སྐྱོབ་པ་ཡང་རེད་ཟེར།  ཨ་མེ་རེ་ཁའི་ལོ་རྒྱུས་སྨྲ་བའི་འཐུས་ཚབ་པA﹒ཀུའུ་ཏིན་བའི་ཙིག་གི་དགོངས་པ་ལྟར་ན། རུས་བླ་ནི་གདོད་མའི་མི་རྣམས་ཀྱིས་སྲོག་ཆགས་ཤིག་དང་ཡང་ན་བྱ་ཞིག    ཡང་ན་དངོས་པོ་གང་རུང་ཞིག་ཁོ་ཚོའི་མེས་པོ་ཡིན་པར་བསམ་པ་དང་།  ཡང་ན་ཁོ་ཚོ་དངོས་པི་དེ་དག་དང་འབྲེལ་བ་ཡོབ་པར་བསམ་པ་དེ་རེད།  སྔར་གྱི་སུའུ་ལེན་གྱི་མཁས་པ་གྲགས་ཅནC﹒A ﹒ཐོ་ཁ་ལེ་ཧྥུས་ཚོགས་པ་ཞིག་གིས།  ཁོ་ཚོ་དངོས་གཟུགས་ཤིག་དང་ཁྲག་གི་གཉེན་འབཻལ་ལྐོག་གྱུར་ཞིག་ཡོད་པ་ཁས་ལེན་དངོས་གཟུགས་དེ་རིགས་ནི་རུས་བླ་ཡིན་ཟེར། བོད་ཀྱི་རྩིས་གཞུང་དང་རུས་མཛོད་དག་ནའང་། སྒ་ནི་ཤིང་ཁམས་ལུག་ལ་བླ།  སྒོ་ནི་མེ་ཁམས་ར་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ། ཞེས་རུས་ཚན་མི་འདྲ་བ་རེར་བླ་མི་མཚུངས་པ་རེ་ཡོད་པར་བསྟན་པ་ལས་བོད་ཀྱི་བླ་ཡང་དང་ཐོག་རུས་ཚན་ངེས་ཅན་ཞིག་དང་འབྲེལ་བ་ཡོད་པ་དང་།  ཡང་ན་དེའི་ཁྱད་པར་འབྱེད་པའི་རྟགས་མཚན་ཡིན་པ་མངོན་པར་གསལ། དེས་ན་འཚམ་གླིང་གི་རྒྱལ་ཁབ་སོ་སོའི་མཁས་པ་གྲགས་ཅན་དེ་དག་གི་དགོངས་པ་གཅིག་ཏུ་བསྡུས་ན་རུས་བླ་ནི་གཉེན་ཉེ་དང་མེས་པོ།  སྐྱབས་གནས་བཅས་ཀྱི་བདག་ཉིད་ཅན་ཞིག་ལ་ཟེར། དེ་ཡང་གདོད་མའི་མི་རྣམས་ཀྱིས་གཙོ་བོར་རྔོན་ལས་ལ་བརྟེན་ནས་འཚོ་བའི་དུས་སུ་རང་བྱུང་ཁམས་ཀྱི་གནོད་འཚེ་སྣ་ཚོགས་དང་གཅན་གཟན་སོགས་སྲོག་ཆགས་གཞན་གྱི་ཡ་ང་བའི་འཇིགས་སྣང་མང་པོ་ཐེབས་ཤིང་འཚོ་བའི་ཁོར་ཡུག་དེ་ལྟ་བུའི་འཇིགས་སྣང་མང་པོ་ཐེབས་ཤིང་།  འཚོ་བའི་ཁོར་ཡུག་དེ་ལྟ་བུའི་ཁྲོད་དུ་མིའི་རིགས་ཀྱིས་གཞན་ལ་སྐྱབས་རེ་བློ་སྐྱེས་ཤིང་བློ་དེའི་ཤུགས་ཀྱིས་རང་ཉིད་སྲོག་ཆགས་ག་གེ་མོ་ཞིག་དང་གཉེན་གྱི་འབྲེལ་བ་ཡོད་པའམ།  ཡང་ན་དེ་རང་གི་མེས་པོ་ཡིན་པར་བསམ་ཞིང་སྲོག་ཆགས་དེས་གཉེན་ཉེ་ནང་བཞིན་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་གནོད་པ་མི་བྱེད་པར་གང་ས་གང་དུ་གྲོགས་བྱེད་པ་དང་། དེ་དག་གི་མི་ལས་ལྷག་པའི་སྟོབས་ཤུགས་དང་སྤོབས་པ་ཐོབ་པར་གྱུར་ནས།  རང་ཉིད་འཚོ་བའི་གནས་དང་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་དྲག་ཏུ་འགྱུར་བའི་རེ་སྨོན་ཞུ་ཞིང་། གཉེན་ཉེ་དང་མེས་པོར་མཐོང་བའི་སྲོག་ཆགས་དེ་དག་རུས་རྒྱུད་ཚོགས་པ་སོ་སོའི་ཁྱད་པར་འབྱེད་པའི་རྟགས་མཚན་ནམ་རང་ཉིད་ལ་གྲོགས་བྱེད་པའི་སྐྱབས་གནས་སུ་བཀུར་བ་ཡིན།  དེ་ནས་མི་རྣམས་ལ་དངོས་པོ་ཀུན་ལ་འདུ་ཤེས་ཡོད་པའི་བློ་བྱུང་རྗེས། གཉེན་འབྲེལ་གྱི་ལྟ་བའི་རྨང་གཞིའི་སྟེང་སྲུང་མའི་ལྟ་བ་བྱུང་ནས།  རང་ཉིད་ལ་མགོན་སྐྱོབ་བྱེད་པའི་རེ་སྨོན་བཅོལ་བ་ལས་རུས་རྒྱུད་ཚོ་བའི་བླའམ་སྐྱབས་གནས་བྱུང་བ་རེད། 

གྲགས་པ་དཀར་པོའི་བ་དན་སྲིད་པའི་ཡང་རྩེར་གཡོ་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་ལྷ་སྒྲུང་དང་ངག་རྒྱུན།  གཏམ་རྒྱུད། སའི་ཆགས་རིམ་དང་མིའི་བྱུང་རབས།  གླུ་མདུད་དམ་གླུ་ཁེད།  ལོ་རྒྱུས།  བཤད་པ་སྣ་ཚོགས། གཡང་འབོད། བསང་མཆོད་སོགས་ཕྱོགས་མང་བོ་ནས་དམག་མི་དང་དཔའ་བོ་རྣམས་ཀྱི་མཛད་རྗེས་བརྗོད་པའི་བྱུང་བརྗོད་སྙན་ངག་ཅིག་ཡིན་པར་མ་ཟད། བོད་ཀྱི་རུས་བླ་དང་ཚོ་བླ། ཁྱིམ་བླ། སྒེར་བླ།  ཕོ་བླ།  མོ་བླ་སོགས་ཀྱིས་དེའི་མགོ་མཇུག་བར་གསུམ་དུ་སྐུད་པ་རྒྱ་འཐབ་པ་བཞིན་ཀུན་ནས་བཅིངས་ཡོད་པས།  བོད་ཀྱི་ལོ་རྒྱུས་དུས་སྐབས་སོ་སོའི་རུས་བླ་སྣ་ཚོགས་ཀྱི་བྱུང་བ་དང་ངོ་བོ།  བྱེད་ནུས། འཕེལ་འགྱུར་བཅས་མཚོན་པའི་འཕྲུལ་གྱི་མེ་ལོང་ཞིག་ཀྱང་ཡིན། 

