ཤན་པ་རྒྱལ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤན་པ་རྒྱལ་བོ།
《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ལས་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཧོར་དཔའ་བཟང་ཤན་པ་རྨེ་རུ་ནི་སྔོན་གུར་དཀར་རྒྱལ་བོའི་བློན་ཆེན། ཧོར་སྡིག་པ་ར་ཙཱའི་སྲས་པོ། དམག་འཕྲུ་དམར་ཅན་གྱི་བདག་པོ་ཡིན་ལ། བློ་རིག་གསལ་ཞིང་གཞུག་འདང་ཕོག་མཁན། བྱ་བ་གང་ལའང་མ་བརྟག་གྱ་ཚོམ་དང་ཆུ་སྣ་གར་ཁྲིད་བྱེད་མཁན་ཞིག་གཏན་ནས་མིན། དེ་མིན་ཐབས་དང་ཤེས་རབ་ཧ་ཅང་ཆེན་་པོ་འདུག
གཞི་རྩའི་གནས་ཚུལ།

རིགས་རྒྱུད།
ཧོར།
འབྱུང་ཁུངས།
《གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང》
1 ​ངོ་སྤྲོད།

འཛམ་གླིང་ན་གྲགས་པ་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ《འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང》ལས་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཧོར་དཔའ་བཟང་ཤན་པ་རྨེ་རུ་ནི་སྔོན་གུར་དཀར་རྒྱལ་བོའི་བློན་ཆེན།  ཧོར་སྡིག་པ་ར་ཙཱའི་སྲས་པོ། དམག་འཕྲུ་དམར་ཅན་གྱི་བདག་པོ། སྡང་དགྲ་བོའི་གཡས་རུ་གནོན་མི། གཉེན་མ་ནུས་མཐའ་ནས་སྐྱོང་མི། དཔའ་རྩལ་ཆེ་ཞིང་སྤྱང་གྲུང་ལྡན་པ། དཔྱད་པ་བཏང་ན་ལས་མཐའ་ཤེས་པ་ཞིག་ཡིན། དེ་སྔོན་ཁོ་གུར་དཀར་རྒྱལ་བོའི་གཅེས་བློན་ཡིན་ཞིང་།རྗེས་སུ་ཧོར་གླིང་འཁྲུག་སྐབས་གེ་སར་རྒྱལ་བོའི་ནུ་བོ་རོང་ཚ་དམར་ལེབ་དང་ཕུ་བོ་ཞལ་ལུ་དཀར་པོ་གཉིས་བཀྲོངས་པའི་ལག་ཉེས་ཁུར་རྐྱེན་གེ་སར་རྒྱལ་བོས་ཧོར་གུར་དཀར་ལ་གཉའ་སྒ་བསྟད། ཧོར་ཡུལ་འཇག་མས་གང་བར་བྱས་ཏེ་ཁོ་རང་གླིང་དཀར་སྟོད་ཀྱི་བཙོན་དུ་བཟུང་ནས་ཁྱི་བཞིན་བཏགས། རྗེས་སུ་གླིང་རྗེ་འཇང་ཐམ་རྒྱལ་པོ་འདུལ་སྐབས་ཁོ་ལ་བྱས་རྗེས་བཞག་སྟེ་ཉེས་པ་སེལ་བའི་གོ་སྐབས་བསྩལ་ཞིང་། ཁོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་འཇང་ས་ཐམ་རྒྱལ་བོའི་སྲས་པོ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་བཟུང་ནས་ཁྲ་མོ་གླིང་ལ་བཀུག   