སྒྲུང་གླུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲུང་གླུ།
རྩོམ་རིག་གང་ཞིག་ཡིན་རུང་དེའི་སྐྱེད་ཡུམ་ནི་ཐོན་སྐྱེད་ངལ་རྩོལ་ཡིན་པ་དང་། ཕྱིས་སུ་སྐད་ཆ་བྱུང་ནས་དབྱངས་དེ་ལ་ཚིག་སྦྱར་བས་གདོད་མའི་སྙན་ངག་སྟེ་གླུ་གྲུབ་པ་རེད། ལོ་ངོ་ཁྲི་ཕྲག་དུ་མའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བོད་མི་རིགས་ཀྱི་ཡིད་བྱེད་དང་ཤེས་རིག་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་དེའང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ཏེ་ད་ལྟའི་སྒྲུང་གླུ་འདི་གྲུབ་པ་རེད།
1 ​སྒྲུང་གླུ།

མི་རིགས་སུ་ཞིག་གི་རྩོམ་རིག་གང་ཞིག་ཡིན་རུང་དེའི་སྐྱེད་ཡུམ་ནི་ཐོན་སྐྱེད་ངལ་རྩོལ་ཡིན་པ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚང་མས་ཐུན་མོང་དུ་བཞེད་པ་ལྟར། གླིང་གེ་སར་རྒྱལ་པོའི་སྒྲུང་གླུ་ཡང་གདོད་མའི་བོད་རིགས་རྣམས་ཀྱིས་ཐུན་མོང་གི་ཐོན་སྐྱེད་ངལ་རྩོལ་བྱེད་དུས་རང་རང་གི་ཡིད་ཀྱི་འགྱུར་བ་དེ་ཕྱི་ངག་ཏུ་འཁྲོལ་བར་བྱེད་པ་དང་།  ཚང་མའི་བློ་རྩེ་གཅིག་གཏུ་བསྒྲིམས་ནས་ངལ་རྩོམ་གྱི་སྟངས་སྟབས་དང་སྟོབས་ཤུགས་སྙོམ་པ། ཕན་ཚུན་ལ་སྐུལ་ལྕག་གཏོང་བ་བཅས་ཀྱི་དོན་དུ་ཐོག་མར་ངག་ལས་ཚིག་མེད་པའི་ང་རོ་ཙམ་སྒྲོག་པ་དང་། དེ་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ཚིགས་མཚམས་ལྡན་པའི་སྒྲ་གདངས་སུ་གྱུར། ཕྱིས་སུ་སྐད་ཆ་བྱུང་ནས་དབྱངས་དེ་ལ་ཚིག་སྦྱར་བས་གདོད་མའི་སྙན་ངག་སྟེ་གླུ་གྲུབ་པ་རེད། དེ་ནས་མི་རྣམས་ཀྱི་ཡིད་བྱེད་དང་ཤེས་རིག་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་རང་གིས་བརྗོད་པར་འདོད་པའི་བསམ་བློ་དེ་ཕ་རོལ་བོ་ལ་གསོན་ཉམས་ལྡན་པ་ཞིག་ངོ་སྤྲོད་པའི་ཆེད་དུ། འཇིག་རྟེན་གྱི་བྱ་དངོས་གཞན་དང་སྦྱར་ནས་བརྗོད་པས་ན་ཚིག་རྒྱན་བྱུང་བ་རེད། དབྱངས་སྲོག་ལུས་རྒྱན་གྱི་བདག་ཉིད་ཅན་གདོད་མའི་སྙན་ངག་གམ་གླུ་བར་དུས་ཡུན་རིང་བོ་ཞིག་བརྒྱུད་ནས་བཙན་པོའི་དུས་སྐབས་སུ་སླེབས་ཚེ། ཚིག་སྦྱོར་དང་རྣམ་གྲངས། བྱེད་ནུས་བཅས་ལ་འཕེལ་འགྱུར་ཆེན་པོ་བྱུང་། དེ་ཡང་། རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་ལོ་ངམ་རྟ་རྫིས་རྒྱལ་པོ་བཀྲོངས་རྗེས། དེའི་སྲས་ཉ་ཁྲིས། འ་བ་ཉི་ཉེ་བས་ཉིད། ཅེས་མགུར་བླངས་པ་དང་། སྟག་རི་གཉན་གཟིགས་ཀྱི་རིང་ལ། མྱང་ཙེང་སྐུས། ཆབ་ཆབ་ནི་ཕ་རོལ་ན། ཞེས་མགུར་བླངས་པ། གནམ་རི་སྲོང་བཙན་གྱི་རིང་ལ། ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་བོད་ཀྱི་རྒྱལ་པོ་མར་མུན་བྱ་བའི་མགོ་བཅད་ཚེ། མོན་ཀའི་ནི་སྟག་ཆིག་པ། ཞེས་མགུར་བླངས་པ། རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ། བློན་པོ་ཐོན་མིས་བོད་ཡིག་གསར་བཟོད་མཛད་རྗེས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། སྐབས་དེར་གླུ་ནི་ཐོན་སྐྱེད་ངལ་རྩོལ་ལ་ཞབས་འདེགས་ཞུ་བའི་ཡོ་བྱད་ཅིག་ཡིན་པར་མ་ཟད། རྒྱལ་བློན་རྣམས་ཀྱིས་བཀའ་མཆིད་མཛད་པའི་རྒྱུན་ལྡན་གྱི་ཡོ་བྱད་ཅིག་ཏུའང་གྱུར་ཡོད་པ་དང་། བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་ནས་གྲུབ་པའི་དགའ་སྟོན་གྱི་དུས་སུ། རྒྱལ་པོའི་ཞལ་བཀལ་སྩལ་བླངས་པཿ སུམ་ཅུ་རྩ་གསུམ་ལྷ་ལ་དཔེ་བླངས་ནསཿ གཡུ་ཁང་གསེར་ཁྲི་བྱ་བའི་ཟོར་བའི་སྙན་བླངསཿ ལྷ་སྲས་མུ་ནེ་བཙན་པོ་ཡིསཿ འཇིག་རྟེན་སྒྲོལ་མ་བྱ་བ་བླངསཿ ལྷ་སྲས་མུ་རུབ་བཙན་པོ་ཡིསཿ སེང་གེ་འགྱེང་ཆེན་བྱ་བ་བླངསཿ ལྷ་སྲས་མུ་རི་བཙན་པོ་ཡིསཿ དགའ་གླུ་བཅུ་གསུམ་བྱ་བ་བླངསཿ གཞན་ཡང་བརྗོད་ཀྱིས་མི་ལང་སྟེཿ མི་རེ་ཡིས་གླུ་རེ་བླངསཿ ཞེས་པར་གཞིགས་ན། རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སླེབས་ཚེ། གླུ་རབས་རྒྱལ་འབངས་རྣམས་དགའ་བའི་དགའ་སྟོན་དུ་རོལ་རིག་རྩལ་ལེ་ཚན་དུའང་གྱུར་པར་མ་ཟད། དབྱངས་རྟ་དང་ནང་དོན་གྱི་ཆ་ནས་རྣམ་གྲངས་ཀྱང་མང་དུ་འཕེལ་བ་གསལ་བོར་ཤེས་ཐུབ། དེ་བཞིན་དུ་ཚིག་རྒྱན་ལ་མཚོན་ནའང་། ད་ལྟ་རྒྱ་ཁྱབ་ཏུ་སྦྱོར་བའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་མང་བོ་ཞིག་དུས་སྐབས་དེ་དག་ཏུ་ཡོངས་སུ་གྲུབ་ཅིང་རྒྱ་ཆེར་བཀོལ་བ་རྗེ་བློན་རྣམས་ཀྱིས་མགུར་བླངས་པ་སྟེ།

ཙེང་ལྡིང་ནི་བྲ་གུ་དང་།།

ཡར་ལྷ་ནི་ཤམ་པོ་གཉིས།།

གང་ཆེ་ནི་གང་ཆུང་བ།།

འགྲེང་བརྒྱའ་ནི་ཀུན་ཀྱང་འཚལ།།

སྐྱེ་ཆུ་ནི་སྔོན་མོ་དང་།།

ཡར་ཆབ་ནི་ཆུ་བོ་ཆེ།།

གར་རིང་ནི་གང་ཐུང་བ།།

ཐང་ལྷ་ནི་ཡ་བཞུར་མཁྱེན།།

གནུབས་མཚོ་ནི་གླིང་དགུའ་དང་།།

གྲང་བོ་མཚོ་ལེ་གོང་།།

ཤ་མྱེད་ནི་གངས་ཀར་མཁྱེན།།

པྱ་མདའི་ནི་ཁང་སྐྱ་དང་།།

པྱིང་བ་ནི་སྟག་རྩེ་གཉིས།།

གང་མཐོ་ནི་གག་དམའ་བ།།

ཡར་ལྷ་ནི་ཤམ་པོ་མཁྱེན།།

བྱ་པུ་ནི་ལུང་ཆུངས་ན།།

མགར་ཁོལ་ནི་རྨང་བ་དང་།།

ཡར་ལུངས་ནི་པྱིང་ལུངས་ན།།

ལྷོ་རྔེགས་ནི་འཕན་པ་གཉིས།།

གང་འཕན་ནི་གག་རགས་པ།།

གཉི་ཟླ་ནི་ཡ་བིས་གཟིགས།།

ཞེས་པར་དཔེ་ཅན་གཅིག་ལ་དཔེ་བཞི་བཀོད་ནས་བརྗོད་དོན་གསལ་བར་བྱས་པ་དང་།

བྱ་པུ་ནི་ལུང་ཆུངས་ནས།།

འབངས་ཤིག་ནི་རྗེ་རུ་རེ།།

མགར་བུ་ནི་རྗེ་རུ་རེ།།

སྦལ་བ་ནི་འཕུར་དུ་རེ།།

ཞེས་པ་ནི་སྨད་པའི་མཚུངས་སྦྱོར་ཡིན་པ་དང་།

ན་ནིང་ནི་གཞེས་ནིང་སྔ།།

ཏི་སེ་ནི་གངས་དྲུང་ནས།།

ཤ་དང་ནི་རྐྱང་བྱེར་བའ།།

ཤམ་པོ་ནི་སྩ་ལ་བྱེར།།

དེ་རིང་ནི་སང་ལྟ་ན།།

ཤམ་པོ་ནི་གཉན་གྱི་རྩ།།

ཤ་རྐྱང་ནི་ཚས་མ་ཉན།།

ཤ་རྐྱང་ནི་ཚས་ངན་ན།།

ཏི་སེ་ནི་གངས་ཀྱིས་བྲུན།།

ཞེས་པ་བསྡུས་བརྗོད་ཀྱི་རྒྱན་ཡིན་པ་དང་།

བཚན་དུ་ནི་བདག་འཚལ་ན།།

ཆུང་ན་ནི་རྗེ་ཁུར་ཆིག།

ཕྱག་དུ་ནི་བདག་འཚལ་ན།།

ལྷ་རི་ནི་གཡང་སྐྱོང་ཤིག།

ཅེས་པ་ཤིས་བརྗོད་ཀྱི་རྒྱན་དང་།

ཇེ་ཉེ་ནྀ་ཇེ་ཉེ་ན།།

ཡར་པ་ནྀ་དགུང་དང་ཉེ།།

དགུང་སྐར་ནྀ་སི་ལྀ་ལྀ།།

ཇེ་ཉེ(ནི)ཇེ་ཉེ་ན།།

གླ་སྐར་ནྀ་བྲག་དང་ཉེ།།

བྲག་དཀར་ནྀ་སི་ལྀ་ལྀ།།

སྡུར(སྤུར)བ་ནྀ་ཆབ་དང་ཉེ།།

གྱུར་སྲམ་ནྀ་པྱོ་ལ་ལའ།།

ཉེན་ཀར་ནྀ་དོག་དང་ཉེ།།

འབྲས་དྲུག་ནི་སི་ལྀ་ལྀ།།

མལ་ཏྲོ་ནྀ་ཀླུམ་དང་ཉེ།།

སྐྱི་བསེར་ནི་སྤུ་རུ་རུ།།

ཞེས་པར་ཚིག་རྐང་སོ་སོའི་མཐར་རུ་རྒྱན་ཚིག་སྣ་ཚོགས་དོ་མཉམ་པར་བཀོད་ནས། བརྗོད་བྱའི་དངོས་པོའི་རྣམ་པ་དང་རང་བཞིན། ཁྱད་ཆོས་བཅས་མཚོན་པར་བྱས་པ་སོགས་ཀྱིས་ངེས་ཐུབ་པར་རེད། ཚིག་རྒྱན་འདི་དང་འདི་འདྲ་བ་བཙན་པོའི་དུས་སྐབས་ཀྱི་མགུར་ཚིག་ལས་མང་པོ་འདྲེན་རྒྱུ་ཡོད་ཀྱང་། འདིར་རེ་རེ་བཞིན་དྲངས་ན་ཡིག་ཚོགས་མང་དྲགས་པས་འདི་ཙམ་གྱིས་གཅིག་ཤེས་ཀུན་གྲོལ་བྱེད་ཐུབ་པར་སྨོན། བཙན་པོ་དུས་སྐབས་ཀྱི་མགུར་དང་གླུ་དེ་དག་ལ་དཔྱད་ན། གླིང་གེ་སར་རྒྱལ་པོའི་སྒྲུང་གླུའི་ལུས་དང་རྒྱན། ལེན་ཚུལ་བཅས་ཚང་མ་དུས་རབས་བཅུ་གཅིག་ཙམ་ལ་གློ་བུར་དུ་བྱུང་བ་ཞིག་མིན་པར། བོད་མི་རིགས་ཀྱིས་ངག་གི་ང་རོ་ཙམ་ལ་བརྟེན་ནེ་ཐོན་སྐྱེད་ངལ་རྩོལ་གྱི་སྟངས་སྟབས་སྙོམ་ཤེས་པའི་དུས་ནས་བྱུང་ཞིང་། ལོ་ངོ་ཁྲི་ཕྲག་དུ་མའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བོད་མི་རིགས་ཀྱི་ཡིད་བྱེད་དང་ཤེས་རིག་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་དེའང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ཏེ་ད་ལྟའི་སྒྲུང་གླུ་འདི་གྲུབ་པ་རེད།