2 གླིང་སྒྲུང་ལས་བསྟན་པའི་རུས་བླ་དངོས་བཤད་པ།

རུས་བླ་ནི་གོང་དུ་བརྗོད་པ་སྟེ་གཉེན་ཉེ་དང་མེས་པོ།   སྐྱབས་གནས་བཅས་ཀྱི་བདག་ཉིད་ཅན་ཞིག་ཡིན་ན།  གླིང་སྒྲུང་ནང་གི་མི་དང་ཚོ་ཁག་སོ་སོས་གཏད་པའི་བླ་འབྲོང་དང་བླ་རྟ། བླ་ལུག   བླ་སྟག  བླ་དྲེད། བླ་ར།  བླ་མཛོ། བླ་བྱ།  བླ་སྤྲུལ། བླ་ཉ།  བླ་ཝ།  བླ་དུང་།  བླ་སྦྲང་།  བླ་སྦལ་སོགས་སྲོག་ཆགས་བླ་གནས་དང་།   བླ་རི་དང་བླ་མཚོ།  བླ་ཤིང་།  བླ་རྡོ།  བླ་ལྕགས།  བླ་ཁངས།  བླ་འཇའ། བླ་ཞགས།  བླ་མདའ།   བླ་མདུང་སོགས་རང་བྱུང་གནས་དང་དངོས་པོའི་བླ་གནས་རྣམས་དེར་གཏོགས་པ་མ་ཟད།  དགྲ་ལཐཧ་ཝེར་མ་དང་ཐེའུ་རང་།  ཀླུ་སོགས་སྐྱབས་གནས་ནང་གི་ཁག་ཅིག་རུས་བླར་གཏོགས།  དེ་ཡང་འཛམ་གླིང་སྤྱིར་རུས་བླ་བྱུང་འཕེལ་གྱི་གོ་རིམ་དང་རྣམ་གྲངས།  སྔོན་ཆད་བོད་འདིར་རུས་ཆེན་ལྔ་བྱུང་བ་རྣམས་ཀྱིས་སོ་སོར་ཤ་བ་དང་གཡག   རྐྱང་། ལུག  ར་བཅས་ལ་བླ་རེད་པ་ཟུང་དུ་སྦྲེལ་ནས་གཞིགས་ན། སྲོག་ཆགས་དང་འདབ་ཆགས་སོགས་བླ་བྱེད་པ་ནི་ཆེས་ཐོག་མའི་དུས་ཀྱི་སྲོལ་ཡིན་ཞིང་།   རི་དང་མཚོ།  ཤིང་། རྡོ་སོགས་རང་བྱུང་དངོས་པི་ལ་བླ་བྱེད་པ་ནི་དངོས་པོ་ཐམས་ཅད་ལ་འདུ་ཤེས་ཡོད་པའི་བློ་བྱུང་བའི་རྗེས་སུ་བོད་པ་རྣམས་ཀྱིས་རང་ཉིད་འཚོ་གནད་བྱ་ཡུལ་དང་ཡང་ན་འཚོ་གནས་བྱེད་པའི་གྲོགས་སམ་མཐུན་རྐྱེན་དུ་གྱུར་པའི་རི་དང་མཚོ།  ཤིང་།  རྡོ་སོགས་རང་བྱུང་དངོས་པོ་རྣམས་རང་གི་གཉེན་ཉེ་དང་མེས་པོ།  ལྷ་བཅས་སུ་ངེས་ཤིང་།  རུས་རྒྱུད་ཀྱི་ཁྱད་པེ་བྱེད་བྱས་པ་ནས་བྱུང་བ་རེད།  དེ་ལྟ་བུའི་བླ་གནས་དེ་བོད་ཀྱི་བཙན་པོའི་དུས་སྐབས་སུ་སླེབས་ཚེ།  བཙན་པོའི་ཁྱིམ་རྒྱུད་དང་བློན་པོ་སྤྱིའི་བླར་གྱུར་ཡོད།  གླིང་སྒྲུང་ནང་གི་བླ་རི་དང་བླ་མཚོ།  བླ་ཤིང་སོགས་ཀྱང་རུས་རྒྱུད་ཀྱི་བླ་གནས་ཚོ་ཁག་དང་མི་སྒེར་སོགས་ཀྱི་བླ་གནས་སུ་གྱུར་ལ།  དེའི་སྔར་ཡོད་ཀྱི་བྱེད་ནུས་ཏེ་རུས་རྒྱུད་ཀྱི་བླ་གནས་དུ་གྱུར་ལ།  དེའི་སྔར་ཡོད་ཀྱི་བྱེད་ནུས་ཏེ་རུས་རྒྱུད་ཀྱི་དབྱེ་བ་འབྱེད་པའི་རྟགས་མཚན་ཡང་ཚོ་ཁག་སྤྱི་དང་མི་སྒེར་སོགས་ཀྱི་རྟགས་མཚན་ལྟ་བུར་གྱུར་ཡོད་པ་རེད།  དགྲ་ལྷ་ཝེར་མ་དང་ཐེའུ་རང་།  ཀླུ་སོགས་ལས་ཁག་ཅིག་ཀྱང་དང་ཐོག་གཉེན་ཉེ་དང་མེས་པོར་ངེས་པའི་རུས་བླ་དེ་དག་ངོ་བོ་དང་རྣམ་པ་འགྱུར་ནས་སྐྱབས་གནས་སུ་གྱུར་པ་རྐྱང་རྐྱང་ཡིན་པར་འདོད།  དེ་ཡང་དགྲ་ལྷའམ་དགྲ་བླ་ཞེས་པ་དང་། གནའ་བོའི་དཔེ་རྙེང་ཁག་ཅིག་ལས་སྒྲ་ནི་མིག་གི་མཐོང་དུ་རུང་བའི་དངོས་པོ་ཞིག་མིན་ནའང་རྣ་བས་ཐོས་སུ་རུང་བ་དང་ཕན་ཚུན་གི་བརྡ་སྤྲོད་དུ་རུང་བ་ཞིག་ཡིན་ལ།  སྒྲ་ནི་སྐྱེས་བུ་སུ་ཡང་རུང་བ་ལ་འགོ་བའི་ཕྱ་དང་། དེ་དག་ཀྱང་སྐྱེས་བུ་དེ་ལ་འགོ་བའི་ལྷ་དང་སྲུང་མ་རྣམས་དང་ཐད་ཀར་འབྲེལ་ཆགས་པ་ཞིག་ཡིན་པར་མ་ཟད།  སྒྲ་ནི་སྐྱེས་བུ་སུ་ཡང་རུང་བ་དེའི་བླ་དང་འབཻལ་ཐག་གི་གཙོ་བོ་ཞིག་ཀྱང་ཡིན་སྟབས་དགྲ་བླ་ཞེས་དགོངས་པ་དགོངས་གཞི་རྒྱ་ཆེན་པོ་དང་ལྡན་པའི་ཚིག་ཅིག་ཡིན།  ཞེས་དགྲ་ལྷ་དང་དགྲ་བླ།  སྒྲ་བླ་རྣམས་དོན་གཅིག་སྟེ་བླམས་ཡང་ན་དེ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པར་གསུངས་ཞིང་། སྒྲ་བླའི་བྱད་གཟུགས་དང་གྲོལ་ལུགས་ཀྱང་འདི་ལྟར་བརྗོད་དོ།  ཡེ་སྲིད་འཕྲུལ་གྱི་སྒྲ་བླ་ནི་སྒྲ་བླ་ཁྱུང་ཆེན་ཞེས་བྱ་བ་བར་ཉིད་ཡིན་ཞིང་བར་ལས་ཡེ་མཁྱེན་སྒྲ་བླའི་དམག་ཚོགས་རྣམས་གྲོལ་བ་སྟེ།  དེ་ཡང་སྤྱི་གཙུག་གི་ནོར་བུ་རིན་ཆེན་ལས་སྒྲ་བླ་ཡིད་བཞིན་ལྷ་དབང་གྲོལ་བ་དང་ཁྱུང་རྒྱུ་གསས་གཡོན་ལས་སྒྲ་བླ་ལྷ་གསས་དར་མ་གྲོལ་བ་དང་། རྣ་བ་གཡས་གཡོན་ལས་སྒྲ་བླ་དར་ཆེན་གཡུ་འབྲུག་གྲོལ་བ་དང་སྤྱན་མིག་གཡས་གཡོན་ལས་སྒྲ་བླ་ཡོད་ཁམས་ཀུན་གསལ་གྲོལ་བ་དང་།  ཁྱུང་མཆུ་བར་དུ་བགྲད་པ་ལས་སྒྲ་བླ་ཁྱུང་ནག་ཤ་ཟན་གྲོལ་བ་དང་སྒྲོ་ཆེན་སུམ་བརྒྱ་དྲུག་ཅུ་ལས་སུམ་བརྒྱ་དྲུག་ཅུར་གྲོལ་བ་དང་།  ཐེལ་ཤིག་གསེར་གྱི་འདབ་མ་ལས་སྒྲ་བླ་ཉི་ཁྲི་དགུ་འབུམ་གྲོལ་བ་དང་།  ཁྱུང་སྡེར་ད་ལ་འཛུགས་པ་ལས་སྒྲ་བླ་ཀླུ་འདུལ་ཁྱུང་ཆེན་སྲིད་པ་སྟེ་དེ་ནི་སྲིད་པ་ཆགས་པའི་དུས་ནས་སྲིད་པས་ན་ཡེ་ནས་སྲིད་པའི་སྒྲ་བླ་ཟེར།  ཞེས་གསུངས།   སྒྲ་བླའི་མེས་པོ་ཁྱུང་ཡིན་པ་དང་དེའི་སྤྱི་གཙུག་དང་རྣ་བ། མཆུ་བར་སོགས་ལས་མཆེད་པའི་སྒྲ་བླའི་བྱད་གཟུགས་ཀྱང་འབྲུག་དང་ཁྱུང་ཆེན་ཡིན་པར་བརྗོད་པ་དེ་གླིང་སྒྲུང་ལས།