དེ་ལྟར་མོན་དང་ཁ་ཆེ། མེ་གླིང་། གྲུ་གུ་སོགས་རྒྱལ་ཁབ་མང་པོར་དམ་ག་འདྲེན་སྐབས་གླིང་ཚ་ཞིང་འདན་མ་བསམ་འགྲུབ་དང་། ཁོ་གཉིས་ནི་རུ་འདྲེན་རེས་མོས་བྱེད་མཁན་དུ་གྱུར་ཀྱང་། དམག་འཁྲུག་ཁྲོད་བྱས་རྗེས་ཀྱང་རབས་དང་རིམ་པ་མང་པོ་བཞག་པས་གླིང་རྗེའི་གཅེས་བློན་དུའང་གྱུར་བ་རེད།

གཅིག   ཧོར་གྱི་དམག་དཔོན་དཔའ་བཟང་ཤན་པ་དམར་པོ་ནི་བློ་རིག་གསལ་ཞིང་གཞུག་འདང་ཕོག་མཁན། བྱ་བ་གང་ལའང་མ་བརྟག་གྱ་ཚོམ་དང་ཆུ་སྣ་གར་ཁྲིད་བྱེད་མཁན་ཞིག་གཏན་ནས་མིན།དེ་མིན་ཐབས་དང་ཤེས་རབ་ཧ་ཅང་ཆེན་པོ་འདུག དེའི་དོན《ཧོར་གླིང་གཡུལ་འགྱེད》ལས། “སྡིག་གཅོད་ཤན་པ་རྨེ་རུ་རྩེའི་བསམ་པར། ཧོར་དམག་ཁྲ་བོ་གླིང་ལ་སོང་ན།སྤྱིར་ལྷ་དཀོན་མཆོག་གསུམ་དང་། སྒོས་སུ་གླིང་རྗེ་གེ་སར་རྒྱལ་པོར་འགྲན་ཡ་བཙུགས་ན། ཧོར་སེར་པོ་ལ་ཆག་གྲུམ་ཡོང་ལེ།གླིང་ཁྲ་མོ་རྩ་མེད་ཤུལ་མེད་གཅིག་ཡོང་། ད་གཟོད་ལས་ཀྱི་མཐའ་མར། འཛམ་གླིང་སེང་ཆེན་རྒྱལ་པོ་དེ་སེར་པོ་ཧོར་ལ་ཕེབས་པས། ཧོར་རྗེ་བློན་ལ་ཅི་མཐའ་གཅིག་མཐའ་དང་། ཅི་ཕུང་གཅིག་ཕུང་ཡོང་ངེས་ཡིན་པས། གུར་དཀར་ཁོ་མཉམ་འཇོག་བྱེད་མིན་ཅི་འདྲ་ཡང་།སླར་འགྱོད་པ་མི་སྐྱེས་བསམ་ནས་བཤོལ་འདེབས་བྱེད་པའི་གླུ་འདི་ལྟར་བླངས་པར་གདའ་འོ།།”ཞེས་དང“མི་དེ་ལ་འགྲན་ཡ་བཙུགས་པ་ན།།ཁོས་མེ་ལོང་ནང་ནས་མེ་གཅིག་འབུད།། ཨ་ལོང་ནང་ནས་ཨ་གཅིག་ཟེར།། རལ་གྲིའི་ཁ་ནས་རྟ་གཅིག་རྒྱུག། མདུང་མོའི་རྩེ་ནས་བྲོ་གཅིག་འཁྲབ།།རྒྱ་ཁབ་སྟེང་ནས་གར་གཅིག་བསྒྱུར།།སྐུ་བརྗིད་པོ་རི་རྒྱལ་ལྷུན་པོ་འདྲ།། སྟོབས་ཆེན་པོ་སེང་གེའི་རྩལ་དང་འདྲ།། ཐབས་ཤེས་རབ་ནམ་མཁའི་གློག་དང་འདྲ།། ལས་མྱུར་བ་བསེར་མ་རླུང་དང་འདྲ།། སྐུ་མི་འགྱུར་འཕགས་པ་འཇམ་དབྱངས་རེད།། གསུང་མི་འགག་ཐུགས་རྗེ་ཆེན་པོ་རེད།།ཐུགས་མི་གཡོ་ཕྱག་ན་རྡོ་རྗེ་རེད། མི་ཁོང་ལ་འགྲན་ཡ་བཙུགས་པ་ན། ད་གཟོད་ལས་ཀྱི་སོ་ནམ་ལ།། ཁྱོད་གུར་དཀར་གསོན་བཤའ་བྱེད་དང་གཅིག། ང་ཤན་པའི་ལྷུ་དྲུག་ཤོར་དང་གཉིས།