1_1 སྒྲུང་གླུའི་ལུས།

གླིང་སྒྲུང་ནི་འཆད་གྱེར་ཟུང་འབྲེལ་གྱི་སྒྲུང་ཡིན་པས། དེའི་ལུས་ཀྱང་བཅད་ལྷུག་སྤེལ་མ་རེད། དེ་ཡང་སྤྱིར་བཏང་དུ་གཏམ་རྒྱུད་བྱུང་སའི་ཁོར་ཡུག་དང་རྒྱབ་ལྗོངས། ལམི་སྣའི་བྱ་འགུལ་བྱེད་ཚུལ་བཅས་ཚིག་ལྷུག་ཡིན་པ་དང་། མི་སྣས་གཏམ་གླེང་བྱས་པ་སྟེ་ཕན་ཚུན་ལ་གླུ་བླངས་པ་དེ་ཚིགས་བཅད་ཀྱིས་གྲངས་ཀ་མང་དུ་ཟིན་པ་རེད། གླིང་སྒྲུང་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་རྣམས་ཀྱིས་གྲངས་ཀ་བླངས་པ་ལྟར་ན། ད་ལྟ་གླིང་སྒྲུང་ལ་རྣམ་གྲངས་མི་འདྲ་བ་བརྒྱ་ལྷག་ཅིག་ཡོད་པ་དེ་དག་གི་ཚིགས་བཅད་ཕྱོགས་གཅིག་ཏུ་སྡོམ་ན་ཚིག་རྐང་ཁྲི་ཚོ་ཉེར་ལྔ་ལྷག་ཡོད་པར་བཤད། གླིང་སྒྲུང་ལ་གཏམ་བརྗོད་སྙན་ངག་ཅེས་པ་དང་། འཛམ་གླིང་གི་ཆེས་རིང་བའི་དཔའ་བོའི་བྱུང་བ་བརྗོད་པའི་སྙན་རྩོམ་ཟེར་དོན་ཡང་གཙོ་བོ་ཚིགས་བཅད་ཀྱི་རྐང་བ་མང་ཞིང་དེ་དག་ལ་ཚིག་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ་ལ་དམིགས་ནས་བཤད་པར་སྙམ། དེས་ན་གླིང་སྒྲུང་ནང་གི་མི་སྣ་ཕན་ཚུན་ལབ་གླེང་བྱས་པ་ཚིགས་བཅད་དུ་བྱེད་དོན་ཅི་ཡིན་ཞེ་ན། གོང་དུ་བརྗོད་པ་སྟེ་མིའི་རིགས་ཀྱི་སྐད་ཆའི་ཚིག་མ་བྱུང་བའི་སྔོན་ལ་ངག་གི་ང་རོའམ་ཚིགས་མཚམས་ལྡན་པའི་སྒྲ་གདངས་བྱུང་བ་དང་། ཕྱིས་དུ་གདངས་དེ་ལ་ཚིག་སྦྱར་ནས་གདོད་མའི་སྙན་ངག་གམ་གླུ་བྱུང་བའི་གོ་རིམ་ལྟར། གླིང་སྒྲུང་ནང་གི་མི་སྣའི་གཏམ་གླེང་ཡང་དབྱངས་རྟར་དྲངས་ནས་ལེན་དགོས་པས། དབྱངས་རྟའི་མཚམས་ཚིགས་དང་མཐུན་པའི་ཚིགས་བཅད་རང་ཤུགས་ཀྱིས་ཐོན་པ་རེད། མི་སྣ་སོ་སོས་གླུ་ལེན་པའི་སྐབས་བབ་དང་ཡིད་ཀྱི་འགྱུར་བ་མི་འདྲ་བས། དབྱངས་རྟ་མི་འདྲ་བ་བྱུང་ལ་དབྱུངས་རྟ་མི་འདྲ་བའི་རྐྱེན་གྱིས། གླུ་ཚིག་སོ་སོའི་ཚེག་བར་ལ་མང་ཆེ་ཞིང་།  བཅུ་ཅན་དང་བཅུ་གཅིག་ཅན་སོགས་ཀྱང་ཡོད་པ་རེད། ཡིན་ནའང་། སྒྲུང་གླུ་ནི་གླུ་ཚིག་གིས་དབྱངས་རྟར་བསྟུན་དགོས་པ་དང་གླུ་གཅིག་དབྱངས་རྟ་གཅིག་གིས་རྫོགས་པར་ལེན་དགོས་པས།  གླུ་ཚིག་གཅིག་གི་ཚིག་རྐང་སོ་སོའི་ཚེག་བར་དོ་མཉམ་པ་ཞིག་ཡིན་དགོས་པ་ལས། སྙན་ངག་ལྟར་ཤོ་ལོ་ཀ་རེ་ཚེག་ཁྱིམ་མི་འདྲ་བ་རེ་བྱས་གམི་ཆོག་པ་རེད། སྐབས་འགར་སྒྲུང་དེབ་ཏུ་དེ་འདྲའི་གནས་ཚུལ་རེ་གཉིས་ཙམ་སྣང་བ་ནི་སྒྲུང་དག་སྒྲིག་བྱེད་མཁན་རྣམ་པས་སྒྲུང་གླུའི་དབྱངས་རྟར་དོ་སྣང་མ་མཛད་པ་ལས་བྱུང་བའི་སྐྱོན་རེད། དེའང་དབྱངས་སུ་གྱེར་ནས་ལེན་དུས་ཚེག་ཁྱིམ་སྣོན་འཕྲི་བྱས་ནས་དོ་མཉམ་པར་ལེན་དགོས།  དེ་ནི་སྒྲུང་གླུའི་ཚོད་འཛིན་རང་བཞིན་རེད། སྒྲུང་གླུའི་དབྱངས་རྟའི་རིང་ཐུང་དང་འགྱུར་ཁུགས་སོགས་མི་འདྲ་བའི་དབང་གིས། གླུ་ཚིག་སོ་སོའི་ཚེག་བར་གྱི་གཅོད་མཚམས་ཀྱང་མི་འདྲ་བ་རེད། ཚེག་བར་བདུན་མ་མང་ཆེ་བ་ཚེག་བར་ཆ་གསུམ་གྱི་མཇུག་ཏུ་ཡང་གཅིག་བྱས་ནས་གྱེར་དགོས་པ་སྟེ། དཔེར་ན།

ས་འདི་ས་ངོ་མ་ཤེས་ན།།

མཚལ་དམར་ལུང་བའི་སུམ་མདོ་ཟེར།།

ཞེས་པ་ལྟ་བུ་དང་། ཚེག་བར་བརྒྱད་ཅན་ཡིན་ན་ཕལ་ཆེ་ད་ཚེག་བར་ཡ་གཅིག་གི་རྗེས་སུ་ཆ་གསུམ་དང་། སླར་ཡང་ཡ་གཅིག་བཅས་བྱས་ནས་གྱེར་དགོས་པ་སྟེ།

རྩྭ་རྩི་ཐོག་བཟང་བོ་སྨན་གྱི་འབུ།།

ཆབ་ཆུ་བོ་ནུས་ལྡན་ཆང་གི་དྲི།།

ཞེས་པས་མཚོན། ཚེག་བར་བཅུ་ཅན་ནི་ཚེག་བར་ཡ་གཅིག་གི་རྗེས་སུ་ཆ་གསུམ། དེའི་རྗེས་ཡང་ཡ་གཅིག   མཇུག་མཐར་ཡང་ཆ་གཅིག་བཅས་བྱས་ནས་གྱེར་དགོས་པ་རེད།

དཔེར་ན།

ཁོ་མ་ངན་འགོག་ཚའི་ཇོ་རུ་དེ་ཁྲུང་ཁྲུང་།

ཁོ་མ་བུ་ལྷན་ཅིག་ཟུར་ཕུད་བྱས་ཁྲུང་ཁྲུང་།།

ཞེས་པ་ལྟ་བུ་རེད། ཚེག་ཁྱིམ་གྱི་མང་ཉུང་འདྲ་ཡང་གཅོད་མཚམས་མི་འདྲ་བའང་པ་རེད། དཔེར་ན། 《བདུད་འདུལ》ལས།

སྨན་མེ་བཟའ་ཨ་འབུམ་བཙན་ཕྲོགས་བྱས་ནི་ཤང་ཤང་།།

རྗེས་ར་མདའ་རྒྱ་རྩོད་ཐོན་རྒྱུ་དེ་ནི་ཤང་ཤང་།།

ཞེས་པ་དང་།《ཧོར་གླིང་གཡུལ་འགྱེད》(སྟོད)ལས།

ལྕང་དཀར་གསེབ་ན་བྱེའུ་ཆུང་འབེན་ན་མ་ཁྲུང་ཁྲུང་།།

སྣང་བ་བདེ་བའི་ངང་ལ་འཁྱམས་ན་མ་ཁྲུང་ཁྲུང་།།

ཞེས་པ་གཉིས་ལ་མཚོན་ན། ཚིག་རྐང་རེ་ཚེག་བར་བཅུ་གཅིག་རེ་ཡིན་པ་འདྲ་རུང་། སྔ་མ་དེ་ཚེག་བར་ཡ་གཅིག་གི་རྗེས་སུ་ཆ་བཞི་བྱས་ནས་གྱེར་དགོས་པ་དང་། རྗེས་མ་དེ་ཚེག་བར་ཆ་ཅན་གསུམ་གྱི་རྗེས་སུ་ཡ་ཅན་གཅིག   སླར་ཡང་ཆ་ཅན་གཉིས་བཅས་བྱས་ནས་གྱེར་དགོས་པ་ལྟ་བུ་རེད།

གཞན་དུ་ན། གླིང་སྒྲུང་གི་གླུ་དེ་ཚིགས་བཅད་ཡིན་ཡང་། སྤྱིར་བཏང་གི་སྙན་ངག་དང་མི་འདྲ་ས་ནི་དེའི་ལུས་ལ་ཤོ་ལོ་ཀ་དང་བྱ་ཚིག་མང་ཉུང་། བརྗོད་བྱའི་དོན་བཅས་ཀྱིས་ཚོད་འཛིན་མེད་པར་རང་གིས་བརྗོད་པར་འདོད་པའི་དོན་དེ་ཚིགས་བཅད་ཀྱི་ལམ་ནས་གཅིག་རྗེས་གཅིག་ལ་ལྷུགས་པོར་བརྗོད་ཆོག་པ་རེད། དེ་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་གླུའི་རང་མོས་ཀྱི་ཕྱོགས།

མདོར་ན། སྒྲུང་གླུ་ཚང་མ་ཚིགས་བཅད་ཡིན་ཞིང་དབྱངས་སུ་གྱེར་ནས་ལེན་པ་དེས་སྒྲུང་སྒྲིག་པ་པོ་དང་འཆད་པ་པོ། ཉན་པ་པོ་བཅས་ལ་སྟབས་བདེ་བཟོས་ཤིང་། གླིང་གེ་སར་རྒྱལ་པོའི་སྒྲུང་ཇེ་མང་དུ་འཕེལ་བ་དང་འཛིན་མའི་ཁྱོན་ལ་ཁྱབ་པའི་རྒྱུ་རྐྱེན་གཙོ་བོར་ཡང་གྱུར་པ་རེད།

1_2 སྒྲུང་གླུའི་རྒྱན།

གླིང་སྒྲུང་ལ་བོད་རིགས་ཕོ་མོ་རྒན་གཞོན་ཚང་མ་བལྟ་བར་དགའ་ཞིང་ཉན་པར་སྤྲོ་བ་དང་། འཛམ་གླིང་གི་མི་རིགས་གཞན་རྣམས་ཀྱི་ཡིད་ཀྱི་སྤྲོ་བའམ་ཀུན་ནས་འགུགས་ཐུབ་པའི་རྒྱུ་རྐྱེན་ནི། དེ་ལ་བརྗོད་བྱའི་ནང་དོན་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཕུད། གོ་དཀའ་བའི་མངོན་བརྗོད་དང་བརྡ་རྙིང་མང་བོ་འདྲེས་མེད་པ་དང་། ཁྱད་པར་དུ་བོད་མི་རིགས་ཀྱི་ཡིད་བྱེད་དང་སེམས་ཁམས། འཚོ་བའི་གོམས་གཤིས། སྐད་ཆའི་ཁྱད་ཆོས་བཅས་དང་མཐུན་པའི་ཚིག་རྒྱན་སྣ་ཚོགས་ཀྱིས་རྒྱལ་པོའི་སྲས་མོ་རྒྱན་གྱིས་སྤྲས་པ་དང་རྨ་བྱ་སྔོན་མོ་སྒྲོ་ཡིས་བརྒྱན་པ་ལྟར་ཚིག་གི་ཕྲེང་བ་ཀུན་ནས་མཛེས་པར་བྱས་པ་དེ་རེད། དེ་ཡང་མདོར་བསྡུས་ན་རིགས་མི་འདྲ་བ་གཉིས་སུ་འདུས་པ་སྟེ།

(གཅིག)བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་གྱིས་སྤྲས་པ། འདིར་ཐུན་མོང་མ་ཡིན་པའི་རྒྱན་ཟེར་བ་ནི《མེ་ལོང་མ》ལས་དངོས་སུ་མ་བསྟན་པའི་སྒྲུང་གླུ་མཛེས་པར་སྤྲས་པའི་རྒྱན་གཙོ་བོའི་གྲས་ལ་བྱ།

དཔེར་ན།

《སྟག་གཟུག་ནོར་རྫོང》ལས།

①  ད་ཙམ་རང་ཚོད་བཟུང་དང་དགའ།།

རྟ་མགྱོགས་པས་མགྱོགས་ཚོད་མ་ཟིན་ན།།

བང་སྣེ་རྡོ་ལ་ཐུག་རབ་གདའ།།

②  སེང་དཀར་མོས་འགྱིང་ཚོད་མ་ཟིན་ན།།

སྡེར་བཞི་གངས་ལ་ཟུག་རབ་ཡོད།།

③ སྟག་དམར་ཡག་ངར་ཚོད་མ་ཟིན་ན།།

འཛུམ་དྲུག་མི་ལ་ཤོར་དོགས་ཡོད།།

④ སྤྲང་པོས་བཀྲུ་ཚད་མ་ཟིན་ན།།

ཉ་རྐང་ཁྱི་ཁ་ཤོར་ལེ་ཡོད།།

འཇང་ཕྲུག་དཔའ་ཚོད་མ་ཟིན་ན།།

མགོ་སྟོད་ཀླད་རྒྱ་འཐོར་ལེ་འོང་།།

ཞེས་པ་ལྟ་བུར་མཚོན་ན། དཔེ་ཅན་འཇང་ཕྲུག་དཔའ་ཚོད་མ་ཟིན་ན། མགོ་སྟོད་ཀླད་རྒྱ་མཐོར་ལེ་འོང་ཞེས་པར་མཚོན་བྱེད་ཀྱི་དཔེ་བཞི་བཀོད་ཡོད་པ་རེད། ཚིག་སྦྱོར་འདིར་དོན་གྱི་ངོས་ནས་བལྟས་ན་དཔེ་མང་བོ་ཞིག་ཚིག་ལྷག་ཙམ་དུ་སྣང་ཡང་། སྒྱུ་རྩལ་གྱི་ངོས་ནས་བལྟས་ན། ངོ་བོ་མི་འདྲ་བའི་དཔེ་རྣམ་པ་བཞི་བཀོད་པ་དེས་བརྗོད་བྱའི་དོན་དེ་གསོན་ཉམས་ལྡན་པའི་གཟུགས་བརྙན་སྣ་ཚོགས་སུ་བཀོད་ནས་འབུར་དུ་བཏོད་པས། དུས་ཡུན་རིང་བོ་ཞིག་ལ་ཡིད་ཀྱི་མེ་ལོང་དུ་ཡལ་བ་མེད་པར་གསལ་ལེར་གནས་པ་རེད།   གལ་ཏེ་རྗོད་བྱེད་ཀྱི་དཔེ་གསུམ་དོར་ནས།