རྩལ་ཆེན་ཁྱུང་ཆེན་དར་མ།།

དབུ་འཕང་མཐོ་བའི་དགྲ་ལྷ།།

ལྷ་རྟ་མགྲིན་དམར་པོའི་སྤྲུལ་བ།།

དགྲ་བླའི་གཡུ་འབྲུག་སྔོན་མོ།།

སྙན་གྲགས་ཅན་གྱི་དགྲ་ལྷ།།

གོང་སྨན་རྒྱལ་མོའི་སྤྲུལ་བ།།

འགྱིང་རོགས་གངས་སེང་དཀར་པོ།།

གཟི་བརྗིད་ཆེ་བའི་དགྲ་ལྷ།།

ལྷ་ཆེན་ཚངས་པའི་སྤྲུལ་བ།།

ངར་རོགས་རྒྱ་སྟག་དམར་པོ།།

དཔའ་ངར་ཆེ་བའི་དགྲ་ལྷ།།

བརྒྱ་བྱིན་དཀར་པོའི་སྤྲུལ་བ།།

རྒྱུག་གྲོགས་རྐྱང་ཆུང་ཁ་དཀར།།

བང་རྩལ་ཅན་གྱི་དགྲ་ལྷ།།

གཉན་ཆེན་ཐང་ལྷའི་སྤྲུལ།།

ཟ་རོགས་སྤྱང་ཐང་སྔོན་མོ།།

ཟ་ཁ་དར་བའི་དགྲ་ལྷ།།

འཛིན་རོགས་གློག་མོ་ཁྲ་འབར།།

རྨ་རྒྱལ་སྦོམ་རའི་སྤྲུལ་བ།།

མྱུར་མགྱོགས་ཅན་གྱི་དགྲ་ལྷ།།

ངར་རོགས་དོམ་བུ་སྙིང་དཀར།།

གུར་གྱི་མགོན་པོའི་སྤྲུལ་བ།།

རྭ་རྒྱས་ཤ་བ་རྒྱ་ལྡིང་།།

དགོས་འདོད་འབྱུང་བའི་དགྲ་ལྷ།།

ལྷ་རྣམ་ཐོས་སྲས་ཀྱི་སྤྲུལ་བ།།

རྔམས་འཇིགས་དྲེད་མོང་སོག་དཀར།།

ལྷ་རྣམ་ཐོས་སྲས་ཀྱི་སྤྲུལ་བ།།

རྔམས་འཇིགས་དྲེད་མོང་སོག་དཀར།།

སྐུ་ཆུས་བརྟན་པའི་དགྲ་ལྷ།།

མེ་སྟག་དམར་པོའི་སྤྲུལ་བ།།

འཁྱིལ་རོགས་གསེར་སྤྲུལ་སེར་བོ།།

ཟས་ནོར་རྙེད་པའི་དགྲ་ལྷ།།

མ་གྲུབ་པ་རྒྱལ་མོའི་སྤྲུལ་བ།།

ཞེས་གླིང་སེང་ཆེན་རྒྱལ་པོའི་སྐུ་སྲུང་དགྲ་ལྷ་བཅུ་གསུམ་གྱི་བྱད་གཟུགས་བསྟན་པ་དང་ཀུན་ནས་མཚུངས་ཤིང་།  བོད་ཀྱི་རྩ་བའི་རུས་ཆེན་ཏེ་སྒོ་རིགས་ཀྱི་རུས་ལྷ་དུང་མི་དུང་རྟ་ཅན་ཡིན་པ་དང་། སྦྲ་རིགས་ཀྱི་དགྲ་བླའང་རུས་ལྷ་སྦར་མོ་སྦྲ་ཁྲ་ཞེས་པ་བྱ་ཁྲ་གནམ་ལྕགས་འབར་བའི་མཆུ་སྡེར་ཅན་ཞིག་ཡིན་པ། འབྲི་རིགས་ཀྱི་དགྲ་བླའམ་རུས་ལྷ་ནི་འབྲུ་མོ་ཕྲུམ་ཕྲུམ་ཞེས་ཡིན་པ།  ཨ་སྤོ་ལྡོང་གི་དགྲ་བླ་ནི་ལྡོང་ལྷ་ཁྲོམ་ཁྲོམ་ཟེར་བ་གཡུ་འབྲུག་སྔོན་མི་ཟངས་ཀྱི་ཟེ་བ་རྒྱས་པ་ཅན་དང་ཐོག་འབྲུག་མགྱོགས་ལྡེམ་སོགས་སྐྱེས་ལྷ་རུས་ལྷ་རྣམས་ཡིན་པ། སྒ་ཡི་དགྲ་བླ་ནི་སྒ་མོ་སེང་ཁྲོམ་ཞེས་པ་གསེར་གྱི་སྟག་སེར་བོ་ལ་མཚལ་གྱི་སྟག་རིས་བཀྲ་བ་ཁམས་སུ་རྒྱུ་ཞིང་སྒ་ཡི་བླ་ཉུལ་བ་སྒ་རིགས་དར་རྒྱས་ཅན་གྱི་དགྲ་བླ་འཁོར་བ་དེ་ཉིད་ཡིན་པ།   དབའ་ཟླ་གཉིས་ཀྱི་དགྲ་བླ་ནི་ར་སྐྱེས་ཁམ་གཟུགས་དང་ཁྱི་མོ་དཀར་མོ་གཉིས་ཡིན་པ།  དེ་མིན་རྒྱལ་རོང་གི་རྒྱལ་རྒྱུད་རྣམས་ཀྱིས་ད་ལྟ་ད་རུང་རུས་བླ་ཁྱུང་ལ་བྱེད་པ་བཅས་ལ་བརྟགས་ན།  དགྲ་ལྷ་དང་དགྲ་བླའམ་སྒྲ་བླ་གསུམ་ནི་དང་ཐོག་དངོས་གནས་དོན་གཅིག་སྟེ།  རུས་རྒྱུད་ངེས་ཅན་ཞིག་གི་བྱུང་བ་དང་འཚོ་བ་སོགས་ལ་འབྲེལ་བ་ཡོད་པའི་རུས་བླ་ཡིན། དེས་ན་སྒྲུང་ལས་གླིང་གེ་སར་རྒྱལ་པོ་སོགས་ཀྱི་དགྲ་ལྷའི་བྱད་གཟུགས་སེང་གེ་དང་སྟག   རྐྱང་།  སྤྱང་ཁུ། གླག   དོམ། ཁྲ། ཤ་བ། དྲེད་མོང་སོགས་ཡིན་པར་བཀོད་པ་ནི་བོད་ཀྱིས་རྔོན་ལས་གཙོར་བྱེད་པའི་དུས་ཀྱི་རུས་བླ་དེ་རིམ་གྱིས་སྐྱབས་གནས་སམ་སྲོག་རྟེན་ལྟ་བུར་གྱུར་པ་ཡིན་ཞིང་།  བྱ་རྒྱལ་ཁྱུང་ཆེན་ནི་གནའ་མི་རྣམས་ཀྱིས་རུས་ཚོའམ་མི་རིགས་ནང་ཁུལ་དུ་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་དང་། ཡང་ན་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ་དང་བསྟུན་ནས། སྔར་ཡོད་ཀྱི་བླ་གནས་བྱ་དང་གཅན་གཟན། འབྲོང་།  སྦྲུལ། ཤ་བ་སོགས་རྨང་གཞི་བྱས་ཏེ་རྟོག་བཟོ་བྱས་ཤིང་། འབྲུག་ནི་ཤ་བ་དང་རྔ་མོང་།  སྦྲུལ།  ཉ།  བྱ་རྒོད།  སྟག་གཡག་བཅས་རྨང་གཞི་བྱས་ནས་རྟོག་བཟོ་བྱས་པའི་བླ་གསོལ་ཡང་།  《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ལས། སྔོན་ལྷ་སྲས་དབོན་གསུམ་གྱི་རྫུ་འཕྲུལ་ལས་ནམ་མཁའ་སྟོང་བའི་དབྱིངས་ནས་རིན་ཆེན་སྣ་ལྔ་སྒོ་ང་ཞིག་རང་བཞིན་ཤུགས་ཀྱིས་བརྡོལ་བའི་སྒོང་ཤུན་ལས་སྐྱོབ་པའི་སྒོ་རི་སྲིད་པ་དང་སྒོ་ངའི་བདར་ཤ་ལས་སྲུང་བའི་མཚོན་ཆ་དང་།  སྒོང་ཆུ་ལས་དཔའ་བའི་ངར་ཆུ་དང་སྒོང་སྲི་ལས་འཁྲ་བའི་མཁར་ཏེ།  ཁྲོ་ཆུ་དམུ་རྫོང་མུན་གྱི་མཁར་ཆེན་པོ།  གསལ་བ་ཉི་མའི་ཁ་འོད་འཕྲོག་པ་དེ་ཉིད་སྲིད་ཅིང་།  སྒོ་ང་ནང་གི་སྙིང་བོ་ལས་རྫུ་འཕྲུལ་གྱི་མི་བོ་གཅིག་ཏུ་སྲིད་པ་ནི་སེང་གེའི་མགོ་བོ་ལ་དབྱི་ཡི་རྣ་བ་དང་ལྡན་པ། རལ་གྲིའི་རྐང་བ་ལ་ཆུ་གྲིའི་གཤོག་པ་དང་ལྡན་པ། མཚན་དུ་དབལ་ཆེན་ཝེར་མ་ཁྲོ་བའི་གདོང་བ་ལ་གླང་ཆེན་གྱི་སྣ་ཞགས་དང་ལྡན་པ། ཆུ་སྲིན་གྱི་ཞལ་ལ་རྒྱ་སྟག་གི་མཆེ་བ་ལྡན་པ། ཉི་ཉ་ཞེས་སུ་གྲགས་པ་དེ་ལས་ཝེར་མའི་གཞུང་བཞི་རུ་གྲོལ་བ་སྟེ། ཝེར་དང་བསྡེབས་པ་ལས་ལྷའི་ཝེར་མ་བདུད་འདུལ་སྲིད་པ་དང་ཝེར་མ་གཉན་དང་བསྡེབས་པ་ལས་གཉན་གྱི་ཝེར་མ་དགྲ་འདུལ་སྲིད་པ་དང་། ཝེར་མ་ཁྱུང་དང་བསྡེབས་པ་ལས་ཁྱུང་གི་ཝེར་མ་ཀླུ་འདུལ་སྲིད་པ་དང་། ཝེར་མ་སེང་དང་བསྡེབས་པ་ལས་དཔའ་ཝེར་མཆེད་གསུམ་དུ་སྲིད་པ་དེ་དག་ལ་ཝེར་མ་དཔའ་བའི་གཞུང་ཆེན་པོ་བཞི་རུ་གྲགས།  ཞེས་ལྷ་སྲས་དབོན་གསུམ་གྱི་རྫུ་འཕྲུལ་ཤུགས་ཀྱི་སྒོ་ངའི་སྙིང་བོ་ལས་བྱུང་བའི་ཝེར་མ་ཉི་ཉིའི་བྱད་གཟུགས་ནི་སེང་གེའི་མགོ་དང་དབྱི་ཡི་རྣ་བ། འཁྲོ་བའི་ངོ།  གླང་ཆེན་གྱི་སྣ་ཞགས།  ཆུ་སྲིན་གྱི་ཁ། རྒྱ་སྟག་གི་མཆེ་བ།  རལ་གྲིའི་རྐང་བ།  ཆུ་གྲིའི་གཤོག་པ་བཅས་ཀྱི་བདག་ཉིད་ཅན་ཞིག་ཡིན་ཞིང་།  ཁྱུང་གི་ཝེར་མ་ཀླུ་འདུལ་དབང་དཔའ་ཝེར་མཆེད་གསུམ་གྱི་མེས་པོ་ནི་ཁྱུང་དང་སེང་ཡིན་པར་བསྟན་ལ།  《སྣང་གསལ་སྒྲོན་མེ》ལས་ཀྱང་ཕྱོགས་བཞི་སྲུང་བའི་ཝེར་མ་རྣམས་ཀྱི་བྱད་གཟུགས་ནི་བྱ་ཁྱུང་ཆེན་དང་ཁྲ་དཀར་པོ། ལྕོག་ཆུང་དཀར་མོ་སོགས་ཡིན་ཞིང་། མཐུ་ཆེན་ལྕམ་དྲལ་ཞེས་པའི་ཝེར་མའི་བྱད་གཟུགས་ནི་སེང་གེའི་དང་ཆུ་སྲིན་སོ། གློག་གི་ལྕེ། མིའི་ལུས་སྟོད་དང་འབྲུག་གི་ལུས་སྨད་སོགས་ཀྱིས་གྲུབ་པར་བརྗོད་པ་བཅས་ལྟར་ན། ཝེར་མ་ཞེས་པའང་དང་ཐོག་ཉེ་དུ་དང་མེས་པོར་ངེས་པའི་ཁྲ་དང་ལྕོག་ཆུང་སོགས་དང་། ཐོག་མའི་བླ་གནས་སེང་གེ་དང་འབྱི། གླང་ཆེན། ཆུ་སྲིན། སྟག   བྱ་སོགས་རྨང་གཞི་བྱས་ནས་རྟོག་བཟོ་བྱས་པའི་རྗེས་གྲུབ་ཀྱི་བླ་གནས་ཏེ་ཁྱུང་ཡིན་ཞིང་། ཕྱིས་སུ་མིའི་རིགས་ཀྱི་འཇིག་རྟེན་ངོས་འཛིན་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་ཆོས་ལུགས་ཀྱི་འདུ་ཤེས་ལ་འཕེལ་འགྱུར་བྱུང་ང་དང་བསྟུན་ནས་ཉེ་དུ་དང་མེས་པོར་ངེས་པའི་བླ་གནས་དེ་དག་ཀྱང་ལྷའི་ངོ་བོ་ལྡན་པའི་ཝེར་མར་གྱུར་པ་རེད། དེས་ན་གླུང་སྒྲུང་ནང་གི་མི་སྣ་གཙོ་བོ་གླིང་སེང་ཆེན་རྒྱལ་པོ་སོགས་ལ“ཉིན་རྫི་ཐང་དཀར་རྒོད་པོ།། མཚན་རྫི་འུག་པ་སེར་བོ”སོགས་ཝེར་མ་མང་དུ་ཡོད་པ་རྣམས་ཀྱང་གདོད་མའི་རུས་བླ་རིམ་འགྱུར་བྱུང་བའི་མཐའ་འབྲས་ཡིན་པར་ངེས།