། ཧོར་སེར་པོ་བྱུང་མལ་མེད་དང་གསུམ།།གཏམ་རྒྱུད་དེ་གླེང་རྒྱུ་ཡོད་དང་བཞི།།ལས་ཕུང་བཞི་ཆེན་པོ་འཇོག་ངེས་ཡིན།། གླིང་གི་དཔའ་རྟུལ་སུམ་ཅུ་དེ།། གྲུབ་ཆེན་སུམ་ཅུའི་སྤྲུལ་པ་རེད།། ཡང་རྟུལ་དམ་པའི་མི་བདུན་དེ།།འཛམ་གླིང་པན་ཆེན་མི་བདུན་རེད།། ཉིང་རྟུལ་ཁྲ་གླེག་སྤྱང་གསུམ་རེད།། ལས་དེ་ལ་འགྲན་ཡ་ཨེ་དགའ་ན།།ཁ་ཁ་རོག་སྡོད་དང་ཁ་མཆུ་མེད།།མགོ་རུམ་ནང་བཅུག་དང་ལྷགས་པ་མེད།། རྟ་མ་རྒྱུག་བསྡད་ན་ཆད་གློ་མེད།། གཞུ་མ་འཐེན་བསམ་ན་ཆག་རྒྱུ་མེད།།བྱ་ཁྭ་ཏའི་ཁ་ལ་ཉན་དགོས་ན།། དཔོན་པོ་བྱ་ཁ་ཐོགས་ཉེན་ཡོད།།ཡིན་གཅིག་མིན་གཉིས་ཡིན་བསམ་ན།། ཧོར་གྱི་བྱ་ཐན་བསེ་པོ་དེ།། ཁྲ་བོ་གླིང་ལ་ཉུལ་མ་ཐོངས།།འཛམ་གླིང་གེ་སར་རྒྱལ་བོ་དེ།།ཕོ་ལ་རྒོད་ཞན་ལྟོས་ལ་ཤོག།། ས་ལ་ས་བཙན་ཅི་འདུག་ལྟོས།། རྫོང་ལ་རྫོང་བཙན་ལྟོས་ལ་ཤོག། ཆུ་ཁ་རབ་སོ་ལྟོས་ལ་ཤོག། རྒྱབ་ཀྱི་ཕ་མིང་ལྟོས་ལ་ཤོག། བོས་ན་ཡོང་ལེ་ཨེ་འདུག་ལྟོས།།བསླངས་ན་སྟེར་ལེ་ཨེ་འདུག་ལྟོས།། འཕྲོག་ན་འཐོབ་ལེ་ཨེ་འདུག་ལྟོས།།”ཞེས་པའི་ཚིག་དུམ་གཉིས་ལས་མཐོང་ཐུབ་པ་ནི་ཁོ་མི་རང་ག་བ་ཞིག་མིན་པར་སྔོན་རྗེས་གང་ལའང་བསམ་བློ་གཏོང་མཁན་ཞིག་ཡིན་པ་ཤེས་ཐུབ།ལྷག་པར《ཧོར་གླིང་གཡུལ་འགྱེད》སྨད་ཆ་ལས།།“ཤན་པས། ཡ། ཡ། གནའ་མི་བོད་ཀྱི་གཏམ་དཔེ་ལ།། སྟག་ཤར་བ་ཚོང་གིས་ཕུང་ཁ་ལ།། ཁུར་ཡེབ་ཡེབ་བ་གཅིག་ཡོང་རབ་ཡོབ།།སྨན་བུ་མོ་གནས་འདོམས་འཆུགས་ཁ་ལ།། ཡིད་དུང་ངེ་བ་གཅིག་ཡོང་རབ་ཡོད།། ལུག་རྐང་གྱོལ་སྤྱང་ཀིས་འདེད་ཁ་ལ།། ཁ་འབའ་ཚག་དི་རེ་འགྲོ་རབ་ཡོད་ཟེར་བདང་འདྲ། རྒྱལ་པོ་གུར་དཀར་ཁྱོད་ལ་ཡོང་རྒྱུ་གཅིག་ཡོང་རན་གདའ།དེ་བས་བསམ་བློ་ཐོངས་ལ་སྡོད་ཟེར་ནས་གླུ་འདི་ལྟར་བླངས་སོ།།”ཞེས་དང་།“ཉོན་ཟེར་བའི་སྐད་ཆ་འདི་འདྲ་ཡོད།། ཁྱེད་ན་ནིང་བསྒྲུབས་པའི་ཆོས་སྐྱོང་དེ།། དུས་ད་ལོ་བྲན་དུ་བཀོལ་རན་རེད།།ཁྱེད་ན་ནིང་བཏབ་པའི་ལྷམ་ཆུང་དེ།།  དུས་ད་ལོ་མགོ་ལ་གོན་ལེ་རེད།། ཁྱེད་ན་ནིང་བཟོས་པའི་རྡོ་ཞྭ་དེ།།དུས་ད་ལོ་མགོ་ལ་གོན་ལེ་རེད།། ཁྱེད་ན་ནིང་བཏབ་པའི་ལྷམ་ཆུང་དེ།།  