སྤྲང་བོས་བཀྲུ་ཚད་མ་ཟིན་ན།།

ཉ་རྐང་ཁྱི་ཁ་ཤོར་ལེ་ཡོད།།

འཇང་ཕྲུག་དཔལ་ཚོད་མ་ཟིན་ན།།

མགོ་སྟོད་ཀླད་རྒྱ་འཐོར་ལེ་འོང་།།

ཞེས་བརྗོད་ཚེ། ནང་དོན་ལ་འགྱུར་ལྡོག་ཅི་ཡང་མ་བྱུང་བ་དང་། ཡིག་ཚོགས་ཇེ་ཉུང་དུ་སོང་ཡོད་ཀྱང་། བརྗོད་བྱ་མཚོན་བྱེད་ཀྱི་དཔེའམ་གཟུགས་བརྙན་གསུམ་ཇེ་ཉུང་ལ་སོང་བས། ཚིག་གི་ཉམས་དང་མཚོན་བྱེད་ནུས་པ་རེད། འདིའི་དཔེ་དང་དཔེ་ཅན་གཉིས་ཀྱི་བར་དུ་མཚུངས་པ་གསལ་བྱེད་ཀྱི་སྒྲ་མེད་པས།《མེ་ལོང་མ》ལས་བསྟན་པའི་མང་བའི་དཔེ་དང་མི་འདྲ་ལ། དཔེ་ཅན་གཅིག་ལ་དཔེ་མང་བཀོད་པས་ཟླ་བོ་དངོས་པོའི་དཔེར་ཡང་མི་འགྲོ་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་དཔེ་ཅན་ཞིག་རེད། རྒྱན་འདི་ལ་ལྐོག་གྱུར་གྱི་བརྗོད་དོན་དེ་དངོས་ཡོད་ཀྱི་གཟུགས་བརྙན་སྣ་ཚོགས་སུ་འགོད་པ་དང་། བརྗོད་བྱ་རྙོག་འཛིང་ཅན་གོ་སླ་བོར་གཏོང་བ། བརྗོད་དོན་འབུར་བུ་ཐོན་པའི་སྒོ་ནས་གསལ་བར་སྟོན་པ་བཅས་ཀྱི་ནུས་པ་ལྡན་པས། འདི་སྒྲུང་གླུ་མཛེས་པར་སྤྲས་པའི་ཚིག་རྒྱན་གཙོ་བོ་ཞིག་ཡིན་པར་མ་ཟད། བོད་ཀྱི་དམངས་ཁྲོད་རྩོམ་རིག་མང་ཆེ་བའང་རྒྱན་འདིས་སྤྲས་ཡོད་པ་རེད།

གནའ་མིའི་གཏམ་དཔེ་དང་ངག་རྒྱུན་ལ་བརྟརན་ནས་བརྗོད་བྱའི་དོན་གསལ་བར་བྱེད་པའམ་སྒྲུབ་པ། དཔེར་ན། 《བདུད་འདུལ》ལས།

བློ་ཐེ་ཚོམ་མ་བྱེད་ཚ་བོ་ལགས།།

གནའ་མི་བོད་ཀྱི་གཏམ་དཔེ་ལ།།

གངས་དཀར་པོའི་ཟུར་ན་དར་སེང་གཉིས།།

སེང་གཡུ་རལ་ཅན་གྱིས་གངས་མཐའ་བསྐོར།།

སེང་ཅིག་ཤོས་ཤེལ་དཀར་ལྡིང་ཁང་འཛིན།།

དགུང་ཨ་སྔོན་དཀྱིལ་ན་འབྲུག་ཆུང་གཉིས།།

འབྲུག་གློག་འོད་ཅན་གྱིས་དགུང་མཐའ་བསྐོར།།

ལྷོ་གཡུ་འབྲུག་ཆར་སྤྲིན་རྫོང་རིམ་འཛིན།།

རྫ་མཐོན་པོའི་སྐེད་ན་འབྲོང་ཤར་གཉིས།།

འབྲོང་རུ་དམར་རྫ་རྒྱུད་རིང་བོར་བསྐོར།།

འབྲོང་འབྲི་ཆུང་རྫ་ལུང་ཉིན་སྲིབ་འཛིན།།

བྲག་དམར་བའི་ཐེམ་གྱི་བྱ་རྒོད་གཉིས།།

རྒོད་ཐང་དཀར་ནམ་འཕང་མཐོན་པོ་གཅོད།།

རྒོད་ཐང་སྨུག་བྲག་གི་ཚང་རྫོང་འཛིན།།

ནགས་རྒྱ་རྫོང་ཚལ་གྱི་སྟག་དམར་གཉིས།།

སྟག་དམར་ཡག་གཟན་ལ་ཡུལ་མཐའ་ཉུལ།།

གཟིག་སྟག་མོས་ནགས་རྫོང་ཚང་སྒོ་འཛིན།།

དམའ་རྒྱ་མཚོ་དཀྱིལ་ན་གསེར་ཉ་ཟུང་།།

ཉ་གཤོག་དྲུག་རྩལ་གྱིས་མཚོ་མཐའ་བསྐོར།།

ཉ་ཅིག་ཤོས་གཏིང་ཟབ་མཚོ་འཇིངས་འཛིན།།

དེ་ཟེར་བ་འཇིག་རྟེན་དཔེ་ལ་གྲགས།།

ཡུལ་གླིང་དཀར་སྟོད་ཀྱི་ཡབ་ཡུམ་གཉིས།།

ཡབ་རྒྱལ་པོ་དགྲ་བཞི་འདུལ་ནོ་རེད།།

ཡུམ་བཙུན་མོས་གླིང་ཡུལ་རང་གཞིས་འཛིན།།

སེམས་བློ་ཆུང་སྐྱེས་བུ་ཁྱོད་རང་ཡིན།།

ཞེས་པ་ལྟ་བུར་མཚོན་ན།།

གནམ་ཨ་ནེ་གོང་སྨན་རྒྱལ་མོས་བརྗོད་བྱའི་དོན་ཏེ་གླིང་གི་རྒྱལ་པོ་གེ་སར་ནི་ཕྱོགས་བཞིའི་དགྲ་བཞི་འདུལ་མཁན་ཡིན་པས། བདུད་ཡུལ་ལ་ཕེབས་དགོས་པ་དང་བཙུན་མོ་སེང་ལྕམ་འབྲུག་མོ་ནི་གླིང་གི་གཞིས་འཛིན་ཡིན་པས། ཕྱིར་གླིང་ཡུལ་དུ་ལོག་ནས་རང་གི་གཞིས་འཛིན་དགོས་པ་དེ་གསལ་བར་བྱེད་པའམ་སྒྲུབ་པའི་ཆེད་དུ་ཚིག་གི་རྣམ་པ་དང་ཁྱད་ཆོས་མཚུངས་ཤིང་ནང་དོན་གྱི་ངོས་ནས་རང་སྐྱ་ཐུབ་པའི་གཏམ་དཔེ་དྲུག་དྲངས་ནས་བརྗོད་པ་རེད། མི་རིགས་རང་གི་དུས་ཡུན་རིང་བའི་ལག་ལེན་གྱི་ཉམས་མྱོང་ལས་ཕྱོགས་སྡོམ་བྱས་པའི་གཏམ་དཔེ་དྲངས་ནས་བརྗོད་དོན་བསྒྲུབས་པ་དེས་དོན་གྱི་བདེན་ཚད་ཇེ་མཐོར་བཏང་བར་མ་ཟད། སྒྱུ་རྩལ་གྱི་ནུས་པ་ཇེ་དྲག་ཏུ་གྱུར་པས། ཕ་རོལ་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འགུག་ངེས་རེད། རྒྱན་འདི་ནི་སྒྲུང་གླུའི་མགོ་འཇུག་བར་གསུམ་དུ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་གནས་པའི་ཚིག་རྒྱན་ཕུལ་དུ་བྱུང་བ་ཞིག་རེད།

སྒྲུང་གླུའི་ནང་དུ་རང་གིས་བརྗོད་པར་འདོད་པའི་དངོས་པོ་གང་ཡིན་པ་དེའི་ཁྱད་ཆོས་དང་ཡོན་ཏན་བརྗོད་ཚེ། ཚིག་གི་སྦྱོར་བ་འདྲ་བ་དང་ནང་དོན་ཕལ་ཆེར་མཚུངས་ཤིང་ཉེ་བའི་ཚིག་གི་ཕྲེང་བ་དབུགས་ཐེངས་གཅིག་གིས་འཕྲོ་རིམ་འཕྲོར་བསྟར་ནས་ནན་ཏན་དུ་བརྗོད་པའི་ཚིག་རྒྱན་ཡང་སྤྱད་པ་ཧ་ཅང་མང་བ་རེད། དཔེར་ན།

《བདུད་འདུལ》ལས།

བདུད་ཀླུ་བཙན་སྲོག་གི་གཤེད་མ་ཟེར།།

སྤྱིར་ཕན་བདེ་རྒྱལ་མཚན་འཛུགས་མཁན་ཡིན།།

ཚོགས་དགེ་བའི་ས་བོན་འདེབས་མཁན་ཡིན།།

ལས་སྡིག་པའི་རྩ་བ་འབྱིན་མཁན་ཡིན།།

གླིང་དཀར་པོ་སྐྱོང་བའི་སྐུ་རྗེ་ཡིན།།

བདུད་ལྕགས་ནག་བཞུ་བའི་མེ་དཔུང་ཡིན།།

ཧོར་སྤང་རི་སྲེང་པའི་གློག་ལྕེ་ཡིན།།

འཇང་དུག་མཚོ་སྐམ་པའི་དུས་མེ་ཡིན།།

རྒྱ་ཁེངས་དྲེགས་ནད་འཇོམས་སྨན་མཆོག་ཡིན།།

ལྷའི་བདུད་རྩི་འགུག་པའི་ཟླ་འོད་ཡིན།།

གཞི་དཔའ་རྩལ་ཐོབ་པའི་དགྲ་ལྷ་རེད།།

རྒྱུ་ནོར་བུ་འདྲེན་པའི་དེད་དཔོན་ཡིན།།

ནང་དུག་ལྔ་འཇོམས་པའི་ཡེ་ཤེས་རེད།།

ཕྱི་བདུད་དཔུང་འཇོམས་པའི་ཡེ་ཤེས་རེད།།

མ་འགྲོ་བ་འདྲེན་པའི་སངས་རྒྱས་རེད།།

མ་འགོག་བཟས་བཙས་པའི་ལྷ་སྲས་ཡིན།།

ས་གླིང་དཀར་སྟོད་ཀྱི་རྩེ་རྒྱལ་རེད།།

གླིང་གེ་སར་བུ་དགྲ་འདུལ་ཡིན།།

ཞེས་པ་ལྟ་བུར་མཚོན་ན། གླིང་གེ་སར་རྒྱལ་པོ་དེ་“སྲོག་གི་གཤེད་མ”དང“རྒྱལ་མཚན་འཛུགས་མཁན”“ས་བོན་འདེབས་མཁན”“སྡུག་པའི་རྩ་བ་འབྱིན་མཁན”“སྐུ་རྗེ”“མེ་དཔུང” “གློག་ལྕེ”“བསྐལ་བའི་མེ” “སྨན་མཆོག” “ཟླ་འོད” “དགྲ་ལྷ”

“དེད་དཔོན” “ཡེ་ཤེས”“ཐོ་བ”“སངས་རྒྱས”“ལྷ་སྲས”“རྩེ་རྒྱལ”བཅས་ཀྱི་གཟུགས་སུ་བཀོད་པའི་ཚིག་གི་ཕྲེང་བ་རྣམས་བསྟར་ལ་བརྒྱུས་དེས་གླིང་གེ་སར་རྒྱལ་པོའི་རང་བཞིན་དང་ཁྱད་ཆོས། མཐུ་དང་ཡོན་ཏན་སོགས་སྣང་བརྙན་ལྡན་པའི་སྒོ་ནས་འདྲ་ཞིང་ཚེག་ཁྱིམ་དོ་མཉམ་པས།  དབྱངས་སུ་གྱེར་ཚེ་བརྗིས་ཉམས་དང་དབྱངས་ཉམས་ཀྱང་ལྡན་པ་རེད།

གྲངས་དང་སྦྱར་བའི་རྒྱན་གྱིས་མཛེས་པར་སྤྲས་པ། དཔེར་ན།

《ཧོར་གླིང་གཡུལ་འགྱེད》(སྟོད་ཆ )ལས།

དགྲ་ལྷའི་ཁྲ་ཚང་འབར་བ་ནས། །

སྲིད་པའི་དགྲ་ལྷ་མཆེད་དགུ་ནི།།

དཔའ་སྟོན་དམག་དཔོན་དེ་དང་གཅིག།

མཐུ་ཆེན་དགྲ་འདུལ་དེ་དང་གཉིས།།

སྣང་གྲགས་འབྲུག་འདུལ་དེ་དང་གསུམ།།

དྲག་རྩལ་ཐོག་འབེབས་དེ་དང་ལྔ།།

སྐྱེས་པའི་སྲོག་འདོན་དེ་དང་ལྔ།།

སྣང་བའི་སྲོག་གཅོད་དེ་དང་དྲུག།

སྐྱེས་བུ་རང་ཆས་དེ་དང་བདུན།།

བྱ་ཁྲ་དཀར་པོ་དེ་དང་བརྒྱད།།

དགྲ་སྨན་གཤོག་དཀར་དེ་དང་དགུ།

དེ་རིང་སྐྱེས་བུའི་གྲོགས་ལ་བྱོན།།

ཞེས་པ་ལྟ་བུ་སྟེ། ཚིག་རྐང་རེ་རེའི་མཐའ་རུ་གྲངས་ཀྱི་མིང་གཅིག་ནས་དགུ་བར་བཀོད་པ་དེས་སྲིད་པའི་དགྲ་ལྷ་མཆེད་དགུ་བྱེ་བྲག་ཏུ་གང་དག་ཡིན་པ་གསལ་བོར་བསྟན་པར་མ་ཟད། དེ་དག་གི་གོ་རིམ་གཡང་བསྟན་ཡོད་པས། ཉན་པ་པོའི་ཡིད་ལ་འཛིན་སླ་བའི་ཁྱད་ཆོས་ལྡན་པ་རེད། གལ་ཏེ་གཅིག་སོགས་གྲངས་ལ་མ་སྦྱར་བར་“དཔའ་སྟོན་དམག་དཔོན་དང་། མཐུ་ཆེན་དགྲ་འདུལ་དང”ཞེས་བརྗོད་ན། ནང་དོན་ལ་འགྱུར་ལྡོག་ཅི་ཡང་མེད་ཀྱང་། རྗོད་བྱེད་ཚིག་ལ་སྔ་མ་ལྟ་བུའི་སྒྱུ་རྩལ་གྱི་ནུས་པ་ཞིག་མེད་པ་བློ་ལྡན་རྣམས་ཀྱིས་མཁྱེན་གསལ་རེད། དེ་འདྲ་ཡིན་ཕྱིན། སྒྲུང་གླུའི་ནང་དུ་དོན་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུག་པ་དང་རྣམ་གྲངས་སོ་སོར་འབྱེད་པ་ལ་སོགས་པའི་སྐབས་སུ་རྟག་རུ་གྲངས་དང་སྦྱར་ཡོད་པ་རེད།

ཚིག་རྐང་སོ་སོའི་མཐའ་རུ་རྒྱན་ཚིག་སྣ་ཚོགས་དོ་མཉམ་པར་བཀོན་ནས། བརྗོད་བྱའི་དངོས་པོ་གང་དང་གང་གི་རྣམ་པ་དང་གནས་སྟངས། བྱེད་ལས། རང་བཞིན་སོགས་མཚོན་པར་བྱེད་པ། དཔེར་ན།