ནག་པོ་བདུད་དང་སེར་བོ་ཧོར། སྨུག་པོ་འཇང་།  ཁ་ཤ་མོན་སོགས་ཕྱོགས་ཀྱི་དགྲ་ཟླ་རྣམས་ཀྱིས་སྐྱབས་གནས་སུ་ཐེའུ་རང་དཀར་ནག་ཁྲ་གསུམ་བྱེད་པ་དེ་ཡང་བོད་མི་བུ་གདོང་དྲུག་གི་ཡ་གྱལ་འབྲི་རིགས་ཀྱི་དགྲ་བླ་ཐེའུ་རང་གི་བྱད་གཟུགས་རྟག་ཏུ་བྱི་ལ་བཀོད་པར་བརྟགས་ན་དང་ཐོག་རུས་བླ་ཡིན་ལ། བོད་ཀྱི་ཆོས་འབྱུང་སྔ་ཤོས《ལྡེའུ་ཆོས་འབྱུང》དང《བཀའ་ཐང་སྡེ་ལྔ》སོགས་སུ་བོད་ཀྱི་གཉའ་ཁྲི་བཙན་པོ་དེ་ཐེའུ་རང་ལ་དད་པའི་སྤོ་བོ་ཡུལ་གྱི་བུད་མེད་བྱ་མོ་བཙུན་བྱ་བའི་མངལ་ནས་འཁྲུངས་པར་བསྟན་པ་དང་། ད་ལྟའང་མདོ་སྨད་དང་ཤ་ར་ཡུ་གུར་ཕྱོགས་སུ་ཐེའུ་བྲང་ལ་གསོལ་མཆོད་བྱེད་མཁན་ཡོད་པ་ལྟར་ན། ཐེའུ་རང་དཀར་ནག་ཁྲ་གསུམ་སྐྱབས་གནས་སུ་གསོལ་བའི་སྲོལ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་དུས་སུ་ཧ་ཅང་དར་ཡོད་པ་རེད། 

ཀླུ་ཞེས་པའང《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང》ལས།

འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས།།

ཀླུ་བདུད་སྦྲུལ་གྱི་ལུས་རྒྱན་ཅན།།

ཀླུ་དམག་བྱེ་བ་འབུམ་གྱིས་བསྐོར།།

དེ་རིང་ཇོ་རུའི་གྲོགས་ལ་བྱོན།།

ཞེས་པ་དང་། ཁྱོད་ནི་མ་དྲོས་ཀླུ་ཡི་ཕོ་བྲང་ནས། བླ་མ་ཨོ་རྒྱན་པདྨས་དབང་ཡོན་ལ་བཞེས་པའི་བུ་མོ་ཡིན་པས།  སྤྱི་གཙུག་ན་དུང་སྐྱོང་དཀར་པོ། སྙིང་ག་ཀླུ་སྦྲུལ་འོད་སྐྱོང་། ལྟེ་བ་ན་ཐིག་ལེ་འོད་འཕྲོ། ཞེས་ཀླུའི་བྱད་གཟུགས་སྦྲུལ་ཡིན་པར་མ་ཟད།  དེ་མི་དང་མཉམ་དུ་གནས་པར་བརྗོད་པ་ལས། མི་རྣམས་ཀྱིས་གནའ་བོའི་དུས་སུ་སྦྲུལ་དེ་གཉེན་ཉེ་དང་མེས་པོར་ངེས་ཚེ།  རུས་བླའི་བྱད་གཟུགས་ཀྱང་མི་དང་སྦྲུལ་གྱི་བྱད་གཟུགས་འདྲེས་མ་ཅན་དུ་འདོད་ཅིང་། ཕྱིས་སུ་མིའི་རིགས་ཀྱི་ཤེས་རིག་རིམ་གྱིས་འཕེལ་རྒྱས་སུ་སོང་ནས་རང་གི་མེས་པོ་མི་ཡིན་པ་ལས་སྦྲུལ་དང་འབྲེལ་བ་མེད་པ་ཤེས་རྗེས། སྔོན་ཆད་འཕྲུལ་སྣང་དུ་གྲུབ་པའི་ལུས་ཕྱེད་མི་དང་ལུས་ཕྱེད་སྦྲུལ་ཡིན་པའི་རུས་བླ་དེའང་རིམ་གྱིས་མི་དང་སྦྲུལ་མཉམ་བུ་གནས་པའི་སྣང་པའི་སྣང་བརྙན་བུ་གྱུར་པ་མཚོན་པ་རེད། ཡང་།  ང་སྤོ་ཐོ་ཆུང་ཡང་རི་ནས་ཆད། ཨ་བྲ་ཆུང་ཡང་རྩ་བཞི། སྦལ་བ་ཆུང་ཡང་ཀླུ་རིགས། ཇོ་རུ་ཆུང་ཡང་ལྷ་རིགས། ཞེས་པ་དང་། 《སྟག་གླིང་གཡུལ་འགྱེད》ལས།