དུས་ད་ལོ་རྐང་ལ་གོན་ལེ་རེད།། ཁྱེད་ན་ནིང་བོས་པའི་མགྲོན་པོ་དེ།། དུས་ད་ལོ་ཁྱིམ་ལ་འཛུལ་ལེ་རེད།།ས་འདི་ན་སྒར་ཞིག་བབས་ལེ་འདི།།  ཚོང་ཁེ་བའི་ལམ་འགྲོ་མ་རེད་དེ།།ཁྱེད་གུར་དཀར་སྲོག་གི་གཤེད་མ་རེད།། གླིང་གེ་སར་རྒྱལ་པོའི་ཆོ་འཕྲུལ་རེད།།དེ་ཡིན་པའི་རྩ་བ་བཤད་པས་ན།།ཁྱོད་གསེར་སྒ་གསེར་སྲབ་འབྱོར་མ་འདི།། ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ། ཁྱོད་གཉའ་སྒ་གཏད་ནས་གསོད་རྟགས་རེད།།  ད་འཛེར་མ་བཞི་བཅུའི་འཚམས་ཞུ་འདི།།  ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ།། ཁྱོད་སྒལ་ཚིགས་འཛེར་མས་བསྡམས་ལེ་རེད།། གསེར་སེར་པོའི་ཁེམ་ཆུང་ཆ་གཉིས་འདི།། ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ།།   མིག་ཁྲ་ཆུང་གསོན་པོར་འབྲུ་འདོད་རེད།།  ཇ་ལན་ཆེན་ལན་ཆུང་བཅོ་བརྒྱད་དེ།། ཁྱོད་གུར་དཀུར་འཆི་ཆོས་བཅའ་སྤྱད་རེད།།  བློན་སྟོབས་ཆེན་ཁྱོད་ལ་ལྕགས་ཕུར་བཞི།། ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ།། ལུས་གཟུགས་བཞི་ཐང་ལ་བརྒྱངས་འདོད་རེད།། སྨན་འབྲུག་མོ་ཁྱོད་ལ་བྱུ་རུ་ནི།། སྙིང་མིག་རྡོག་འདྲ་བ་བཅུ་གསུམ་ནི།། གླིང་དམའ་ཆེན་བཅུ་གསུམ་ཧོར་གྱིས་བཀྲོངས།། དེ་སྙིང་དང་མིག་རྡོག་འདྲ་བའི་བརྡ།། མི་དེ་ཚོའི་དགྲ་ཤ་ལེན་འདོད་རེད།། དར་དཀར་པོ་འཕྲུལ་གྱི་ཞགས་པ་འདི།། མཐར་འབྲུག་མོ་རང་ཡུལ་ཁྲིད་འདོད་རེད།། བློན་མཆོང་ལྷ་ཁྱོད་ལ་ལྕགས་ཁེམ་གཅིག །། ཁྱོད་གཅེས་པའི་འཚམས་ཞུ་མ་རེད་དེ།།ཁྱོད་མ་ཤི་ས་འོག་གནོན་འདོད་རེད།། བློན་པ་དུར་རེ་རལ་གྲི་རེ།། གཅེས་པའི་འཚམས་ཞུ་མ་རེད་དེ།། བློན་ཡོད་ཚད་སྲོག་རྩ་གཅོད་རྒྱུ་རེད།། ང་ཤན་པ་ལྕགས་ཕུར་ལྕགས་ཐག་འདི།། གཅེས་པའི་འཚམས་ཞུ་མ་རེད་དེ།། སྐེ་ལྕགས་ཐག་ཤལ་ལེ་ཁྲིད་འདོད་རེད།། མཐར་སྲོག་གི་ཆད་པ་མི་ཡོང་གི།  ང་མཇལ་དར་ནང་ནས་ངན་པ་རེད།། བརྡ་ཡི་ནང་ནས་བཟང་པོ་རེད།།  