རྣོ་གཡུག་འདོད་དམར་ནག་ལམ་མེར་གདའ།།

སྐྱེན་འཕེན་འདོད་མཐེབ་སྐོར་ཁྲིག་གེར་གདའ།།

མགྱོགས་རྒྱུག་འདོད་བང་ཁ་རླུང་གིས་གང་།།

མཚོན་རྣོན་པོ་གཡུག་འདོད་ཁྲིམས་སེ་ཡིན།།

མདའ་འཕེན་འདོད་མཚོན་སྐོར་ཁྲིགས་སེ་ཡོད།།

རྟ་རྒྱུག་འདོད་བང་ཁ་ལིངས་སེ་ཡོད།།

ཞེས་པ་ལྟ་བུར་མཚོན་ན། ཚིག་རྐང་སོ་སོའི་མཐའ་རུ“ལམ་མེ”དང་།“ཁྲིག་གེར”“ཁྲེགས་སེ”“ཤིགས་སེ”“ལིངས་སེ”སོགས་སྡེབ་སྦྱོར་འདྲ་བའི་རྒྱན་ཚིག་དོ་མཉམ་པར་སྦྱར་བ་དེས་མཚོན་གཡུག་པ་དང་མདའ་འཕེན་པར་མདའ་འཕེན་པར་འདོད་པའི་སེམས་ཀྱི་རྣམ་པ་དང་། དཔུང་ཚོགས་ཀྱི་ཁྱད་ཆོས། རྟ་འདོ་བའི་བང་ཁའི་རྣམ་པ་སོགས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་པ་དང་།

དཔའ་སྙིང་མེད་འཕྲུ་ནག་པུ་རུ་རུ།།

རྟ་མི་འགྲོ་ལྕག་ཤད་ཚུབས་སེ་ཚུབ།།

རྐང་མི་སྡོད་ཡོབ་བྲདུང་ཁྲ་ལ་ལ།།

མདའ་མོ་མི་ཟིན་གེ་རེ་རེ།།

གཞུ་དཀར་མི་ཟིན་སེ་ལི་ལི།།

ཞེས་པར་མཚོན་ན། “པུ་རི་རི” “ཁྲ་ལ་ལ”“གེ་རེ་རེ” “སེ་ལི་ལི”བཅས་ཚིག་རྐང་སོ་སོའི་མཐའ་རུ་དོ་མཉམ་པར་བཀོད་པ་དེས་སྙིང་ཆུང་སྡར་མའི་དར་འཕྲུ་གཡོ་སྟངས་དང་ཡོབ་རྡུང་བའི་སྒྲའི་ཁྱད་ཆོས། མདའ་དང་གཞུ་མོ་མོ་ཟིན་པའི་ངང་ཚུལ་བཅས་མིག་དང་རྣ་བའི་ལམ་དུ་དངོས་སུ་བརྒྱུད་པ་ལྟར་གསལ་བོར་བསྟན་ཡོད་པ་རེད།

ཡང་། སེང་ཆེན་གེ་སར་རྒྱལ་པོ་ཁོང་།

སྨུག་པོ་དུང་གུ་སོ་ཞོ་ཅན།།

ཡང་སྨུག་བྱུ་རུའི་མིག་རྩ་ཅན།།

དར་འཕྲུ་གར་སྟབས་ཤིག་སེ་ཤིག།

རྒོད་འཕྲུ་གར་སྟབས་ཤིག་སེ་ཤིག།

ཐོག་ཐུབ་བྱང་འོད་ལམ་སེ་ལམ།།

རྐྱང་རྒོད་འགྲོས་སྐོར་འཁྱིལ་ལི་ལི།།

ཞེས་པ་ལྟ་བུར་མཚོན་ན། ཚིག་རྐང་སོ་སོའི་མཐའ་རུ“ཤིག་སེ་ཤིག” “ལྡེམ་སེ་ལྡེམ” “ལམ་སེ་ལམ”སོགས་སྡེབ་སྦྱོར་མཉམ་པའི་རྒྱན་ཚིག་དག་ཕན་ཚུན་ཆ་འགྲིག་པར་བཀོད་ནས། གླིང་རྗེ་གེ་སར་རྒྱལ་པོའི་དར་འཕྲུའི་གཡོ་སྟབས་དང་ཐོག་ཐུའི་འོད་ཀྱི་རྣམ་པ་མིག་ལམ་དུ་ཤར་བ་ཞིག་བསྟན་པ་རེད།

གོང་གི་རྒྱན་ཚིག་རྣམ་པ་གསུམ་ལས་དང་པོ་ནི་རྗེས་འཇུག་རང་འདྲར་དབྱངས་ཨེ་སྦྱར་བ་ལས་གྲུབ་པ། གཉིས་པ་ནི་དབྱངས་ངེས་པའམ་གསལ་བྱེད་བཟླས་པ་ལས་གྲུབ་པ། གསུམ་པ་ནི་སེ་ཞེས་པའི་ཡི་གེར་བསྐོར་བ་ལས་གྲུབ་པས། དེ་དག་དང་སྡེབ་པའི་ཚིག་གི་ཕྲེང་བར་བརྗོད་བྱའི་དོན་གསལ་བོར་སྟོན་པའི་ནུས་པ་ལྡན་པར་མ་ཟད། དབྱངས་ཀྱི་ཉམས་ཀྱང་ལྡན་པས་གྱེར་མཁན་གྱི་ལྕེར་བདེ་ཞིང་ཉན་མཁན་གྱི་རྣམ་ཧ་ཅང་སྙན་པ་ཞིག་རེད།

ཚིག་གི་མཐའ་རུ་བྱ་ཚིག་བཟླས་པ་དེར་ཡང་བརྗོད་པ་དེར་ཡང་བརྗོད་བྱའི་དོན་གསལ་བར་བྱེད་པ་དང་ཚིག་གི་ཕྲེང་བ་མཛེས་པར་བྱེད་པའི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཡོད་པ་སྟེ།

ཆས་ཟེར་ན་ཁྲག་མཚོ་ཁོལ་ཁོལ་རེད།།

དཔུང་མང་བོ་མེ་རི་ཆད་ཆད་རེད།།

ཕོ་རྒོད་བསམ་ཁ་ཕོ་ཐམ་ཐམ་གདའ།།

ལས་དགྲ་དང་སྲོག་དམར་འཐབ་ཙ་ན།།

ཧོར་སེར་པོ་བྱེའུ་ཁྱུ་འཕུར་འཕུར་རེད།།

གླིང་དཀར་པོ་ཁྲ་ཕྲུག་བཅུམ་བཅུམ་ཡིན།།

སྦྱང་དར་མས་ལུག་ཁྱུ་གང་གཏོར་ཡིན།།

ཧོར་སེར་བོ་ཐོ་རུ་གང་གཏོར་ཡིན།།

ང་ཨ་དོམ་ཆུ་ཐོག་འབབ་འབབ་ཡིན།།

ཞེས་པའི་ཚིག་རྐང་སོ་སོའི་མཐའ་འམ་དཔེ་དཔེ་ཅན་གཉིས་ཀྱི་རྗེས་སུ“ཁོལ” “ཆད”“འཕུར”སོགས་པའི་བྱ་ཚིག་བཟླས་ནས།  ཁོལ་ཁོལ་རེད། ཆད་ཆད་རེད། ཅེས་བརྗོད་ཚེ།  ཁོལ་འདྲ་རེད།  ཆད་འདྲ་རེད། འཕུར་འདྲ་རེད་ཅེས་པ་ལ་སོགས་པའི་དོན་མཚོན་པས། དེས་དཔེ་དཔེ་ཅན་གཉིས་ཀྱི་ཐུན་མོང་གི་མཚུངས་ཆོས་སྟོན་པ་དང་ཚིག་ལ་བརྗིད་ཉམས་དང་དབྱངས་ཉམས་ཀྱང་ཐོན་པར་བྱས་ཡོད་པ་རེད།

གོང་གསལ་གྱི་ཚིག་རྒྱན་དེ་དག་ནི་བོད་མི་རིགས་ཀྱིས་ལོ་ངོ་ཁྲི་ཕྲག་མང་བོའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་པའི་ཚིག་རྒྱན་ཐུན་མོང་མ་ཡིན་པ་ཁག་ཅིག་རེད། དེས་གླིང་སྒྲུང་མཛེས་པར་བརྒྱན་ཡོད་པར་མ་ཟད། སྔོན་བྱོན་མཁས་ཆར་བཀོད་ཡོད་པ་རྒྱུན་དུ་མཐོང་གསལ་ལྟར་རེད།

(གཉིས)ཐུན་མོང་གི་རྒྱན་ཏེ་མེ་ལོང་མའི་རྗེས་སུ་མཐུན་པའི་རྒྱན་གྱིས་སྤྲས་པ།

ད་ལྟ་པར་སྐྲུན་བྱས་པའི་གླིང་སྒྲུང་ཚང་མ་རྒྱ་གར་གྱི་ཚིག་རྒྱན་རིག་པའི་བསྟན་བཅོས《མེ་ལོང་མ》བོད་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་རྗེས་ཀྱི་མཁས་པ་རྣམས་ཀྱིས་འཚོལ་སྡུད་དམ་དག་སྒྲིག་བྱས་པ་རེད། ལར《མེ་ལོང་མའི》དངོས་བསྟན་གྱི་རྒྱན་མང་ཆེ་བ་ཞིག་མ་གཞི་ནས་བོད་རྒྱ་མི་རིགས་ཐུན་མོང་སྤྱིའི་ཚིག་རྒྱན་ཡིན་ཐོག   སྒྲུང་གླུའི་ནང་དུ《མེ་ལོང་མའི》དངོས་བསྟན་གྱི་རྒྱན་ཡང་ཧ་ཅང་མང་བ་རེད།

《བདུད་འདུལ》ལས།

ཚེ་གྲོགས་འཛམ་གླིང་སེང་ཆེན་ཐོབ།།

དེའི་ཞལ་ངོ་བཅོ་ལྔའི་དུང་ཟླ་འདྲ།།

མཁུར་ཚོའི་དམར་མདངས་བྱུ་རུ་འདྲ།།

སྤྱན་མིག་ཐོ་རངས་སྐར་ཆེན་འདྲ།།

ཞལ་དུང་དོ་མུ་ཏིག་ཕྲེང་བ་འདྲ།།

སྐུ་གཟི་བརྗིད་རི་རབ་ལྷུན་པོ་འདྲ།།

ཐུགས་བྱང་སེམས་རྒྱ་དར་དཀར་བོ་འདྲ།།

གསུང་སྙན་མོ་པི་ཝང་གླིང་བུ་འདྲ།།

ཞེས་པ་ལྟ་བུར་མཚོན་ན།། དཔེ་ཅན་གླིང་གེ་སར་གྱི་ཞལ་ངོ་དང་མཁུར་ཚོས།།

སྤྱན་མིག  ཚེམས་ཕྲེང་།  སྐུ་གཟུགས། ཐུགས་རྒྱུད། ཞལ་གསུང་བཅས་ཀྱི་དཔེ་ལ་སོ་སོར་བཅོ་ལྔའི་དུང་ཟླ་དང་བྱུ་རུ་དམར་པོ། ཐོ་རངས་སྐར་ཆེན། མུ་ཏིག་ཕྲེང་བ། རི་རབ་ལྷུན་པོ། རྒྱ་དར་དཀར་པོ། པི་ཝང་གླིང་བུ་བཅས་དྲངས་ཤིང་མཚུངས་པ་དངོས་སུ་བརྗོད་པའི་ཤུགས་ལ་དེ་དག་སོ་སོའི་མཚུངས་ཆོས་དཀར་པ་དང་དམར་པ། གསལ་བ། དཀར་ཞིང་གྲ་འགྲིག་པ། རྔམ་ཞིང་བརྗིད་པ། སྙན་ཞིང་འཇེབས་པ་སོགས་གོ་ནུས་པར་བྱས་པས། དཔེ་རྒྱན་སོ་ལྔ་ལས་དངོས་དཔེ་ཉིབ་ཡིན་པ་རེད།

《ཧོར་གླིང་གཡུལ་འགྱེད》(སྟོད་ཆ)ལས།

ཞལ་དཀར་བཅོ་ལྔའི་དུང་ཟླ་ལ།།

གནམ་ནག་གཏིང་ནས་འཁྲུགས་ནས་གདའ།།

སྤྱད་མིག་ཐོ་རངས་སྐར་ཆེན་ལ།།

མེ་སྟག་ཟི་ར་འཁོལ་ཞིང་གདའ།།

དུང་སོ་མུ་ཏིག་ཕྲེང་བ་ལ།།

ཁྲག་དམར་སྐེ་རགས་བཅིངས་ནས་གདའ།།

ཀུན་གཞི་རྒྱ་དར་དཀར་པོ་ལ།།

ཞེ་སྡང་མེ་ལྕེ་འབར་ཞིང་གདའ།།

ཞེས་པར་དཔེ་ཅན་ཞལ་དཀར་དང་། དཔེ་བཅོ་ལྔའི་དུང་ཟླ། དཔེ་ཅན་སྤྱན་མིག་དང་དཔེ་ཐོ་རངས་སྐར་ཆེན། དཔེ་ཅན་དུང་སོ་དང་། དཔེ་མུ་ཏིག་ཕྲེང་བ། དཔེ་ཅན་ཀུན་གཞི་དང་། དཔེ་རྒྱ་དར་དཀར་པོ་བཅས་བར་གྱི་འབྲེལ་སྒྲ་བསྡུས་ནས་དཔེ་དང་དཔེ་ཅན་གཉིས་ངོ་བོ་གཅིག་ཏུ་བརྗོད་པས་གཟུགས་རྒྱན་ལས་བསྡུས་པའི་གཟུགས་ཅན་ཡིན་པ་དང་།

ཡང་། གཞན་མའི་ཡུག་དང་མི་འདྲ་དོ་ན་མ་ཁྲུང་ཁྲུང་།།

ཉི་མ་སྡིག་པའི་སྤྲིན་པས་བསྒྲིབས་ན་ཁྲུང་ཁྲུང་།།

ཟླ་བ་མི་དགེའི་མུན་པས་བཏུམས་ན་མ་ཁྲུང་ཁྲུང་།།

སྐར་མ་བདུད་ཀྱི་རླངས་པས་བསྒྲིབས་ན་མ་ཁྲུང་ཁྲུང་།

ཞེས་པར་མཚོན་ན། དཔེ་ཅན་སྡིག་པ་དང་ཞ དཔེ་སྤྲིན་པ།  དཔེ་ཅན་མི་དགེ་དང་། དཔེ་མུན་པ།  དཔེ་ཅན་བདུད་དང་། དཔེ་རླངས་པ་བར་གྱི་འབྲེལ་སྒྲ་མ་བསྡུས་པར་བརྗོད་བྱའི་དོན་ཉིད་དཔེ་གཟུགས་སུ་བཀོད་པས། གཟུགས་རྒྱན་ལས་མ་བསྡུས་པའི་གཟུགས་ཅན་ནོ།