མ་དྲོས་ཀླུ་སྦལ་སྔོན་པོ་དེ།།

སྟེང་གི་ཚངས་པས་ཕྱག་ལ་བླངས།།

གནམ་ལ་གཡུག་ནས་ས་ལ་འཕངས།།

སྦལ་ཀླད་ས་ལ་ཐོར་བ་དེ།།

མུ་པའི་བླ་རི་དཀར་ཆུང་ཆགས།།

མིག་འབྲས་ཐང་ལ་ལྷུང་བ་དེ།།

འོག་རྟ་ཕ་ཝང་དྲེད་དཀར་ཆགས།།

སྦལ་སྤུ་རླུང་གིས་ཁྱེར་བ་དེ།།

རྨ་ལྷ་ལུང་ཡིད་ཀྱི་དཀྱིལ་འཁོར་ཆགས།།

ཞེས་ཀླུའི་བྱད་གཟུགས་སྦལ་བ་ཡིན་པ་དང་། རྨ་ལྷ་ཡུལ་དང་དེའི་ཁོངས་ཀྱི་རི་ཆུ་ནགས་ཚལ་སོགས་ནི་ལྷ་ཚངས་པས་མཚོ་མ་དྲོས་ནང་གི་ཀླུ་སྦལ་སྔོན་མི་ཞིག་གནམ་ལ་འཕངས་ནས། དེའི་ཡན་ལག་དང་ཉིང་ལག་རྣམས་སོ་སོར་ཐོར་བ་ལས་ཆགས་པར་བསྟན་པ་དེས་གླུང་སྒྲུང་ནང་དུ་སྐྱབས་གནས་སུ་གསོལ་བའི་ཀླུའང་དང་ཐོག་རུས་རྒྱུད་ཀྱི་བླ་ཡིན་ལ། སྦལ་བའི་ཡན་ལག་ཉིང་ལག་སོགས་ལས་རྨ་ལྷ་ལུང་གི་ཡུལ་ཁམས་གྲུབ་པར་བརྗོད་པ་དེ་ཡང་དངོས་པི་ཐམས་ཅད་བླས་བསྐྲུན་པའི་འདུ་ཤེས་ཡིན་པར་ངེས། ཡིན་ནའང་གླིང་སྒྲུང་ལས་བསྟན་པའི་ཀླུ་ནི་གཉེན་ཉེ་དང་མེས་པོར་མི་ངེས་ལ། རུས་ཚོ་སོ་སོའི་ཁྱད་པར་འབྱེད་པའི་རྟགས་མཚན་དུའང་མི་འཛིན་པར་རྒྱལ་ཕྲན་སོ་སོ་དང་དཔལ་རྒོད་ཡོད་དོ་ཅོག་གི་སྐྱབས་གནས་སུ་གསོལ་བ་ནི། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་རུས་བླའི་འདུ་ཤེས་ལའང་འཕོ་འགྱུར་བྱུང་བའི་ཆ་ཙམ་དུ་ཟད།

དེ་མིན་མདའ་དང་མདུང་། ལྕགས་སོགས་ནི་རྡོ་ཆས་གསར་བའི་དུས་ཀྱི་ཐོན་དངོས་ཡིན་པས།  བླ་མདུང་དང་བླ་མདའ། བླ་ལྕགས་སོགས་ནི་འབྱུང་འཕྱིར་ཡིན། དེ་ཡང《ལྡེའུ་ཆོས་འབྱུང》དང་། 《བཀའ་ཐང་སྡེ་ལྔ》སོགས་བོད་ཀྱི་ལོ་རྒྱུས་སྔ་མ་དག་ལས། དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་ང་བྱུང་སྟེ། ཡུལ་གྱི་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བར་བཏགས། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། ལྔ་བ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར།། ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང་། །  ཞེས་གཉའ་ཁྲི་བཙན་པོའི་སྔོན་གྱི་དབང་མཛད་བཅུ་གཉིས་ཀྱི་དང་པོ་དང་ལྔ་བའི་དུས་ནས་མདའ་མདུང་ཐོག་མར་བྱུང་བར་བསྟན་པ་དང་།  སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱའི་ཡན་ནས་བྲིས་པའི་བོད་ལྗོངས་མངའ་རིས་རུ་ཐོག་རྫོང་གི་བྲག་རིས་སུ་མདའ་གཞུ་མདུང་གསུམ་སོགས་ཡོད་པ་དང་། བོད་ལྗོངས་ནས་ལོ་སུམ་སྟོང་སྔོན་གྱི་ཟངས་ཆས་ཐོན་པ་བཅས་ཕྱོགས་བསྡུས་བྱས་ནས་བསམ་གཞིགས་བྱས་ན།  བོད་ལ་མ་མཐར་ཡང་ཡོད་པས། མདའ་མདུང་ལྕགས་གསུམ་ལ་བླ་རྟེན་བྱེད་པའི་སྲོལ་ཡང་དུས་སྐབས་དེ་ཙམ་ནས་དར་ཡོད་དོ།

མདོར་ན། འཛམ་གླིང་སྤྱིའི་རུས་བླ་བྱུང་འཕེལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག་གླིང་སྒྲུང་ལས་བཀོད་པའི་རུས་བླ་སྣ་ཚོགས་དང་བོད་ཀྱི་ལོ་རྒྱུས་ལས་གསལ་བའི་རུས་བླ་སྐོར་གྱི་གསུང་སྒྲོས་སོགས་ཕྱོགས་བསྡུས་བྱས་ནས་དཔྱད་ན། གླིང་སྒྲུང་ལས་བོད་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་བྱུང་བའི་བླ་གནས་ཏེ་ལྷུན་གྲུབ་གྱི་བླ་གནས་དང་རྗེས་གྲུབ་ཀྱི་བླ་གནས། སྐྱང་གྲུབ་ཀྱི་བླ་གནས་བཅས་རྣམ་པ་སྣ་ཚོགས་མངོན་པར་མཚོན་ཡོད་ཀྱང་། རང་བཞིན་གྱི་ཆ་ནས་གནའ་རབས་སུ་གཉེན་ཉེ་དང་མེས་པོར་ངེས་པ་དེ་ངོ་བོར་གྱུར་ནས་སྐྱབས་གནས་སམ་སྲོག་གི་རྟེན་ཕུར་ལྟ་བུར་གྱུར་པ་དང་། རུས་རྒྱུད་ཀྱི་དབྱེ་བ་འབྱེད་པའི་བྱེད་ནུས་ཀྱང་ཡོངས་སུ་ཉམས་པ་རེད། དེ་ནི་གླིང་སྒྲུང་ལས་མཚོན་པའི་རུས་བླའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ། རུས་བླ་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཀྱང་ཡིན་པར་ངེས།

3 གླིང་སྒྲུང་ལས་ཐོན་པའི་རུས་བླའི་སྒྱུ་རྩལ་གྱི་ནུས་པ།
3_1 བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པོར་བཏང་བ།  