ཁྱོད་གུར་དཀར་དགུང་ལོ་ཆུང་བའི་དུས།། གསེར་སེར་པོའི་དོ་ཡ་བཙོངས་ལེ་ཟེར།། གསེར་དེ་འདྲ་ཙོར་གྱིས་མ་ཉོས་དེ།། གླིང་རྒྱ་ཚ་ཞལ་དཀར་ཧོར་གྱིས་བཀྲོངས།། དེའི་ཤ་ལེན་སྙེག་གི་བརྡ་ཚིག་རེད།།  སྟག་དམར་ཡག་སྒོ་ཁྱི་བཙོང་ལེ་ཟེར།།  སྟག་དེ་འདྲ་ཧོར་གྱིས་ཉོ་དོན་མེད།། བློན་སྟག་རོང་དཔོན་པོ་གཟིག་འཕེན་ལ།།  ཧོར་ཞགས་ནག་ཐེབས་པས་རྨ་ཆུས་ཁུར།། དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།།  གཡུ་དྲུག་དཀར་ནེ་ཙོ་བཙོངས་ལེ་ཟེར།། གཡུ་ནེ་ཙོ་ཧོར་གྱིས་མ་ཉོས་དེ།།  ལྡོང་ཁྲ་རྒན་སྣང་ཆུང་ཧོར་གྱིས་བཀྲོངས།།དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།། ཡང་བྱུ་རུའི་རྨ་བྱ་བཙོང་ལེ་ཟེར།།བྱ་རྨ་བྱ་ཧོར་གྱིས་མ་ཉོས་དེ།། གླིང་ནུ་བོ་རོང་ཚ་དམར་ལེབ་བཀྲོངས།། དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།། དངུལ་དཀར་མོའི་མེ་ལོང་བཙོང་ལེ་ཟེར།། དངུལ་དེ་འདྲ་ཧོར་གྱིས་མ་ཉོས་དེ།།  གླིང་མོ་མ་ཀུན་ཤེས་ཧོར་གྱིས་བཀྲོངས།། དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།།  དམག་རྒྱ་མཚོའི་ཆུ་སྲམ་བཙོང་ལེ་ཟེར།། སྲམ་དེ་འདྲ་ཧོར་གྱིས་མ་ཉོས་དེ།། གླིང་ཉ་ཚ་ཨ་བརྟན་ཧོར་གྱིས་བཀྲོངས།། དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།། ཟངས་དམར་བོའི་སྤྱང་མོ་བཙོང་ལེ་ཟེར།།  ཟགས་སྤྱང་མོ་ཧོར་གྱིས་མ་ཉོས་དེ།།གླིང་བརྒྱ་དཔོན་བན་དེ་ཧོར་གྱིས་བཀྲོངས།།དེའི་མི་ཤ་སྙེག་གི་བརྡ་ཚིག་རེད།།ཤེལ་དཀར་མོའི་མེ་ཏོག་བཙོང་ལེ་ཟེར།། ཤེལ་མེ་ཏོག་ཧོར་གྱིས་མ་ཉོས་དེ།།གླིང་སེང་ལྕམ་འབྲུག་མོ་ཧོར་གྱིས་འཕྲོག། དེ་འཕྲོག་གི་ར་མདའ་ཕེབས་ལེ་རེད།།རྔ་རོལ་མོ་ཧོར་ལ་བཙོང་ལེ་ཟེར།།  རྔ་རོལ་མོ་ཧོར་གྱིས་མ་ཉོས་དེ།།གླིང་ཁྲིམས་རྔ་གསལ་བའི་འོ་ལྡན་དེ།།དམན་ར་རྫི་ལུག་རྫིས་རྩེ་སྤྱད་བྱས།། སྒྲ་སིལ་ཆེན་ཉི་མ་འབྲུག་གྲགས་དེ།། ས་སྲང་མདོར་ཕོགས་བཞི་རྩེ་སྤྱད་བྱས།། རྒྱུ་དེ་འདྲ་འཕྲོག་པའི་རམ་མདའ་རེད།། དུང་དཀར་མོའི་ལུ་གུ་འབའ་ཤེས་དེ།། དུང་ལུ་གུ་ཧོར་གྱིས་མ་ཉོས་དེ།། གླིང་ཁྲིམས་དུང་དཀར་མོ་རྒྱང་གྲགས་དང་།།ཧོར་ཕྱུགས་རྫིའི་ར་མ་འཚོ་སྤྱད་བྱས།། རྒྱུ་དེ་འདྲ་འཕྲོག་པའི་ར་མདའ་རེད།། དར་དཀར་ནག་ཡུག་གཉིས་བཙོང་ལེ་ཟེར།། དར་དེ་འདྲ་ཧོར་གྱིས་མ་ཉོས་དེ།།  