《བདུད་འདུལ》ལས།

ངའི་རིན་ཆེན་གོས་ཚར་ཐུལ་བ་འདི།།

འབྲུག་མོའི་སྲམ་སྨུག་པོ་ཟེར།།

ལུག་ཕོ་ཚར་བརྒྱ་ལ་སྒང་བཟོ་བྱས།།

མོ་ཚར་བརྒྱ་ལ་རྩིབས་བཟོ།།

བྷེ་ཨ་བ་ར་ཡིས་ཆ་ག་བྱས།།

གཟིག་ཐིག་ལེ་ཅན་གྱིས་གོང་བ་བྱས།།།

སྤྱང་ཤ་གཟན་དམར་བོས་སྒྲོག་སྟན་བྱས།།

གཡི་སྤུ་ར་ཅན་གྱིས་སྒྲོག་གུ་བཏགས།།

འདི་དམར་བོ་མེ་ལ་བསྲེག་རྒྱུ་ཡིན།།

ཁྱོད་བཞུགས་ན་གཏན་དུ་འབུལ་རྒྱུ་ཡིན།།

མ་བཞུགས་སྡུག་གི་སྣོན་པ་རེད།།

འདི་དམར་བོ་མེ་ལ་བསྲེག་རྒྱུ་ཡིན།།

ཡང་ན་རྣོན་པོ་མཚོན་གྱིས་གཏུབ།།

མིན་ན་གོརབ་མོ་རྡོ་ཡིས་བརྡུང་།།

ལས་དེ་གསུམ་མིན་པས་བྱེད་ཐབས་མེད།།

གསན་ཨེ་བྱུང་འཛམ་གླིང་གེ་སར་ལགས།།

བློ་སྔོན་ན་དྲན་ན་དགའ་བས་ཟེར།།

འགྱོད་རྗེས་སུ་སྐྱེས་ན་འཕྱིས་པས་ཟེར།།

དེ་ལ་དབྱར་དགུན་འདུན་མ་ཟེར།།

དགེ་སྡིག་གཉིས་ལ་འདུན་མ་གདའ།།

ལས་དཀར་པོས་སྡིག་པའི་འབྲས་བུ་སྦྱངས།།

དམྱལ་བ་བསམས་ནས་དགེ་བ་བསྐུལ།།

དཀར་ནག་མཚམས་ནས་ལམ་སྣ་ཟིན།།

དེ་ལ་དགེ་སྡིག་འདུན་མ་ཟེར།།

ཞེས་པར་ཐོག་མར་འཇིག་རྟེན་བོད་ཀྱི་ས་ཆ་ན་འདུན་མ་ཡོད་ཅེས་བསྒྲུབ་བྱ་བཀོད་རྗེས།   དེ་སྒྲུབ་བྱེད་དུ་གནམ་ས་གཉིས་དང་དབྱར་དགུན་གཉིས་པས།  དགེ་སྡིག་གཉིས་ལ་འདུན་མ་ཇི་ལྟར་བྱུང་ཚུལ་ཞིབ་ཏུ་བཀོད་པས། དོན་གཞན་བཀོད་པའི་རྒྱན་ལས་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པར་གཏོགས་པ་རེད།

《ཧོར་གླིང་གཡུལ་འགྱེད》(སྟོད་ཆ)ལས།

རི་ཐང་དཔོན་མགོ་གཉིས་ནས་ན་མ་ཁྲུང་ཁྲུང་།།

འབུམ་དམག་རེ་རེ་ཁྲིད་ནས་གདའ་ན་མ་ཁྲུང་ཁྲུང་།།

ས་གཞིས་མི་ཁྱག་འཁུན་པ་ཤོར་ན་མ་ཁྲུང་ཁྲུང་།།

གནམ་སྔོན་མོས་མ་ཁེབས་ཡིད་ཐང་ཆད་ན་མ་ཁྲུང་ཁྲུང་།།

ཆབ་ཆུ་བོས་མ་འདང་གྲམ་ཤར་བཟོས་ན་ཁྲུང་ཁྲུང་།།

ཞེས་པར་མཚོན་ན། ས་གཞི་དང་གནམ་སྔོན་པོ་གཉིས་ལ་མི་ཁྱག་པ་དང་ཡིད་ཐང་ཆད་པའི་སེམས་མི་ལྡན་རུང་།ཧོར་མི་འབུམ་ཕྲག་མང་པོ་གླིང་ལ་སླེབས་ནས་ཕྱོགས་ཀུན་ཏུ་ཁྱབ་པའི་ངང་ཚུལ་མཚོན་པར་བྱེད་ཆེད།  དེ་གཉིས་ལྗིད་པ་དང་མ་ཁེབས་པའི་ཚོར་བ་ཡོད་པ་ལྟར་སྒྲོ་བཏགས་ནས་བརྗོད་ཡོད་པས། སེམས་མེད་རབ་རྟོག་གི་རྒྱན་ཡིན་པར་སྙམ།

དམག་འཕྲུ་ཁྲ་ཅན་ལ་བརྒྱ་ཚོ་བཅུ།།

མགོ་ཉུང་རྡོག་འབྲེག་འབྲེག་མི་བྱེད་རི།།

ཧོར་རྐང་ལྕང་ལོ་གཏུབ་གཏུབ་གཅིག།

ཧོར་ཁྲག་ཡུར་ཆུ་འཐེན་འཐེན་གཉིས།

སྒང་སྒང་རོ་ཡིས་ཁེབས་ལེ་གསུམ།།

གཤོང་གཤོང་ཁྲག་གིས་བཀང་ལེ་བཞི།།

རྟ་སྒ་མ་བརྒྱ་ཚོ་བཅུ་བོ་དང་།།

ཁྲབ་རྨོག་བརྒྱ་ཚོ་བཅུ་བོ་དེ།།

ཧོར་དམག་དགུ་བརྒྱ་གོ་དགུ་བོ།།

ངས་ཤ་ཁོག་སྟོང་གི་ཚུལ་ལུ་བྱེད།།

ཤར་ཁྲ་བོ་གླིང་ལ་ཁྱེར་ནད་འགྲོ།།

ཞེས་པ་ལྟ་བུར་མཚོན་ན། རྗོད་བྱེད་ཀྱི་ཚིག་ལ་བརྗིད་ཆགས་ཤིང་ཤོམ་ཆེ་བས་གཟི་བརྗིད་ཀྱི་རྒྱན་གྱི་ཉམས་ཐོན་ཡོད་པ་རེད།ཞ

《བདུད་འདུལ》ལས།

གླིང་སེང་ཆེན་རྒྱལ་པོ་གེ་སར་ལགས།།

ང་འབྲུག་མོས་ཞུ་བ་ཡུད་ཙམ་ཉོན།།

མགོ་གཡས་སྐྲ་མི་འཕར་གོང་གནོན་ལ།།

གཡུ་རིན་ཆེན་དྲུག་དཀར་མིག་གནོན་ལ།།

གཡོན་སྐྲ་མི་འཕར་གོང་གནོན་ལ།།

གཟི་མཆོང་བྱ་དམར་བྱི་མགོ་ཡོད།།

རྒྱབ་སྐྲ་མི་འཕང་གོང་གནོན་ལ།།

གསེར་པ་ཏྲའི་ལན་བུ་ཆ་བརྒྱན་ཡོད།།

མགོ་སྤྱི་གཙུག་མི་འཕར་གོང་གནོན་ལ།།

གསེར་མེ་ཏིག་གླང་ཆེན་འགྱིང་འདྲ་ཡོད།།

བྱུ་རུ་ཤ་བོའི་རྭ་ཅོས་བརྒྱན།།

ཁྱོད་བཞུགས་ན་རང་གི་རྒྱན་ཆ་ཡིན།།

ཞེས་བཀོད་པ་དེས་གླིང་སེང་ལྕམ་འབྲུག་མོའི་རྒྱུ་དང་འབྱོར་བ་ཕལ་བའི་བློ་ཡུལ་ལས་འདས་ཤིང་རྒྱ་ཆེ་བ་མཚོན་ཡོད་པས། འབྱོར་བ་རྒྱ་ཆེ་བའི་རྒྱན་ལ་གཏོགས་སོ།།

《ཧོར་གླིང་ཡུལ་འགྱེད》(སྟོད་ཆ)ལས།

མི་རྒན་ཁྱི་རྒན་རྟ་རྒན་གསུམ།།

བྱས་པ་མེད་དེ་ཀུན་གྱིས་སྡང་།།

ཨ་ཉོག་ཁྱི་གུ་རྟེའུ་ཆུང་གསུམ།།

བྱས་པ་མེད་དེ་ཀུན་གྱིས་བྱམས།།

ཞེས་པ་ལྟ་བུར་མཚོན་ན།།   དཔེ་རྒྱན་སོ་ལྔ་ལས་མཚུངས་སྦྱོར་གྱི་རྒྱན་གྱིས་སྤྲས་ཡོད་པ་སྟེ། མི་རྒན་དང་ཁྱི་རྒན་རྟ་རྒན་གསུམ་ཕྱོགས་ཀུན་ནས་འདྲ་བའི་ངེས་པ་མེད་རུང་།  དེ་དག་ལོ་ལོན་ཚེ་གཞན་ལ་སྡང་བ་སྐྱེད་པའི་ལས་མ་བྱས་ཀྱང་ལུས་ཀྱི་སྟོབས་ཞན་པ་དང་། རྣམ་པ་ཉམས་པ། དབང་བོ་རྟུལ་བ་ལ་སོགས་རང་བྱུང་ཆོས་ཉིད་དེ་རང་ཤུགས་ཀྱིས་མི་གཞན་ལ་སུན་སྣང་དང་སྡང་བ་སྐྱེད་པའི་རྒྱུ་རུ་འགྱུར་བས་ན།།  བྱས་པ་མེད་དེ་ཀུན་གྱིས་སྡང་ཞེས་པའི་སྒྲ་འདྲ་བ་སྦྱར་ནས་མཉམ་དུ་སྨད་པ་རེད། དེས་ན་ཚིག་རྐང་ཐོག་མ་གཉིས་ཀ་སྨད་པའི་མཚུངས་སྦྱོར་དུ་འགྲོ་བ་རེད། དེ་བཞིན་དུ་ཚིག་རྐང་རྗེས་མ་གཉིས་སུ་བསྟན་པའི་བྱིས་པ་དང་ཁྱི་ཕྲུག་རྟེའུ་གསུམ་ཡང་རྣམ་པ་ཀུན་ཏུ་མཚུངས་པའི་ངེས་པ་མེད་རུང་། དེ་དག་ལུས་ཀྱི་ལུས་ཀྱི་བོངས་ཆུང་ཞིང་སྟོབས་ཞན་པ་དང་། ཤེས་པ་ཆང་ལ་སྤྱོད་སྟངས་རྒོད་བྲོ་བ་ཀུན་གྱིས་མཐོང་མ་ཐག་བྱམས་པའི་སེམས་སྐྱེས་པ་བཅས་ཀྱི་ཆ་ནས་འདྲ་བའི་རྐྱེན་གྱིས། བྱས་པ་མེད་པར་ཀུན་གྱིས་བྱམས་ཞེས་པའི་སྒྲ་འདྲ་བའི་རྐྱེན་གྱིས། བྱས་པ་མེད་པར་ཀུན་གྱིས་བྱམས་ཞེས་པའི་སྒྲ་འདྲ་བ་སྦྱར་ཏེ་མཉམ་དུ་བསྟོད་པས་ན་བསྟོད་པའི་མཚུངས་སྦྱོར་གྱི་རྒྱན་དུ་འགྲོ་བ་རེད།

སྤྱི་ཇུས་ལག་གིས་བཟུང་བཟུང་ནས།།

རང་ཇུས་རྩ་བ་གཏོར་ནས་ཐལ།།

བདུད་རྒན་ཆམ་ལ་ཕབ་ན་ཡང་།།

ཧོར་རྒན་དགྲ་ལ་ལངས་ནས་བྱུང་།།

ཕྱིང་སྔོན་བློན་ལ་བཀོལ་ན་ཡང་།།

དཔའ་རྟུལ་ཧོར་ལ་འཕངས་ནས་ཐལ།།

མེ་བཟའ་གྲོགས་ལ་འཕྲོད་ན་ཡང་།།

སེང་ལྕམ་བཙན་པོས་ཕྲོགས་ནས་ཐལ།།

བདུད་སྡེ་འབངས་ལ་བཀོད་ཞན་འདྲ།།

གླིང་པ་སྟོད་ཁུངས་ཡལ་ནས་ཐལ།།

ཇ་མཁར་རྩེ་ནས་བཤིག་ནས་ཐལ།།

ཞེས་པ་ལྟ་བུར་མཚོན་ན། སྤྱི་ཇུས་བཟུང་ཡང་རང་ཇུས་ཤོར་བ་སོགས་གཞི་ཐ་དད་པའི་བྱ་བ་འགལ་བ་དྲུག་མཉམ་དུ་ཚོགས་པར་སྟོན་པས་ན་འགལ་བའི་རྒྱན་ལས་བྱ་བ་འགལ་བའི་རྒྱན་ཡིན་པར་སྙམ།

ཆོས་དཀར་པོ་མི་འགྲུབ་མི་ལུས་ལས།།

ལས་དགེ་སྡིག་མི་ཤེས་དུས་འགྲོ་དགའ།།

དགུང་ཆར་ཆུ་མི་ཁོག་སྦྲ་གུར་ལས།།

ཐང་སྤང་ལྗོངས་སྟེང་གི་རྫི་བོ་སྐྱིད།།

ཁྲལ་འཇལ་མང་པོའི་ཕྱུག་པོ་ལས།།

སྡེ་མགོ་མི་ནོན་དཔོན་པོ་ལས།།

སེམས་ཁུར་མེད་པའི་འབངས་མི་སྐྱིད།།

ཞེས་པ་ནི། སྤྱིར་དཔེ་རྒྱན་གྱིས་སྤུད་པའི་གཏམ་དཔེ་ཁ་ཚང་ཞིག་ཡིན་ཏེ།  ཚིག་རྐང་དང་པོ་ནས་དྲུག་པའི་བར་ནི་དཔེ་དང་། ཚིག་རྐང་རྗེས་མ་གཉིས་དཔེ་ཅན་ཡིན་ཡང་། དཔེ་དཔེ་ཅན་སོ་སོའི་ངོས་ནས་བལྟས་ན་སྐབས་མིན་བསྟོད་པའི་རྒྱན་ཉིད་དུ་འགྲོ་བ་རེད། དཔེར་ན། ཆོས་དཀར་པོ་མི་འགྲུབ་མི་ལུས་ལས།། ལས་དགེ་སྡིག་མི་ཤེས་དུད་འགྲོ་དགའ།། ཞེས་པར་མཚོན་ན།  སྤྱིར་ལས་དགེ་སྡིག་མི་ཤེས་པའི་དུད་འགྲོ་ནི་བསྟོད་པའི་ཡུལ་མིན་རུང་། དལ་འབྱོར་མི་ལུས་བླངས་ནས་ཆོས་དཀར་པོ་བསྒྲུབ་མ་ཐུབ་ན་སྙིང་བོ་མེད་པར་སྙམ་པའི་རྒྱུ་ལ་བརྟེན་ནས། བསྟོད་མི་འོས་པའི་དུད་འགྲོ་ལ་སྐོར་ཐབས་ཀྱིས་བསྟོད་པ་ལྟ་བུ་རེད། དེ་བཞིན་དུ་དཔེ་གཞན་པ་དང་དཔེ་ཅན་ཡང་རྒྱན་འདི་ལས་མ་འདས་པརེད།

དེ་ནས་འཁོར་བ་མ་སྟོང་བར།།

སེམས་ཅན་འགྲོ་དོན་དཀར་པོ་ལ།།

ཞལ་ལུའི་རྣམ་ཐར་གླེང་བར་ཤོག།

སེང་ཆེན་རྒྱལ་པོའི་གསུང་དབྱངས་ལ།།

ཕྱོགས་མེད་དད་པ་འཁྲུངས་པར་ཤོག།

རྣམ་ཐར་གླུ་འདི་སུས་འཛིན་ལ།

ཆོས་སྐྱོང་སྲུང་མས་མགོན་སྐྱབས་མཛོད།།

མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ།།

བདེ་སྐྱིད་བསྟན་པ་དར་བར་ཤོག །

ཡངས་པའི་རྒྱལ་ཁམས་མ་ལུས་ལ།།

བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག །

ཞེས་པར་རང་གིས་མངོན་པར་འདོད་པའི་དོན་དེ་བསྲུང་བའམ། བདེ་བླག་ཏུ་འགྲུབ་ཕྱིར་བར་ཆད་སོགས་མེད་པར་སྨོན་པ་སྟེ་ཤིས་པར་བརྗོད་པས་ཤིས་བརྗོད་ཀྱི་རྒྱན་ཉིད་ཡིན་ནོ།།