གླིང་སྒྲུང་དུ་བཀོད་པའི་རུས་བླ་ནི་སྐྱབས་གནས་དང་སྲུང་མའམ་སྲོག་གི་རྟེན་ཕུར་ལྟ་བུར་གྱུར་ཡོད་པས། དཔའ་བོ་གཡུལ་ལ་ཞུགས་པ་དང་སྐབས་བབ་ཀྱི་ལས་དོན་གང་ལ་བགེགས་བྱུང་ཚེ། རང་གི་སྐྱབས་གནས་དེ་ལ་གསོལ་མཆོད་བྱས་ནས་སྐྱབས་ཞུ་བ་དང་། དེ་བཞིན་དུ་ཕ་རོལ་དགྲ་བོ་གང་ཞིག་འདུལ་ནའང་ཐོག་མར་དེའི་བླ་གནས་སམ་སྐྱབས་གནས་འདུལ་དགོས་པ་དང་། བླ་གནས་སམ་སྐྱབས་གནས་མ་བཏུལ་ན་མདའ་ཕོག་ཀྱང་མདེའུས་མི་ཆོད་པ་དང་མཚོན་དབྱུག་ཀྱང་སོ་ཁ་མི་འགྲོ་བ། སྐེ་བྲེགས་ཀྱང་ཁྲག་དམར་མི་འབབ་ཟེར་ནས། ཐོག་མར་དགྲ་བོའི་ཕྱོགས་ཀྱི་བླ་གནས་རྣམས་རེ་རེ་བཞིན་རྨེག་མེད་དུ་འདུལ་བར་བརྩོན་པ་ནི་གླིང་སྒྲུང་གི་རྒྱུན་ཆགས་རང་བཞིན་གྱི་བྱུང་རིམ་འགོད་སྟངས་ཤིག་ཏུ་གྱུར་ཡོད་པ་རེད། དཔེར་ན་གླིང་གེ་སར་རྒྱལ་པོས་ནག་པི་བདུད་འདུལ་བའི་ཚེ། ཐོག་མར་བདུད་ཀླུ་བཙན་གྱི་བླ་མཚོའི་ནང་དུ་ཁོའི་མཛོད་ན་ཡོད་པའི་མཛེ་ཁྲག་བཏབ་ནས་སྐེམ་དུ་བཅུག་པ་དང་། བླ་ཤིང་ཡང་དེའི་མཛོད་ཀྱི་གསེར་སྟར་གྱིས་བརྒྱབ་ནས་བཅད་ཅིང་། བླ་འབྲོང་དང་བླ་ཉ་ལ་མདའ་བསྲིངས་ནས་བསད་རྗེས།  ད་གཟོད་བདུད་ཀླུ་བཙན་དངོས་གསོད་པར་བརྩོན་པ་དང་། སེར་བོ་ཧོར་འདུལ་བའི་ཚེ་ན་ཡང་། གླིང་གེ་སར་རྒྱལ་པོས་ཐོག་མར་འཕྲུལ་གྱི་སྤྲུལ་པ་སྣ་ཚོགས་དང་མཛངས་པའི་ཐབས་ལམ་མང་པོར་བརྟེན་ནས་ཧོར་གྱི་བླ་གནས་སྣ་ཚོགས་ཉམས་སུ་བཅུག་པ་སྟེ། དང་ཐིག་ཧོར་གྱི་བླ་འབྲོང་མདས་བསད་པ་དང་། དེ་ནས་བླ་བྱ་བསེ་བོ་མེར་བསྲེགས་པ།  དེ་ནས་ཧོར་གྱི་བླ་ཉ་དཔྲལ་བ་ཁ་ཆེར་སྤྲུལ་ནས་ཧོར་ཐེའུ་རང་སྤུན་གསུམ་གྱི་བླ་རྡོ་བསླུས། དེ་ནས་འཇང་གི་མོ་པར་བརྫུས་ནས་ཐེའུ་རང་དཀར་ནག་ཁྲ་གསུམ་ལ་རྟ་འདོ་བའི་ཤ་ཁྲག་དང་།  བྱ་ཚིལ་གྱིས་བདུག་དགོས་པའི་མོ་ལོག་བསྟན་ཏེ། སེར་བོ་ཧོར་གྱི་ལྷ་སྲུང་མནོལ་བར་བྱས་པ་དང་། རྒྱུན་པར་འཁོར་བའི་ཕོ་ལྷ་དགྲ་ལྷ་ཐམས་ཅད་དམུ་གབ་ཀྱིས་ཁེབས་པར་བྱས། དེ་ནས་ཉ་པ་ཤིན་ཏུ་འཇིགས་སུ་རུང་བ་དཔོན་གཡོག་བཅུ་གསུམ་དུ་སྤྲུལ་ནས་ཧོར་རྒྱལ་ཆེན་གསུམ་གྱི་བླ་འབྲོང་དཀར་ནག་སེར་གསུམ་རེ་རེ་བཞིན་བསད་ཅིང་བཏུལ་ལ་བླ་མཁར་བཤིག   ལབ་ཙེ་གསུམ་ལ་མནོལ་བཙོག་ཕབ། དེ་ནད་གནམ་ཐེལ་སྲིད་པའི་འོད་འབུམ་བྱ་བ་ཐབས་ཀྱིས་དམ་ལ་བཏགས། དེ་ནས་ཡ་རྩེ་མཁར་དམར་གྱི་གསེར་འཕྲུ་འཛུགས་པའི་སྟོན་མོར་ཁ་གཡར་ནས་ཧོར་ཐེའུ་རང་རྣམས་ཀྱི་རྟེན་ར་སུམ་ཅུ་སོ་བདུན་བཤས་ནས་ཤ་ཁྲག་ཐིགས་ཙམ་ཡང་མ་ལུས་པར་ཟོས། དེ་ནས་ཧོར་གྱི་བླ་གྲི་ངར་མ་གཡུག་ཆོད་སྟོང་སྡེ་ཤ་གཟན་ཞིག་བཟོ་བྱེད་པར་ཁ་གཡར་ནས་ཧོར་སེར་རྒྱལ་རབས་ཀྱི་ལས་ཟོག་ཏུ་གྱུར་པའི་བླ་ལྕགས་ཐེ་ལོ་རྟེན་ཕུར་དང་བླ་ལྕགས་སོ་བརྩེགས་གཉིས་བཤིག   དེ་ནས་བླ་གྲི་ངར་མ་གཡུག་ཆོད་སྟོང་སྡེ་ཤ་གཟན་རྡུང་བའི་སོལ་བ་བཟོ་བར་ཁ་གཡར་ནས་གུར་ནག་གི་བླ་རི་རྔམ་ཆེན་དང་བླ་ཤིང་མུན་པ་མེ་འབར་སྲེག་པར་བྱས། དེ་ནས་འུར་རྡོ་ཕ་བོང་སྟོང་འཁོར་གྱིས་རྡོ་འཕངས་ཏེ་ལྕོག་ལྷའི་བླ་སྤྱང་བསད། དེ་ནས་སྦྲང་དང་ཨ་རག་དྭངས་མའི་རིལ་བུ་སྤྱད་ནས་ཧོར་རྒྱལ་ཆེན་ལྔ་བཅུའི་བླ་སྟག་འོལ་བ་མི་གཟན་བསད། དེ་ནས་ཧོར་གུར་དཀར་གྱི་བླ་རྟགས་གཟིམ་མེད་མར་མེ་ཚེ་འབར་དེ་ཧོར་ཁྲག་སྣེ་ཏོ་གང་གིས་བསད། དེ་ལྟར་ཧོར་ཡུལ་སྤྱི་དང་ཧོར་རྒྱལ་ཆེན་གསུམ་གྱི་བླ་གནས་སྣ་ཚོགས་རེ་རེ་བཞིན་མེད་པར་བཏང་བའམ་ཉམས་སུ་བཅུག་པ་དང་དམུ་གབ་ཀྱིས་ཁེབས་པར་བྱས་རྗེས། ད་གཟོད་དམག་དཔུང་ཆེན་པོ་དྲངས་ཏེ་སེར་བོ་ཧོར་གྱི་ཡུལ་ཁམས་ཆམ་ལ་ཕབ་པ་རེད།

དེ་བཞིན་བུ་ཁ་ཤ་མོན་འདུལ་བའི་ཚེ་ནའང་ཐོག་མར་ལྷོ་ཡུལ་གྱི་བླ་སྟག་མི་གཟན་དམར་པོ་བསད་པ་དང་།  དེ་ནས་ལྷོ་ཤིང་ཁྲི་རྒྱལ་པོའི་བླ་གནས་ལྕགས་ཀྱི་སྡིག་པ་མགོ་དགུ་དང་ཐེའུ་རང་བླ་མའི་བླ་གནས་ཐན་བྱ་ཕོང་བ། ནང་བློན་སྐུ་ལྷའི་བླ་གནས་ཟངས་ལྕགས་ཝ་མོ་ཁ་དགུ་སོགས་རེ་རེ་བཞིན་མདའ་ཡིས་བཀྲོངས་རྗེས། ཤིང་ཁྲི་རྒྱལ་པོ་གཙོ་བྱས་པའི་ལྷོ་ཕྱོགས་མོན་གྱི་ཡུལ་ཁམས་ཅམ་ལ་ཕབ་པ་ལྟར་རེད། 《སྲོག་གི་བཙན་རྫོང》ལས། དགྲ་ཡུལ་དུ་བླ་འཁྱམས་པ། བླ་དུར་དུ་ཞུགས་པ་བླ་གཤིན་པོས་ཁྱེར་བ་སོགས་ཀྱི་ལྟས་སུ་རང་ངམ་གཞན་སྒྲིག་མོའམ་སྒྲིག་མོའམ་གཅིག་པུར་བུད་པ་རྨིས་ན་ངེས་པར་བླ་ཁྱེར་བ་ཡིན་ཅིང་། གཞན་ཡང་འབྱུང་བ་དགྲ་ཐོག་ཏུ་སོང་བ་སོགས་སྐེག་ལ་བབས་པ། དངོས་སུ་སེམས་རྣལ་དུ་མི་ཕབས་པའི་ཡིད་ཡེང་བ་དང་མཚན་མོ་རྟག་ཏུ་གཉིད་སྐྲག་སད་བྱེད་པ་སོགས་བླ་འཁྱམས་པའི་རྟགས་ཡིན་པས་ཕྱི་བཤོལ་ལེ་ལོའི་དབང་དུ་མ་སོང་བར་འཕྲལ་དུ་བླ་ཚེ་བསླུ་བའི་ཐབས་ལ་འབད་དགོས་སོ། །  ཞེས་བླ་མི་དང་བྲལ་བའམ་བླ་ཉམས་པར་གྱུར་ཚེ་ཡིད་ལ་ཅི་ཡང་དྲན་དུ་མེད་ཅིང་བྱ་བ་གང་ཡང་མི་འདོད་ལ་བྱས་ཀྱང་འགྲུབ་མི་ཐུབ་པ་དང་། སྲོག་གི་ཁམས་ཀྱང་འགག་པར་འགྱུར་བས། དེར་སྲུང་སྐྱོབ་བྱེད་དགོས་པ་དང་གལ་ཏེ་སྐྱེས་བུའི་བླ་ཉམས་པ་དང་ཡར་བ། སྟོར་བ། འཁྱམས་པ། གདོམ་གྱིས་འཕྲོག་ཅིང་བརྐུས་པ། བྱད་མ་ལྷ་སྲུང་སྐྱོབ་བྱེད་དགོས་པ་དང་གལ་ཏེ་སྐྱེས་བུའི་བླ་ཉམས་པ་དང་ཡར་བ། སྟོར་བ། འཁྱམས་པ། གདོན་གྱིས་འཕྲོག་ཅིང་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་བཅས་ཀྱི་ཚེ་ན།  ངེས་པར་དུ་གླུད་མདོས་ཀྱི་ཆོ་གར་བརྟེན་ནས་སླར་བསླུ་ཞིང་རང་གནས་སུ་བཀུག་སྟེ་སྐྱེས་བུའི་བླ་ཚེ་སྲོག་གསུམ་གཅིག་ཏུ་བསྡུ་དགོས་པར་བསྟན་པ་དང་། བོད་ཀྱི་རྒྱལ་རབས་བདུན་པ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་རྟ་རྫིས་ཐོག་མར་གཡོ་ཐབས་ཀྱིས་རྒྱལ་པོའི་ཕྲག་པ་གཡས་ལ་ཝ་རོ་དང་གཡོན་ལ་ཁྱི་རོ་འཁུར་དུ་བཅུག་ནས། བཙན་པོའི་དགྲ་ལྷ་དང་ཕོ་ལྷ་ཡལ་བར་བྱས་རྗེས་མདའ་བསྲིངས་ཏེ་བཙན་པོའི་སྐུ་བཀྲོངས་པ་ལྟར་ན། དགྲ་མ་བཏུལ་གོང་ལ་བླ་འདུལ་དགོས་པའི་འདུལ་དགོས་པའི་འདུ་ཤེས་དེ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་སྔོན་མའི་ལྟ་བའི་རྨང་གཞི་ལས་ཐོན་པའི་ལྷ་སྒྲུང་གི་འདུ་ཤེས་ཤིག་ཡིན་པར་མ་ཟད། གྲི་གུམ་བཙན་པོའི་སྐུ་རིང་ལ་སླེབས་ཚེ་ཤིན་ཏུ་དར་ཁྱབ་ཆེ་བ་ཞིག་རེད། གོམས་སྲོལ་གརང་བཞིན་ལྡན་པའི་ལྷ་སྒྲུང་གི་འདུ་ཤེས་དེ་ལྟ་བུའི་ཤུགས་ལ་བརྟེན་ནས། གླིང་གེ་སར་རྒྱལ་པོ་དང་ཁྲ་མོ་གླིང་གི་དཔའ་རྟུལ་རྣམས་ཀྱིས་ཕྱོགས་བཞིའི་དགྲ་བཞི་གང་ཞིག་འདུལ་ཚེ། ཐོག་མར་སྨན་ཨ་ནེ་གོང་སྨན་རྒྱལ་མོའམ་ལྷ་ཚངས་པ་སོགས་ཀྱིས་ཕྱོགས་ཀྱི་ཕས་རྒོལ་གང་རུང་ཞིག་འདུལ་དགོས་པའི་ལུང་བསྟན་བྱུང་བ་དང་།  དེ་ནས་ལུང་བསྟན་དེ་ལྟར་དགྲ་བོའི་བླ་གནས་རྣམས་རེ་རེ་བཞིན་མེད་པར་བཟོ་བ་དང་ཉམས་སུ་འཇུག་པའམ་དམུ་གབ་ཀྱིས་ཁེབས་པར་བྱས་རྗེས། དགྲ་བོ་དངོས་དང་འཐབ་ནས་བཏུལ་བར་བཀོད་པ་དེས་གླུང་སྒྲུང་གུ་ནང་དོན་ཕུན་སུམ་ཚོགས་པོར་གཏོང་བ་དང་བྱུང་རིམ་ཀྱག་ཀྱོག་ཅན་དུ་འགྱུར་བ། མི་རིགས་ཀྱི་ཁྱད་ཆོས་གསལ་ལེར་ཐོན་གཔ་བཅས་ལ་ནུས་པ་ཧ་ཅང་ཆེན་པི་བསྐྱེད་ཡོད་པ་རེད།  གལ་ཏེ་ཕྱོགས་ཀྱི་ཕས་རྒོལ་གྱི་བླ་གནས་འདུལ་བའི་བྱུང་རིམ་དེ་དག་མ་བཀོད་པར་ཐད་ཀར་གདུལ་བྱ་གང་ཡིན་པ་དེར་ཁ་འཐབ་ལག་འཛིང་བྱས་པར་བརྗོད་ན། འཆར་ཡན་རིང་ལུགས་ཀྱི་ཉམས་འགྱུར་ཞན་ཞིང་ནང་དོན་ཉུང་ལ་བྱུང་རིམ་ཡང་རགས་རིམ་ཙམ་དུ་ཟད་པས། ཕ་རོལ་ཉན་མཁན་རྣམས་ཀྱི་ཡིད་ཀྱི་སྤྲོ་བ་འདྲེན་པའི་ནུས་པ་དེ་འདྲ་ཆེན་པོ་ཡོད་མི་སྲིད་པ་རེད།