གླིང་ལྷ་གུར་དཀར་མོ་སྟོང་ཤོང་དང་།། གླིང་གཡུ་སྦྲ་མཐིང་ཤོམ་སྡེ་ལྔ་དེ།། ཧོར་སེར་པོའི་དམག་གི་ཇ་གཡབ་བྱས།།རྒྱུ་དེ་འདྲ་འཕྲོག་པའི་ར་མདའ་རེད།།གསེར་སེར་པོའི་ཉི་མ་བཅུ་གཉིས་ཟེར།། གསེར་ཉི་མ་ཧོར་གྱིས་མ་ཉོས་དེ།། ཧོར་གུར་དཀར་རྒྱལ་པོའི་བཞུགས་ཁྲི་བྱས།། རྒྱུ་དེ་འདྲ་འཕྲོག་པའི་ར་མདའ་རེད།། དེ་ཨེ་ཤེས་ཧོར་སེར་དུད་འགྲོ་ཚོ།། དེ་ཨེ་གོ་གུར་དཀར་ཁྱི་ཡི་བུ།། ད་མ་བཟང་ཐག་གིས་ཆོད་ལེ་རེད།། གླིང་གེ་སར་ཉི་མ་ཤར་ཤར་རེད།། དགུང་ཉི་མ་ལག་པས་ཁེབས་ས་མེད།།ཧོར་སེར་པོ་བ་མོ་བཞུ་བཞུ་རེད།། ད་གེ་སར་ཆུ་ལོག་རྒྱུག་རྒྱུག་རེད།། འདི་ཆུ་ཆེན་བྱེ་མས་ཁོག་ལེ་མིན།། ཧོར་སེར་པོ་ལོ་ཏོག་བཅོམ་བཅོམ་བྱེད།། ད་ཡག་རྒྱུ་མེད་པའི་ཁོ་ཐག་ཆོད།། ད་མ་འདུག་ཨ་ཁུ་དཔོན་བློན་གཉིས།། ཡང་མིན་ན་རྒྱ་གར་སྟོད་ལ་འགྲོ། སྟོད་རྒྱ་གར་རྒྱལ་པོར་སྲོག་སྐྱོབ་ཞུ།། ཡང་མིན་ན་བལ་པོ་ཡུལ་ལ་འགྲོ།། ལྷོག་བལ་པོ་རྒྱལ་པོར་སྲོག་སྐྱོབ་ཞུ།། ”ཞེས་པའི་ཚིག་འདི་གཉིས་ལས་ཧོར་གྱི་ཤན་པ་རྒྱལ་པོས་བཤད་པ་ཡོད་ཚད་ལུང་བསྟན་དང་འདྲ་བར་གུར་དཀར་དཔོན་ལ་གཉའ་སྒ་གཏད། སྟོབས་ཆེན་ཁྲ་འབར་གྱི་རྐང་ལག་བཞི་བརྒྱངས་ལ་བཏང་ནས་བསད།མཆོང་ལྷ་ས་འོག་ཏུ་མནན།། ཤན་པ་ཁོ་རང་གི་སྐེ་ལྕགས་ཐག་ཤ་ལེར་བཙོན་དུ་ཁྲིད། ཡོད་ཚད་ཁོའི་ཁ་ཐོག་ཏུ་སོང་བ་ལ་གཞིགས་ན་ཁོ་ནི་དཔྱད་པ་གཏོང་བ་ལ་རིག་པ་ཞིབ་པ། དཔྱད་པ་བཏང་ཚད་གནད་དུ་ཐིངས་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ང་ཚོ་ཀློག་པ་པོའི་ཡིད་ངོར་ལྷང་ངེར་འཆར་ཐུབ། ད་དུང《འཇང་གླིང་གཡུལ་འགྱེད》སོགས་ཀྱི་སྒྲུང་དཔེ་མང་པོར་ཁོང་གིས་བློ་རིག་གི་རྩལ་ངོམས་པ་ཧ་ཅང་མང་ཡང་འདིར་འདི་ཙམ་གྱིས་འཐུས་སྙམ་པ་ལགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།