《བདུད་འདུལ》ལས།

ཕོ་ང་དང་ང་ངོ་མ་ཤེས་ན།།

རོང་ལྷ་དཀར་པོའི་མར་གཤམ་ན།།

རོང་ཡུལ་མཐིལ་གཤོང་གཡས་ཟུར་ན།།

རོང་རྗེ་ཨ་ནུ་སེང་ཕྲན་ཡིན།།

ཞེས་པར་མཚོན་ན།།  རྐང་བ་སོ་སོའི་ཐོག་མ་ན་རོང་ཞེས་པའི་ཐོག་མའི་ཟུང་ལྡན་གྱི་བར་ཆོད་པས། རྐང་བའི་ཐོག་མ་ན་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་རེད།

ཕོ་ང་དང་ང་ངོ་མ་ཤེས་ན།།

ཡུལ་གླིང་དཀར་སྟོད་ཀྱི་ས་ཆ་ན།།

ཆུ་རབ་ཆེན་བཞི་ཡི་འདུས་མདོ་ལ།།

འབྲུག་ལྷང་ལྷང་སྐད་ཆེན་ལྡིར་ས་ན།།

སྙན་ལྷང་ལྷང་ཁུ་བྱུག་གྲགས་ས་ན།།

བྱིའུ་ལྷང་ལྷང་ཅོ་ཀ་འགྱུར་ས་ན།།  

གཞི་བདེ་མཆོག་ནོར་བུའི་ཕོ་བྲང་ནས།།

དབྱིག་གྲུ་བཞི་སེང་ཁྲི་གནོན་པའི་དཔོན།།

ང་སེང་ཆེན་དགྲ་འདུལ་གེ་སར་ཡིན།།

ཞེས་པ་ནི། རྐང་བའི་དབུས་ཀྱི་ལྷང་། ལྷང་ཞེས་པའི་ཟུང་ལྡན་གྱི་ཐོག་མཐའ་གཉིས་སུ་བར་ཆོད་ཅིང་།  ལྷང་ལྷང་ཞེས་པའི་ཟུང་ལྡན་རང་གི་བར་མ་ཆོད་པས། རྐང་བའི་དབུས་ན་ཡོད་པ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་རེད།

《ཧོར་གླིང་གཡུལ་འགྱེད》(སྨད་ཆ)ལས།

ཇ་འདེབས་རྒྱུ་མ་ཉུང་ཇ་མཚོ།།

ཇ་ངན་ན་ཇ་མ་ཁྲིམས་ལ་སྦྱོར།།

ཆུ་ལེན་རྒྱུ་མ་ཉུང་ཆུ་ལེན་ཚོ།།

ཤིང་འཐུ་རྒྱུ་མ་ཉུང་ཤིང་འཐུ་ཚོ།།

ཤིང་ཆད་ན་ཤིང་འཐུ་ཁྲིམས་ལ་སྦྱོར།།

དེ་རྒྱལ་པོ་ངེད་ཀྱི་བཀའ་ལུང་ཡིན།།

ཞེས་པར་རྐང་བའི་ཐོག་དང་བར་གྱི་ཇ་དང་ཆུ། ཤིང་ཞེས་པའི་ཟུང་ལྡན་གྱི་བར་ཆོད་པས། རྐང་བའི་ཐོག་མ་དང་དབུས་བར་ཆོད་པའི་ཟུང་ལྡན་རེད།

15《ཧོར་གླིང་གཡུལ་འགྱེད》(སྟོད་ཆ)ལས།

ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན།།

བར་མཁྱེན་བར་ཐེལ་ནག་པོ་མཁྱེན།།

བར་མཁྱེན་ས་ཐེལ་ནག་པོ་མཁྱེན།།

ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན།།

རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན།།

གཉིས་མེད་མར་མི་ཚེ་འབར་མཁྱེན།།

གཟིམ་མེད་མར་མེ་ཚེ་འབར་མཁྱེན།།

དེ་བས་ཡན་ལ་འདི་མཆོད་མེད།།

ཅེས་པ་ལྟ་བུར་མཚོན་ན།།

ཚིག་རྐང་ཐོག་མ་གསུམ་གྱི་བར་དང་མཐའ་གཉིས་སུ་མཁྱེན་ཞེས་པའི་ཟུང་ལྡན་གྱི་བར་ཆོད་པས། རྐང་བའི་བར་དང་མཐའ་ན་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་ཡིན་ཞིང་། རྐང་བ་རྗེས་མ་རྣམས་ཀྱི་མཐའ་ན་མཁྱེན་ཞེས་པའི་ཟུང་ལྡན་གྱི་བར་ཆོད་པས། རྐང་བའི་མཐའ་ན་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་དུ་འགྲོ་བ་རེད།

《ཧོར་གླིང་གཡུལ་འགྱེད》(སྨད་ཆ)ལས།

དཀར་པོས་དཀར་པོ་རྒྱན་ནི་བོ།།

སེང་གེ་དཀར་མོས་གངས་རི་བརྒྱན།།

སྔོན་པོས་སྔོན་པོ་རྒྱན་ནི་བོ།།

གཡུ་འབྲུག་སྔོན་མོས་ནམ་མཁའ་བརྒྱན།།

སྨུག་པོས་སྨུག་པི་རྒྱན་ནི་བོ།།

བྲེ་སེར་འབྲོང་གིས་རྫ་རི་བརྒྱན།།

མཐོན་པོས་མཐོན་པོ་རྒྱན་ནི་བོ།།

ཐང་དཀར་རྒོད་ཀྱིས་བྲག་རི་བརྒྱན།།

ཡག་པས་ཡག་པོ་རྒྱན་ནི་བོ།།

མེ་ཏོག་ཁྲ་མོས་སྤང་རི་བརྒྱན།།

རྒྱལ་པོས་རྒྱལ་པོ་རྒྱན་ནི་བོ།།

གུར་དཀར་རྒྱལ་པོས་ཧོར་རུ་བརྒྱན།།

ཞེས་པར་མཚོན་ན།  རྐང་བའི་ཐོག་མ་ན་ཡོད་པའི་དཀར་པོ།  དཀར་པོ། སྔོན་པོ་སོགས་ཟུང་ལྡན་གྱི་བར་མ་ཆོད་པས། རྐང་བའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན་རེད།

《སྟག་གཟིག་ནོར་རྫོང》དུ།།

ཕ་བླ་མ་བསྟོད་བསྟོད་ཆོས་ཀྱིས་བསྟོད།།

ཆོས་ཟབ་མོའི་གདམས་ངག་མ་རྟོགས་ན།།

ཆོས་མེད་ངང་བ་སེར་བོ་འདྲ།།

སྟག་ཤར་བ་བསྟོད་བསྟོད་བགྲ་ཡིས་བསྟོད།།

དགྲ་མ་ཐུབ་དཔུང་རྒོད་མ་བཏུལ་ན།།

སྐེད་འཁོར་གསུམ་ལ་ཁའི་ཚེར་ཕུང་འདྲ།།

སྨད་བུ་མོ་བསྟོད་བསྟོད་ལས་ཀས་བསྟོད།།

གནས་ཁྲ་མོའི་ཡོ་བྱད་མ་ནུས་ན།།

ཞེས་པར་མཚོན་ན། རྐང་བའི་དབུས་དང་མཐའ་ན་ཡོད་པའི་བསྟོད་ཅེས་པའི་ཟུང་ལྡན་གྱི་བར་ཆོད་དང་མ་ཆོད་པར་ཡོད་པས།  རྐང་བའི་བར་དང་མཐའ་ན་ཡོད་པ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་ལ་འགྲོ་བ་ལྟ་བུ་རེད།

གླིང་གེ་སར་རྒྱལ་པོའི་སྒྲུང་གླུའི་ནང་དུ་བོད་ཀྱི་སྐད་ལ་རྒྱུགས་ཆེ་བའི《སྙན་ངག་མེ་ལོང》གི་དངོས་བསྟན་གྱི་རྒྱན་གྱིས་སྤྲས་པའི་ཚིག་སྦྱོར་འདི་དང་དང་འདི་འདྲ་བ་གྲངས་ལས་འདས་པ་ཞིག་ཡོད་ཀྱང་། འདིར་ཚང་མ་དྲངས་ན་ཡིག་ཚོགས་མང་འགྲོ་བས། རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ།

མདོར་ན།  གླིང་སྒྲུང་ནི་བོད་མི་རིགས་ཐུན་མོང་གིས་རང་གི་ཡུལ་དུ་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ས་བོན་དུ་བྱས་ནས་གསར་སྐྲུན་མཛད་པ་དེ་རིག་པའི་གནས་ལ་གོམ་ཁ་ཡང་བའི་སྐྱེ་བོ་རྣམས་ཀྱིས་ཡི་གེར་བཀོད་པ་ཡིན་པས།  གནའ་བོའི་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས།  དཔལ་འབྱོར་གྱི་འཚོ་བ།  ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་རྨོངས་དད་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན་པར་མ་ཟད།  བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་ཁྱད་པར་དུ་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱི་སློབ་དཔོན་ཚད་ལྡན་ཞིག་ཡིན་པས། བོད་ཀྱི་རྩོམ་རིག་དང་ཚིག་རྒྱན་རིག་པ་འཕེལ་རྒྱས་དང་ཕུན་སུམ་ཚོགས་པོར་གཏོང་ན། རིག་པའི་གཏེར་དུ་གྲུབ་པའི་སློབ་དཔོན་ཆེན་པོ་འདིར་བསྟེན་དགོས་ཤིང་།  འདི་ལས་འཕྲོས་པའི་ལེགས་བཤད་ཀྱི་རྒྱུན་སྐྱོང་ཞིང་སྤེལ་རྒྱུ་ནི་བོད་རང་གི་ཁྱད་ཆོས་ལྡན་གཏོང་བའི་ཐབས་དམ་པ་ཞིག་ཡིན་པར་ངེས།།

2 སྔོན་བྱུང་གི་གཏམ་དང་རྩོམ་རིག་སོགས་གླིང་སྒྲུང་གི་རྗོད་བྱེད་དུ་གྱུར་པའི་གནས་ཚུལ་དང་དགོས་པ།

གླིང་སྒྲུང་གི་བརྗོད་བྱའི་ནང་དོན་ལས་ཁག་ཅིག་ནི་གླིང་གེ་སར་རྒྱལ་པོའི་མཛད་རྗེས་དངོས་གཞིར་བཟུང་ནས་གསར་རྩོམ་བྱས་པ་དང་། ཁག་ཅིག་ནི་གླིང་སྒྲུང་འཆད་ཉན་དང་གསར་རྩོམ་བྱེད་པའི་དུས་ཡུན་རིང་བོའི་ནང་དུ་བོད་མི་རིགས་ཀྱིས་རང་རང་གི་ཡིད་སྤྲུལ་དང་འདོད་མོས་ལྟར་རྒྱས་སྤྲོས་དང་རྟོག་བཟོ་བྱས་པ་གཞིར་བཞག་ནས་ཅུང་ཟད་སྤྲོས་ན། གླིང་གེ་སར་རྒྱལ་པོའི་མཛད་པ་དངོས་མ་ཡིན་པ་དང་ཡང་ན་ཁོང་དང་འབྲེལ་བ་ཆེར་མེད་པའི་ཆ་རྣམས་ཚུལ་དང་དགོས་པ་འདི་འདྲར་བརྟེན་ནས་གླིང་སྒྲུང་གི་བརྗོད་བྱས་ནང་དོན་དུ་གྱུར་པར་སྙམ།

གླིང་གེ་སར་ལ་བསྟོད་པའི་དོན་དུ་དེའི་མཛད་རྗེས་སུ་བརྗོད་པ།

མིའི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ཡང་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་ཆོས་གང་ཞིག་ཡིན་ཡང་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་སམ་འདོད་མོས་ཀྱི་སྐུལ་མ་ལ་བརྟེན་ནས་བྱུང་བ་ཡིན་ན། གླིང་སྒྲུང་ཡང་དེ་ལས་དེ་ལས་མ་འདས་ཏེ། དུས་རབས་བཅུ་བ་ནས་བཅུ་གསུམ་བར་དུ་བོད་སྤྱི་ལ་དབང་སྒྱུར་བའི་སྤུ་རྒྱལ་མཙན་པོའི་རྒྱལ་རབས་ཆད་དེ། ས་ཆ་རེ་ལ་དཔོན་པོ་རེ། དཔོན་པོ་རེ་ལ་ཁྲིམས་སྲོལ་རེ། ཞེས་པ་ལྟར་གཅིག་ཁོངས་གཅིག་ལ་མི་གཏོགས་པའི་ཡུལ་དཔོན་མང་པོས་བཅད་བཟུང་བྱེད་ཅིང་། བཙན་པོས་གཉོམ་ཆུང་ལ་གཉའ་གནོན་བྱེད་པ་དང་། ཆེན་པོས་ཆུང་བ་ལ་བཙན་འཛུལ་དང་འཕྲོག་བཅོམ་བྱེད་པ་ཁར། སོག་པོའི་དམག་གིས་ཐེངས་མང་བོར་བོད་ལ་གསོད་འཕྲོག་ལབཅོམ་གསུམ་བྱས་ནས། རྒྱ་ཆེའི་བོད་རིགས་གམི་དམངས་གིས་དམག་འཁྲུག་གི་འཇིགས་པ་དང་མུ་གེའི་སྡུག་བསྔལ་མྱངས་པས། བོད་རིགས་མི་དམངས་ཀྱིས། རྒྱལ་ངན་གཞན་གྱིས་གཙེས་པ་ན། ལྷག་པར་ཆོས་རྒྱལ་དྲན་པར་འགྱུར། ། ཞེས་པ་ལྟར་བོད་གཅིག་གྱུར་དུས་ཀྱི་དགེ་མཚན་དང་བདེ་སྐྱིད་དྲན་ཞིང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལྟ་བུའི་བོད་གཅིག་གྱུར་མཛད་མཁན་གྱི་རྒྱལ་པོ་ཞིག་བྱོན་ན་ཅི་མ་རུང་ཞེས་རེ་སྨོན་བྱེད་ཀྱིན་ཡོད་པ་རེད།

ལོ་རྒྱུས་ཀྱི་སྐབས་བབ་དེ་འདྲ་ཞིག་ལ་མདོ་ཁམས་གླིང་དུ་གེ་སར་ཞེས་པའི་ཕོ་རྩལ་སྣ་དགུ་རྫོགས་ཤིང་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པའི་སྐྱེས་བུ་ཞིག་བྱོན་ནས། མཐའ་བཞིའི་རྒྱལ་ངན་རྣམས་བཏུལ་ཞིང་དམ་པའོ་ཆོས་ལ་བསྒྱུར་བ་དང་། མདོ་ཁམས་གླིང་གི་མི་རྣམས་དམག་འཁྲུག་གི་འཇིགས་པ་དང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་བསྐྱབས་ཏེ་བདེ་སྐྱིད་ཀྱི་དཔལ་ལ་དྲངས་པས། ཁོ་ཚོས་གླིང་གེ་སར་རྒྱལ་པོར་དགའ་བའི་སེམས་ཕྱོགས་ཤིང་བསྟོད་པའི་གླུ་འབུལ་བའི་ཚུལ་གྱིས་དེའི་འཁྲུངས་རབས་དང་ཕྱོགས་ཤིང་བསྟོད་པའི་གླུ་འབུལ་བའི་ཚུལ་གྱིས་དེའི་འཁྲུངས་རབས་དང་ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་བྱུང་བ་གླེང་བ་ལས་གླིང་སྒྲུང་གི་མྱུ་གུ་འབུས་པ་དང་། བསྔགས་བརྗོད་ཀྱི་གླུ་དབྱངས་ལྟ་བུའི་སྒྲུང་དེ་རིགས་རིམ་བཞིན་བོད་ཁམས་ཡོངས་ལ་ཁྱབ་པས་ན། འབྲུག་རྒྱལ་དབང་ཆོས་རྗེའི་ཞལ་ནས། གང་ཟག་རང་ག་བ་དག་གིས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་དང་ཚོང་ཁེ་སྤོགས་སོགས་ཀྱིས་ནོར་སྒྲུབ་ཚུལ།