3_2 མཚར་བའི་ཉམས་བསྐྱེད་པས་ཡིད་འགུག་གི་ནུས་པ་ཆེ་བ།

གླིང་སྒྲུང་དུ་བཀོད་པའི་རུས་བླ་རྣམས་ལྷའི་ངོ་བོར་གྱུར་ཅིང་། བྱེད་ནུས་རུས་ཚོའི་བསམ་པ་གཅིག་སྒྲིལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ།  རུས་རྒྱུད་གང་ཡིན་གསལ་བར་བྱེད་པ་བཅས་ནས་གཏད་མཁན་ཚོ་ཁག་དང་དུད་ཁྱིམ། མི་སྒེར་བཅས་ལ་ལམགོན་སྐྱོབ་བྱེད་མཁན་དུ་གྱུར་པར་མ་ཟད། བསྐྱབ་བྱ་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་ཞུགས་ནས་དེ་དག་ལ་ཕན་པ་བསྒྲུབ་པ་དང་སྲུང་སྐྱོབ་བྱེད་ཆེད་ཕ་རོལ་རྒོལ་པ་དང་དངོས་སུ་ཁ་འཐབ་ལག་འཛིང་བྱེད་པ་རེད། དེ་ཡང་གླིང་གེ་སར་རྒྱལ་པོས་བདུད་ཀླུ་བཙན་བཀྲོངས་པའི་རྗེས་སུ་བདུད་ཀྱི་ལྷ་བླ་བྱིའུ་འོངས་ནས་བདུད་ཀླུ་བཙན་གྱི་ཁ་ནང་ལ་དངུལ་ཆུ་གཏོར་ནས་དེར་ལྕགས་སྲོག་ཐོབ་ཏུ་འཇུག་རྩིས་བྱས་པ་དང་། གླིང་གེ་སར་རྒྱལ་པོས་འཇང་གི་སྐྱབས་གནས་གནམ་ཐེལ་གྱི་བླ་འཇའ་ལ་ཕྱག་མདའ་བསྲིངས་ནས། བྱ་སྒོ་མེ་ཡིས་གཞོབ་པ་ལྟར་དུམ་དུ་ལོང་ངེར་གཏོང་ཞིང་མེ་ལྕེ་འཐུལ་བས་འཇང་མི་མང་པོ་འཚིག་པར་གྱུར་ཚེ། གནམ་ཐེལ་དཀར་པོ་ཐུགས་ཁྲོས་ནས་རྔམས་པའི་ཚུལ་གྱིས་ལྷ་ཚངས་པའི་འཇའ་སྤྲིན་ལ་མདའ་བསྲིངས་པ་དང་། མདའ་དེར་ཨ་ཁུ་ཁྲོ་ཐུང་གིས་མཐུ་གཏོར་བརྫངས་ནས་ཕར་བསློགས་པས།

གནམ་ཐེའུ་དེ་ལྷག་པར་ཐུགས་ཁྲོས་ཏེ་བར་སྣང་ནས་ཉི་མ་འཕྲུལ་གྱི་ཞགས་པ་ལ་ཟླ་བ་འཕྲུལ་གྱི་ལྕགས་ཀྱུ་གཡུགས་ཏེ། ཁྲོ་ཐུང་མི་རྟ་གཉིས་རི་བོང་བྱ་གླག་གིས་བཟུང་བ་ལྟར་ཁྱེར་ཏེ་བར་སྣང་ནས་འཇང་དམག་གི་སྒར་ནང་དུ་དབྱུག་པས། ཁྲོ་ཐུང་མི་རྟ་གཉིས་ཡུད་ཙམ་དྲན་མེད་དུ་བརྒྱལ་ཞིང་དབུགས་མི་སོས་པར་གྱུར་པ། གླིང་གི་སེང་ལྕམ་འབྲུག་མོའི་བླ་བྱ་ཁྲུང་ཁྲུང་དཀར་མོས་སེང་ལྕམ་འབྲུག་མོའི་མངག་བཅོལ་ལྟར་ཧོར་ནས་འདུད་དུ་གླིང་གེ་སར་ལ་འཕྲིན་བསྐྱལ་ཞིང་།  གླིང་གེ་སར་གྱི་མངག་བཅོལ་ལྟར་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ལ་འཕྲིན་ཡིག་ཁྱེར་བ། ཨ་ཁུ་ཁྲོ་ཐུང་གིས་ཁ་ཤ་མོན་གྱི་བླ་སྟག་མི་གཟན་དམར་པོར་མཐུ་གཏོར་འཕངས་ཚེ།  བླ་སྟག་མི་གཟན་དམར་པོ་དེས་ཁྲོ་ཐུང་ལ་མཐུ་རྫས་སྔགས་ཡོད་པ་ཚོར་ནས་ཁ་དམར་མེ་ལྕེ་འབར་འདྲ།  ངར་སྐད་གཡུ་འབྲུག་གྲགས་འདྲ། མཆེ་བ་གངས་རི་བརྩེགས་འདྲ་བྱས་མཚོན་པ་རེད། གླིང་སྒྲུང་ནང་གི་རུས་བླ་རྣམས་མིའི་རིགས་ཀྱི་ཡིད་སྨོན་ལྟར་སྤྱི་ཚོགས་ཀྱི་འཚོ་བར་དངོས་སུ་ཞུགས་ཤིང་རང་གི་བསྐྱབ་བྱའི་དོན་དུ་ཁ་འཐབ་ལག་འཛིང་བྱེད་པར་མ་ཟད། དེ་དག་གི་གནས་ལུགས་དང་གཟུགས་བརྙན་ཡང་ཐུན་མོང་མ་ཡིནཔ་ཞིག་ཏུ་ཞིབ་འབྲི་བྱས་ཡོད་པ་རེད། དཔེར་ན། མོན་གྱི་ནང་བློན་སྐུ་ལྷའི་བླ་གནས་ཟངས་ལྕགས་ཝ་མོ་ཁ་དགུ་ཞེས་པ་དེ་ཁ་སོ་ལྕགས་ལ་མཇུག་མ་ཟངས་ཡིན་པ་དང་། སྐད་ངན་བསྒྲགས་ཚེ་མི་མང་པོའི་བླ་སྲོག་ཀྱང་ཅིག་ཅར་གཅོད་ལ། ཝ་དེའི་དཔྲལ་བའི་དཀྱིལ་ངོས་སུ་སྤུ་གྲ་དཀར་པོ་བདུན་ཡོད་པ་དེ་མ་གཏོར་ན་ཝ་དེ་གསོད་ཐབས་མེད་པར་བསྟན་པ་དང་། ཡང་། ཧོར་གུར་དཀར་རྒྱལ་པོའི་བླ་རྟགས་གཟིམ་མེད་མར་མེ་ཚེ་འབར་ནང་དུ་འཛམ་གླིང་མིའི་སྙིང་ཁྲག་དང་རྐང་མར་གྱི་ཞུན་ཁུ་བླུགས་ཡོད་ཅིང་། དེ་ལས་སྐབས་རེར་དུ་བ་ནག་ཕྱུར་ཕྱུར་བྱེད་པ་དང་།  སྐབས་རེར་མེ་ལྕེ་སྔོ་ལྷེམ་ལྷེམ་འབར་བ། སྐབས་འགར་གསེབ་ན་ཧོར་སྐད་ཁྲོབ་སེ་གཏམ་གཏོང་ལ། དེ་གསོད་པར་བྱེད་པ་ལའང་ཧོར་ཁྲག་སྣེ་ཏོ་གང་ཙམ་དགོས་པ་ལྟ་བུ་རེད། གདོད་མར་མི་རྣམས་ཀྱི་ཡིད་ངོས་ན་གནས་པའི་བླ་གནས་དེ་དག་གླིང་གེ་སར་རྒྱལ་པོའི་རིང་ལ་སླེབས་ཚེ་རང་ཉིད་ཀྱི་གནས་ལུགས་ངོ་མ་ལས་བརྒལ་ཞིང་། མིའི་རིགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་ཞུགས་ཤིང་རང་གི་བསྐྱབ་བྱའི་དོན་དུ་ཁ་འཐབ་ལག་འཛིང་བྱེད་པ་དེ་ནི།  བོད་པ་རྣམས་ཀྱི་ངོ་མཚར་ཞིང་ཕུན་སུམ་ཚོགས་པའི་ཡིད་ཀྱི་སྤྲུལ་བ་དེ་རང་རྟོགས་སམ་རང་རྟོགས་མིན་པ་གང་རུང་གི་སྒོ་ནས་ཐོག་པའི་འབྲས་བུ་རེད།  དེས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལྷ་སྒྲུང་གི་ཡིད་བྱེད་གསལ་ལེར་མཚོན་པར་མ་ཟད། གླིང་གེ་སར་རྒྱལ་པོའི་སྒྲུང་གི་མགོ་མཇུག་བར་གསུམ་དུ་མཚར་བའི་ཉམས་ཁྱད་དུ་འཕགས་པ་ཞིག་བསྐྱེད་པས། གླིང་སྒྲུང་འཆད་ཉན་བྱེད་མཁན་རྣམས་ཀྱི་ཡིད་ཀྱི་དྭངས་མ་ཀུན་ནས་འདྲེན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་འདུག