དགེ་བ་ལྟར་སྣང་ཙམ་བྱས་ཚུལ་སོགས་རབ་བཏགས་ཀྱི་ཚིགས་གིས་བརྒྱན་ཏེ་འཇིག་རྟེན་པ་རྣམས་ཡ་མཚན་སྐྱེ་ཐབས་ཙམ་དུ་སྤེལ་བ་དག་ནི་གཏམ་རྒྱུད་དོ། ཞེསཔ་བཞིན་རྒྱལ་ཁམས་གཅིག་གྱུར་ཡོང་བར་རེ་སྨོན་བྱེད་པའི་བོད་མི་རིགས་ཀྱིས་ཁོང་ལ་བསྟོད་པའི་དོན་དུ། བོད་ཀྱི་ཐུན་མོང་མ་ཡིན་པའིལྷ་སྒྲུང་གི་བསམ་པའི་འཆར་སོ་ལ་བརྟེན་ནས་གླིང་གེ་སར་དེ་སྤྲུལ་པ་སྣ་ཚོགས་སྒྱུར་པའི་ལྷ་ཡི་སྲས་སུ་བཤད་ཅིང། དུས་མཚུངས་སུ་བོད་རིགས་དམངས་ཁྲོད་དུ་སྔར་ནས་ཁྱབ་པའི་ལྷ་སྒྲུང་དང་ལོ་རྒྱུས་ཀྱི་ངག་རྒྱུན་རྣམས་ཀྱང་གླིང་གི་ནང་དོན་དུ་གྱུར་པ་རེད།  སྒྲུང་རྒྱུད་དེ་ལྟ་ལྟ་བུ་མི་རིགས་དང་ས་ཁུལ་གྱི་ཚོད་འཛིན་མེད་པར་ས་ཁྱབ་རྡོ་ཁྱབ་གྱུར་པས །བཙན་པོའི་གཉའ་ནའ་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་བའི་དཔའ་བོ་མི་སྣ་ལ་དད་པ་ཆེ་བའི་མི་རིགས་གཞན྄རྣམས་ཀྱིས་ཀྱང་གླིང་སྒྲུང་འཆད་ཉན་བྱེད་པ་དང་། ཡང་ན་གླིང་གེ་སར་གྱི་མཛད་པ་རྣམས་རང་རང་མི་རིགས་ཀྱི་དཔའ་བོའང་བསྔགས་འོས་པའི་མི་སྣ་གང་རུང་ཞིག་གི་མཛད་རྗེས་སུ་བཅོས་ནས་ཁྱབ་སྤེལ་བྱས་པས། སོག་པོའི་གེ་སར་དང་། བྷོད་མིའི(普米族)གེ་སར། ཟ་ལར་རིགས་ཀྱི་གེ་སར་སོགས་མང་བོ་བྱུང་བ་རེད། འདི་ནི་མི་རིགས་སྤྱིའི་རྩོམ་རིག་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་སྟེ་དཔེར་ན། སྟོན་པ་ཤཱཀྱ་ཐུབ་པས་བཀའ་ཆོས་གསུང་དུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་དཀའ་བའི་སྤྱད་པ་ནས་གསུངས་པ་ལ། རྗེས་སུ་བཀའ་སྡུག་པ་རྣམས་ཀྱིས་གཏམ་རྒྱུད་ནས་གི་མི་སྣ་གཙོ་བོ་དེ་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེ་བ་སྔ་མར་ངོས་བཟུང་བ་ལྟ་བུའོ།

སྐབས་བབ་ཀྱི་བརྗོད་དོན་སྒྲོག་ཆེད་གླིང་སྒྲུང་དུ་བཅོས་པ།

རྩོམ་རིག་བརྩམས་ཆོས་ནི་མིའི་རིགས་ཀྱི་ཡིད་ཀྱི་འགྱུར་བ་སྣ་ཚོགས་ལས་ཐོན་པ་ཡིན་པས། དེ་ནི་རྩོམ་པ་པོ་རྣམས་ཀྱི་སྐབས་བབ་ཀྱི་བརྗོད་འདོད་བསམ་བློ་མཚོན་བྱེད་ཡིན་པར་མ་ཟད། བརྩམས་ཆོས་གྲགས་ཅན་ནི་རྟག་ཏུ་ཆབ་སྲིད་པ་དང་ཆོས་ལུགས་པ་དག་གིས་ཆབ་སྲིད་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་དང་ཆོས་ལུགས་ཀྱི་ལྟ་བ་སྒྲོག་སྤེལ་བྱེད་པའི་ཡོ་བྱད་དུ་སྤྱོད་པ་རེད། དཔེར་ན། ལྷ་ཐོ་ཐོ་རི་གཉན་བཙན་སྔོན་གྱི་བོད་ཀྱི་བཙན་པོ་རིམ་བྱོན་རྣམས་ཀྱིས་ཁྲིམས་ལུགས་དང་། ཀུན་སྤྱོད། ཤེས་རིག་བཅས་ཀྱི་སློབ་གསོ་བཏང་ནས་ཆབ་སྲིད་བསྐྱངས་པ་དང་། 《བཀའ་ཆེམས་ཀ་ཁོལ་མ》སོགས་གནའ་བོའི་ཡིག་ཚང་དུ། ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའི་བསྟན། ཞེས་བཀོད་པ་ལྟར་ན། རང་རེ་བོད་པ་རྣམས་ལའང་གནའ་བོའི་དུས་ནས་དེ་འདྲའི་སྲོལ་ཡོད་པ་ཤེས་ཐུབ།

དེས་ན་དམྱལ་གླིང་མུན་པ་རང་གསལ་ཞེས་པ་ལྟ་བུར་མཚོན་ན། འཇིག་རྟེན་མཆོག་གི་སྤྱོད་པ་དམ་པ་ཕྱོགས་ཙམ་གྱིས། བདག་གི་སྙན་ངག་དུ་རུང་བར་བྱ་བའི་ཕྱིར། ལུང་དང་གཙུག་ལག་རིགས་པར་མི་འགལ་ལམ་བདག་གིས། དེ་ལྟར་འཇིག་རྟེན་དོན་གྱུར་སྙམ་ནས་འདི་བརྩམས་སོ། ཞེས་པ་ལྟར། བོད་ཀྱི་ཆོས་ལུགས་པ་རྣམས་ཀྱིས་ཀྱང་ཚེ་འདིར་མི་རྟག་འཆི་ད་དྲན་ནས་དགེ་བའི་ལས་བསྒྲུབས་ན་གཤིན་རྗེའི་དྲུང་དུ་ཕྱིན་ཀྱང་སྡུག་བསྔལ་དང་འཇིགས་པ་མེད་པ་དང་། ཚེ་འདིར་འཆི་བ་ཡིད་ལ་མ་དྲན་པར་སྡིག་པའི་ལས་སྣ་ཚོགས་བྱེད་པ་དང་མི་མཐུན་པ་ལ་ཞེ་སྡང་བ། རྒྱུ་ནོར་ལ་སེར་སྣ་ཆེ་བ་སོགས་བྱས་ཚེ་ཕྱི་མར་དམྱལ་ཁམས་བཅོ་བརྒྱད་གང་རུང་དུ་མི་བཟད་པའི་སྡུག་བསྔལ་མྱོང་དགོས་པའི་ལྟ་བ་སྒྲོག་སྤེལ་བྱེད་པ་དང་། ཡང་ན་ལྟ་བ་དེ་མཚོན་པའི་བརྩམས་ཆོས་ལ་དགའ་བ་བསྐྱེད་པའི་དོན་དུ་སྐབས་དེར་བོད་མི་རིགས་དགའ་བའི་བློ་ཕྱོགས་པའི་གླིང་སྒྲུང་དུ་བཅོས་ནས་བསྒྲགས་པ་དང་། སྲིད་པ་ཆགས་གླུ་སོགས་ཀྱང་དེ་དག་གི་ནང་དོན་ཁྱབ་སྤེལ་བྱེད་པའི་དོན་དུ་བོད་རིགས་མི་དམངས་འཆད་ཉན་བྱེད་པར་དགའ་བའི་གླིང་སྒྲུང་དུ་བཅོས་ནས་བཤད་དེ་གླིང་སྒྲུང་གི་བརྗོད་བྱའི་ནང་དོན་དུ་གྱུར་པ་རེད།

རྨི་ལམ་ཡ་མཚན་ཅན་ལ་བརྟེན་ནས་གླིང་སྒྲུང་མཛད་པ། གླིང་སྒྲུང་ལ་སྒྲུང་པའི་ངོས་ནས་དབྱེ་ན་བརྒྱུད་སྒྲུང་དང་། ཡིག་སྒྲུང་། བབས་སྒྲུང་། པྲ་སྒྲུང་བཅས་རིགས་ཆེན་པོ་བཞི་ཡོད་པ་ལས་བབས་སྒྲུང་ནི་སྒྲུང་པ་རང་རང་གིས་བཤད་པ་ལྟར་ན། སྒྲུང་པའི་ཡིད་སྤྲུལ་དང་རིག་པའི་སྟོབས་ལ་བརྟེན་ནས་གསར་རྩོམ་བྱས་པ་མིན་པར། གླིང་སྒྲུང་གི་ནང་དོན་དང་འདྲ་བའི་རྨི་ལམ་རྨིས་པའམ་ཡང་ན་གེ་སར་གྱི་སྤྲུལ་པས་དཔེ་ཆ་པོ་ཏི་མང་པོ་ཁག་པའི་ནང་བཅུག་པའི་རྨི་ལམ་རྨིས་པ་ལ་བརྟེན་ནས་བཤད་པ་རེད་ཟེར། སྤྱིར་བཏང་སྒྲུང་པ་དེ་རིགས་ཀྱིས་བཤད་པ་སྒྲུང་པ་གཞན་ལས་ལྡབ་འགྱུར་གྱིས་མང་སྟེ། བོད་ལྗོངས་ཀྱི་བབས་སྒྲུང་པ་གྲགས་པ་ལགས་ཀྱིས་སྒྲུང་སྣ་སུམ་ཅུ་ལྷག་བཤད་ཤེས་པ་དང་། གཡུ་མེས་སྒྲུང་སྣ་བདུན་ཅུ་བཤད་ཤེས། མཚོ་སྔོན་གྱི་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་སྒྲུང་སྣ་བརྒྱ་དང་ཉི་བཤད་ཤེས་པ་ལྟར་རེད།

ངོ་མཚར་བའི་སྣང་ཚུལ་འདི་ལ་ཡིད་ཆེས་མིན་གྱི་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། འཛམ་གླིང་གི་བྱུང་བརྗོད་སྙན་ངག་གསར་རྩོམ་དང་འཕེལ་རྒྱས་སུ་གཏོང་མཁན་སྤྱའི་ཁྱད་ཆོས་ཀྱི་ངོས་ནས་བཤད་ན། ཁོང་རྣམ་པས་བཤད་པའི་སྒྲུང་དེ་རྣམས་ནི་རང་གི་གོ་ཐོས་ཀྱི་རྨང་གཞི་དང་འཆདབ་གྱེར་གྱི་ཉམས་མྱོང་ལ་བརྟེན་ནས་གསར་རྩོམ་བྱས་པ་སྟེ། ཡི་གེ་གཅིག་ཀྱང་མི་ཤེས་པའི་བོད་རིགས་གཞོན་ནུ་རྣམས་ཀྱིས་ལ་གཞས་ལེན་རེས་བྱེད་ཚེ།  ཕ་རོལ་པོའི་གཞས་ཚིག་ལ་གཞིགས་ནས་དུས་ཐོག་ཏུ་གང་ལ་གང་འཚམ་གྱིས་གསར་རྩོམ་བྱེད་པ་དང་། ཉིན་ཞག་དུ་མར་བླངས་ཀྱང་རྫོགས་མཐའ་མེད་པ་དེ་འདྲ་ཞིག་ཡིན་དགོས་མོད། འོན་ཀྱང་སྒྲུང་པ་རང་རང་གིས་གེ་སར་སོགས་དད་པ་བྱེད་སའི་ལྷ་དེའི་བྱིན་རླབས་དང་ནུས་པ་ལ་བརྟེན་ནས་བཤད་ཤེས་པ་ཡིན་ཟེར་བ་དང་། སྒྲུང་བཤད་ཁར་ཐོག་མར་གར་སར་རྒྱལ་པོ་མཆོག་དང་གླིང་གི་དཔའ་རྟུལ་སུམ་ཅུ་རྣམས་ལ་བསང་དང་གསེར་སྐྱེམས། ཇ་ཕུད་སོགས་ཀྱིས་མཆོད་བཀུར་བྱེད་ཅིང་། དེ་ནས་རྡོ་རྗེ་སྐྱེལ་ཀྲུང་དུ་བཞུགས་ཏེ་སྤྱན་གཉིས་བཙུམ་ཞིང་ཕྱག་ཟུང་སྙིམ་པ་བྲང་ལ་སྦྱར་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཅས་ཀྱི་ཆོ་ག་རྫོགས་པར་བྱས་རྗེས། སྒྲུང་བཤད་མགོ་རྩོམ་པ་ལ་བརྟགས་ན་རྒྱ་སྐད་ཅི་ཡང་མི་ཤེས་པའི་ལྷ་པ་རྒན་པོ་རྣམས་ལ་ཨ་མྱེས་ཡུལ་ལྷ་བབས་རྗེས་རྒྱ་སྐད་ཤ་ར་ར་བཤད་ཅིང་། ལྷ་གྲོལ་ན་སྔར་བཞིན་རྒྱ་སྐད་ཚིག་གཅིག་ཀྱང་བཤད་མི་ཤེས་པ་དེ་ལྟ་བུ་ཞིག་ཀྱང་ཡིན་ལས་ཆེ་སྙམ། དེ་གཉིས་ཀའི་གང་ཡིན་པ་གསལ་བོར་འབྱེད་དགོས་ན། ཁོང་ཚོས་བཤད་པའི་སྒྲུང་ནང་དུ་སྐད་ཟློས་བྱས་ཡོད་མེད་ལ་བལྟ་དགོས། གལ་ཏེ་སྒྲུང་པ་གཅིག་གིས་བཤད་པའི་སྒྲུང་ནང་དུ་སྐད་ཆ་སྐྱར་ཟློས་མང་པོ་བྱས་ཡོད་ཚེ། སྒྲུང་པ་རང་རང་གི་ཐོས་རྒྱ་དང་ཉམས་མྱོང་། བློ་གྲོས་བཅས་ལ་བརྟེན་ནས་གསར་རྩོམ་བྱས་པ་ཡིན་ལ། སྐད་ཆ་སྐྱར་ཟློས་མང་པོ་བྱས་མེད་ཚེ། སྒྲུང་པ་རང་རང་གི་གསུང་ལ་ཡིད་རྟོན་པ་ལས་ཐབས་མེད་པའི་ལྐོག་གྱུར་གྱི་གནས་ཤིག་རེད། དེས་ན་ད་ལྟ་ཁོང་ཚོས་བཤད་པའི་སྒྲུང་ཡོད་དོ་ཅོག་ད་དུང་ལེགས་སྒྲིག་དཔེ་སྐྲུན་བྱས་མེད་པས། དཔྱད་གཞིའི་ཡིག་རིགས་དབེན་པའི་གནས་སྐབས་འདི་ལ་སྒྲུང་པ་རང་རང་གི་གསུང་གཞིར་བཞག་ནས་དཔྱད་ན།  གླིང་གེ་སར་རྒྱལ་པོའི་མཛད་རྗེས་དངོས་མ་ཡིན་པའི་གཡུལ་འགྱེད་ཁག་ཅིག་ནི། དུང་དཀར་རིན་པོ་ཆེས་རྨི་ལམ་ཡ་མཚན་ཅན་དེ་བྱུང་བའི་རྗེས་སུ་རང་གིས་སྔར་བཤད་མི་ཤེས་པའི་སྒྲུང་ཧ་ཅང་མང་པོ་བཤད་ཤེས་མཁན་ཞིག་ཏུ་གྱུར་པ་དང་། དེ་ཚོའི་ནང་ནས་ཁ་ཤས་དེ་སྔ་གཞན་གྱིས་བཤད་མྱོང་བ་འདྲ་ཡིན་ན་མགཏོགས། མང་གསུངས་པ་བཞིན་ལྷའི་བྱིན་རླབས་སམ་རྨི་ལམ་ཡ་མཚན་ཅན་རྨིས་པ་ལ་བརྟེན་ནས་གླིང་སྒྲུང་གི་བརྗོད་བྱའི་ནང་དོན་དུ་གྱུར་པ་རེད།