3_3 མི་སྣའི་སྣང་བརྙན་ཁྱད་འཕགས་ཅན་དུ་བཏང་བ། 

གླིང་སྒྲུང་ནང་གི་རྒྱལ་ཕྲན་དང་ཚོ་ཁག   དུད་ཁྱིམ།  མི་སྒེར་བཅས་ལ་རང་རང་གི་བླ་གནས་ཡོད་ལ། དྲང་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་རྣམས་ལ་བླ་གནས་གཞན་ལས་མང་བ་ཞིག་ཡོད་པར་མ་ཟད། བླ་གནས་དེ་དག་མ་བཏུལ་ན་ཕས་ཀྱི་རྒོལ་བ་ལ་མཚོན་གཡུག་ཀྱང་མི་ཆོད་ཅིང་།  མདའ་འཕངས་ཀྱང་མི་ཕོག་ལ།  བླ་གནས་དེ་དག་ལའང་སྲོག་གི་རྟེན་ཕུར་ངེས་ཅན་རེ་ཡོད་པས།  དངོས་གནས་དེ་དག་ལའང་སྲོག་གི་རྟེན་ཕུར་ངེས་ཅན་རེ་ཡོད་པས། དངོས་ཐད་ཀྱི་མཚོན་ཆའམ་རྫས་དང་གཉེན་པོས་མ་གཏོགས་མཚོན་ཆ་གང་རུང་དང་། མི་སུ་དང་གང་གིས་འདུལ་ཐབས་མེད་པར་བསྟན་པ་དེས་གླིང་སྒྲུང་ནང་གི་མི་སྣ་གཙོ་བོ་རྣམས་ཀྱི་སྣང་བརྙན་ངོ་མཚར་ཞིང་ཁྱད་དུ་འཕགས་པ་ལིག་ཏུ་བསྒྱུར་ཡོད་དེ། གླིང་གེ་སར་རྒྱལ་པོས་ལྷ་ཚངས་པ་དཀར་པོ་དང་སྨན་ཨ་ནེ་གོང་སྨན་རྒྱལ་མོ། གདོད་མའི་བླ་གནས་རིམ་འགྱུར་བྱུང་བ་ལས་གྲུབ་པའི་དགྲ་ལྷ་བཅུ་གསུམ་སོགས་སྐྱབས་གནས་མེད་པ་དང་།  ཧོར་གུར་དཀར་དང་བདུད་ཀླུ་བཙན། མོན་ཤིང་ཁྲི། འཇངས་ཐམ་རྒྱལ་པོ་སོགས་ལའང་ཐེའུ་རང་དང་འབྲོང་། ཉ། སྟག  བྱ། དྲེད།  ལུག   ཤིང་། མཚོ། རི། གྲི། མདུང་། ལྕགས། ཟངས། རྡོ། མཁར། ཁངས། འཇའ་སོགས་བླ་གནས་སམ་སྲོག་རྟེན་མེད་པར་ཐད་ཀར་མཚོན་གང་རུང་གིས་འདུལ་ཐུབ་པ་ཞིག་ཡིན་ན། ཇག་དང་གཡུལ་ལ་དགའ་ཞིང་མཁས་པའི་ཚོ་དཔོན་ཙམ་ཡིན་པས། ཕ་རོལ་འཆད་ཉན་པ་རྣམས་ཀྱི་སྤྲོ་བ་འདྲེན་མི་ཐུབ་པ་རེད། དེས་ན་གླིང་གེ་སར་རྒྱལ་པོ་ཞེས་གླེང་མ་ཐག་མི་རྣམས་ཀྱི་སྣང་ངོར་མ་འོངས་ལས་དོན་མཁྱེན་པའི་མངོན་ཤེས་ཅན། དྲག་པོའི་ལས་ལ་ཞུགས་ཚེ་འགྲན་མེད་པ། ཕས་ཀྱི་རྒོལ་བ་འཇིགས་པའི་རྔམ་གཟི་ཅན། འགྲོ་བ་ཐམས་ཅད་མགུ་བའི་ལྷག་བསམ་ཅན་བཅས་ཀྱི་སྣང་བརྙན་ཞིག་ཤར་བ་ནི། དེ་ལ་ལྷ་ཚངས་པ་དང་ཨ་ནེ་གོང་སྨན་རྒྱལ་མོ། དགྲ་ལྷ་བཅུ་གསུམ་སོགས་སྐྱབས་གནས་མང་པོས་དུས་དང་རྣམ་པ་ཀུན་ཏུ་སྐྱོབ་ཅིང་ལུང་སྟོན་པ་མང་དུ་ཞིབ་འབྲི་བྱས་པའི་ཤུགས་ལས་ཐོན་པ་དང་། ཧོར་གུར་དཀར་དང་བདུད་ཀླུ་བཙན། མོན་ཤིང་ཁྲི། འཇང་ས་ཐམ་རྒྱལ་པོ་སོགས་སྡིག་པའི་ལས་ལ་དགའ་ཞིང་དགེ་ཞིང་དགེ་བར་བགེགས་བྱེད་པ། དགྲ་འཐབ་ཀྱི་མཐུ་རྩལ་ཆེ་བ། མི་སུ་ཡིན་དང་མཚོན་གང་རུང་གིས་འདུལ་ཐབས་མེད་པ་སྐྱབས་གནས་དང་། སྲོག་ཆགས་དང་སྐྱེ་དངོས་ལ་སོགས་པའི་བླ་གནས་སམ་སྲོག་རྟེན་མང་དུ་ཡོད་པར་མ་ཟད།  སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་ཁོ་ཚོའི་ལས་དོན་ལ་མགོན་སྐྱོབ་དང་ཚེ་སྲོག་སྲུང་སྐྱོབ་བྱེད་པར་བཀོད་པའི་སྟོབས་ཀྱིས་སོ།

མདོར་ན།  གླིང་སྒྲུང་གི་མགོ་མཇུག་བར་གསུམ་དུ་བླ་གནས་སམ་སྐྱབས་གནས་སྣ་ཚོགས་གང་འཚམ་དུ་བཀོད་པ་དེས་བོད་ཀྱི་ལོ་རྒྱུས་དུས་སྐབས་སོ་སོའི་རུས་བླའི་བྱུང་བ་དང་ངོ་བོ།  བྱེད་ནུས། འཕེལ་འགྱུར་གྱི་ཆོས་ཉིད་བཅས་གསལ་ལེར་བསྟན་པར་མ་ཟད། གླིང་སྒྲུང་གི་ནང་དོན་ཕུན་སུམ་ཚོགས་པོར་གཏོང་བ་དང་། བྱུང་རིམ་ཀྱག་ཀྱོག་དང་ཉོག་འཛིང་ཅན་དུ་བསྒྱུར་བ། སྣང་བརྙན་ཁྱད་འཕགས་ཅན་གསར་གཏོད་བྱེད་པ།  མཚར་བའི་ཉམས་ཇེ་དྲག་ཏུ་གཏོང་ང་བཅས་ལ་སྒྱུ་རྩལ་གྱི་ནུས་པ་ཧ་ཅང་ཆེན་པོ་ཞིག་བསྐྱེད་ཡོད་པ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།