གླིང་སྒྲུང་ཕུན་སུམ་ཚོགས་པོ་ཡོང་བའི་དོན་དུ་དེའི་ནང་དོན་དུ་བཅོས་པ།

ད་ལྟ་ང་ཚོས་འཆད་ཉན་བྱེད་པའི་སྒྲུང་ནང་དུ་ས་བཤད་དང་རྟ་བཤད། སྒ་བཤད། ཞྭ་བཤད། ཇ་བཤད། ཆང་བཤད།  མཚོན་བཤད། འབྲུ་བཤད།  གཡང་འབོད་སོགས་གང་ལ་གང་འཚམ་དུ་བཀོད་པ་ཡང་དང་ཐོག་ནས་ཡོད་པར་མི་འདོད་དེ། གླིང་སྒྲུང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་བྱུང་རིམ་འཐུས་ཚང་དང་གཞུང་ཚད་ཇེ་རིང་། རྣམ་གྲངས་ཇེ་མང་དུ་འཕེལ་བའི་བྱ་རིམ་དུ་བོད་ཀྱི་སྒྲུང་པ་རྣམས་ཀྱིས་གླིང་སྒྲུང་གི་བརྗོད་བྱའི་ནང་དོན་ཕུན་ཚོགས་སུ་གཏོང་ཆེད་སྒྲུང་གི་ནང་དོན་ལྟར་རྟ་མཚམས་སྦྱོར་བྱེད་དུས་དམངས་ཁྲོད་དུ་སྔར་ནས་རང་རྐྱ་ཐུབ་པའི་རྩོམ་རིག་རྣམ་གྲངས་ཤིག་ཏུ་གྲུབ་ཅིང་ཁྱབ་ཟིན་པའི་རྟ་བཤད་དྲངས་ནས་བརྗོད་ཅིང་། སྒ་བཤད་དུས་སྒ་ཡི་ཐོན་ཚུལ་དང་རིན་ཐང་། དབྱིབས་བཀོད་སོགས་བརྗོད་པའི་དམངས་ཁྲོད་ཀྱི་སྒ་བཤད་ཇི་མ་ཇི་བཞིན་དུ་དྲངས་ནས་བརྗོད་པ། དེ་བཞིན་དུ་ཞྭ་བཤད་དང་ཇ་བཤད་སོགས་ཀྱང་ནང་དོན་གྱི་སྐབས་བབ་དང་བསྟུན་ནས་གང་ལ་གང་འཚམ་དུ་ཁ་གསབ་བྱས་ནས་ལོ་ཟླ་མང་པོར་འཆད་ཉན་བྱས་པ་ན་ངང་ངམ་ཤུགས་ཀྱིས་གླིང་སྒྲུང་གི་བརྗོད་བྱའི་གྲུབ་ཆར་གྱུར་པར་སྙམ།

དེ་ཡང་དོན་གསལ་བའི་ཆེད་དུ《མོན་གླིང་གཡུལ་འགྱེད》ཀྱི་པར་མི་འདྲ་བ་གཉིས་གཤིབ་སྡུར་གྱིས་དཔྱད་ན།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲིན་པའི《མོན་གླིང་གཡུལ་འགྱེད》དུ་གླིང་གིས་མོན་བཏུལ་ནས་ཕྱིར་གླིང་ལ་ཕེབས་སྐབས། སེང་ལྕམ་འབྲུག་མོ་གཙོ་བྱས་པའི་གླིང་གི་མ་སྲུ་རྣམས་ཀྱིས་མདུན་བསུ་ཞིང་ཇ་ཆང་འདྲེན་ཚེ།

ཆང་ལ་བསྙལ་བའི་བདུད་རྩི་བསིལ་མ་འདི།།

ན་ཉིན་བཙོས་པའི་ལོ་ཆང་ཡིན།།

ཁར་སང་བཙོས་པའི་ཁམ་ཆང་ཡོད།།

ཚ་བ་རོང་གི་རྒུན་ཆང་ཡོད།།

ཤང་ཤང་ཡུལ་གྱི་དར་ལུ་ཡོད།།

ཆང་འདི་ཚོ་གསོལ་དང་དབུ་འཕང་མཐོ།།

གཞི་བྱེས་འཛོམ་པའི་འཛོམ་ཆང་ཡིན།།

ཞེས་བསྟོད་པ་ཐུང་ཐུང་ཞིག་བྱས་ཤིང་ཇ་བཤད་ཚིག་འབྲུ་གཅིག་ཙམ་ཡང་བྱས་མེད་ཀྱང་། བོད་ལྗོངས་མི་དམངས་དཔེ་སྐྲིན་ཁང་གིས་པར་དུ་བསྐྲུན་པའི《མོན་གླིང་གཡུལ་འགྱེད》དུ།

གསེར་རྐྱན་ནང་ལ་ཆང་ཞིག་ཡོད།།

ཆང་འདི་ཡི་འབྱུང་ཁུངས་བཤད་པས་ན།།

ཕུན་སུམ་ཚོགས་པའི་ཐབ་ཀྱི་ནང་།།

དམར་འོད་ཆེ་བའི་མར་ཞིག་བུས།།

བཀྲ་ཤིས་འཁྱིལ་བའི་ཟངས་གཅིག་བཙུགས།།

ལོ་གསུམ་བཙོས་པའི་མཆོད་ཆང་འདི།།

ཕ་ཡུལ་སྟོད་ཀྱི་བུར་སྨུག་ཆང་།།

ཚ་བ་རོང་གི་རྒུན་འབྲུམ་ཆང་།།

རང་ཡུལ་མཐིལ་གྱི་འབྲས་ཀྱི་ཆང་།།

ལོ་ལ་བཙོས་པའི་ལོ་ཆང་ཡོད།།

ཆང་ཐེངས་གསུམ་བཞེས་དང་དབུ་འཕང་མཐོ།།

གླིང་ཕོ་མོ་རྣམས་ཀྱིས་རེ་རེ་མཆོད།།

རྟགས་དང་རྟེན་འབྲེལ་འགྲིག་ལེ་ཡིན།།

ཞེས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཏུ་སོང་བའི་ཆང་བཤད་བཀོད་ཡོད་པར་མ་ཟད། ཇ་བཤད་ཀྱང་འདི་ལས་རིང་ཞིང་ཆ་ཚང་བ་ཞིག་བཀོད་ཡོད་པ་ལྟར་རོ། བརྗོད་བྱ་གཅིག་ཡིན་ཡང་པར་མི་འདྲ་ན་ཇ་བཤད་དང་ཆང་བཤད་ཀྱང་མི་འདྲ་བའི་ཁྱད་པར་བྱུང་བ་འདིས་སྒྲུང་པ་རྣམས་ཀྱིས་གླིང་སྒྲུང་ཇེ་མང་དུ་གཏོང་བའི་སྐབས་སུ་བོད་ཀྱི་ལུགས་སྲོལ་ལྟར་གང་ལ་གང་འཚམ་དུ་ཁ་གསབ་བྱས་པ་ཤེས་ཐུབ། བཤད་པ་འདིའི་རིགས་བཀོད་དང་མ་བཀོད་པ་དེས་གཡུལ་འགྱེད་ཀྱི་ནང་དོན་ལ་གནོད་སྐྱོན་ཅི་ཡང་མེད་རུང་། བོད་ཀྱི་ལུགས་སྲོལ་ཆ་ནས་བལྟས་ན་བརྗོད་བྱའི་སྐབས་བབ་ལྟར་བཤད་པ་སྣ་ཚོགས་གང་འཚམ་དུ་དྲངས་པ་དེས་སྒྲུང་གི་བྱུང་རིམ་ཆ་ཚང་ཞིང་ནང་དོན་ཕུན་སུམ་ཚོགས་པོར་བཏང་ཡོད་པ་ལྟར་རེད།

ལེགས་སྒྲིག་པའི་སྨྱུ་གུའི་རྩལ་ལ་བརྟེན་ནས་བཅོས་པ།

གླིང་སྒྲུང་ད་ལྟའི་རྣམ་པ་ཅན་དུ་གྲུབ་པ་ནི་བོད་མི་རབས་དུ་མའི་སྒྲུང་མའི་སྒྲུང་པ་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་བརྩོན་པའི་འབྲས་བུ་ཡིན་པར་མ་ཟད། ལེགས་སྒྲིག་པ་རྣམས་ཀྱིས་ཀྱང་བསྙོན་དུ་མེད་པའི་ནུས་པ་བཏོན་ཡོད་པ་རེད། གླིང་སྒྲུང་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་བོད་མི་རིགས་ཐུག་མོང་གིས་བརྩམས་པ་ཞིག་ཡིན་པས། ཟིན་བྲིས་དེབ་མང་བོར་ནང་དོན་སྐྱར་ཟློས་དང་གོང་འོག་འགལ་བ། བྱུང་རིམ་ཆ་མི་ཚང་བ། ཡང་ན་བསྡུས་དྲགས་པ་ལ་སོགས་པའི་སྐྱོན་ཡོད་ཅིང་། ཐ་ན་ནང་དོན་གཅིག་ལས་སྤྲོས་པའི་ས་ཁུལ་སོ་སོའི་སྒྲུང་ལའང་མི་སྣ་གཙོ་བོ་མི་འདྲ་བ་དང་སྣང་བརྙན་ལེགས་མིན། བྱུང་རིམ་ཆ་ཚང་མིན་བཅས་ཀྱི་ཁྱད་པར་ཡོད་པ་རེད།

ད་ལྟ་ང་ཚོའི་མཐོང་སྣང་དུ་གྱུར་པའི་སྒྲུང་དཔེ་རྣམས་སུ་དེ་འདྲའི་ཞན་ཆ་ཕལ་ཆེར་མེད་པ་ནི་ལེགས་སྒྲིག་བྱེད་མཁན་རྣམས་ཀྱི་བཀའ་དྲིན་རེད། ཁོང་ཚོ་མང་ཆེ་བ་ནི་ཤེས་རབ་ཀྱི་མཁྱེན་པ་ཡངས་ཤིང་རིག་གནས་ཀྱི་རྩལ་རྫོགས་པའི་མཁས་པ་ཡིན་པས། ལེགས་སྒྲིག་དཔེ་སྐྲུན་བྱེད་པའི་བྱ་རིམ་དུ་སྔར་ཡོད་ཀྱི་རྣམ་པ་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་ནང་དོན་དང་ཚིག་སྦྱོར་སོགས་ལ་ལས་སྣོན་གང་འཚམ་རེ་བྱས་ཡོད་པ་རེད། དཔེར་ན། 《ཧོར་གླིང་གཡུལ་འགྱེད》ལ་མཚོན་ན། ལེགས་སྒྲིག་པ་རྣམས་ཀྱིས་སྒྲུང་པ་ཉི་ཤུ་ལྷག་གི་བཤད་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུང་ལ་གཞི་བྱས་ཤིང་། བྲིས་མ་སྣ་ཁ་ལྔ་ཙམ་ལ་ཞིབ་རྟོག་བྱས་ནས་བསྒྲིགས་ལ།  བྲིས་མ་དེ་དག་བཤད་པའི་ཡུལ་མི་འདྲ་བའི་རྐྱེན་གྱིས་གཏམ་རྒྱུད་ཀྱི་ནང་དོན་ལའང་ཁྱད་པར་ཅུང་ཙམ་ཡོད་པར་མ་ཟད། ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་གུར་སེར་ཡིན་པར་འདོད་པ་དང་གུར་དཀར་ཡིན་པར་འདོད་མཁན་གཉིས་བྱུང་ཞིང་།

སྐྱ་ལོ་སེང་ལྕམ་འབྲུག་མོའི་སྣང་བརྙན་ལ་མཚོན་ནའང་ཁྲེལ་ཡོད་དང་ཁྲེལ་མེད་གཉིས་སུ་བཤད་པ་ལ། ལེགས་སྒྲིག་པ་རྣམས་ཀྱིས་སྒྲུང་མང་པོའི་ལེགས་ཆ་སྡུད་ལེན་བྱེད་ཅིང་སྐྱོན་ཆ་སྤངས་དོར་བྱས་ནས། ནང་དོན་འཐུས་ཚང་དང་གོང་འོག་འབྲེལ་ཆགས་པ་ཞིག་བྱེད་པའི་དུས་མཚུངས་སུ། བཤད་རྒྱུན་གྱི་རྒྱ་ཆེ་མིན་ལ་གཞིགས་ནས་ཧོར་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་གུར་དཀར་བྱས་པ་དང་། སྒྲུང་སྤྱིའི་ནང་དོན་ལ་དམིགས་ནས་སེང་ལྕམ་འབྲུག་མོ་དེ་བརྩེ་དུང་གི་སེམས་བརྟན་ཞིང་ཁྲེལ་གཞུང་ཅན་ཞིག་ཏུ་བཅོས་པ་ལྟར་རེད། དཔེ་དེ་བཞིན་དུ་གླིང་སྒྲུང་གཞན་པ་རྣམས་ཀྱང་ད་ལྟའི་རྣམ་པ་ཅན་དུ་གྲུབ་པ་ལ་ལེགས་སྒྲིག་པ་རྣམས་ཀྱི་ལྷག་བསམ་གྱི་སྨན་དང་བློ་གྲོས་ཀྱི་བཅུད་ཀྱང་མི་ཉུང་བ་ཞིག་འདུས་ཡོད་པ་རེད།

མདོར་ན། གླིང་སྒྲུང་དུས་ཡུན་རིང་བ་རང་ཐབས་ལམ་མང་པོ། དམིགས་པ་སྣ་ཚོགས་བཅས་ལ་བརྟེན་ནས་གྲུབ་པའི་བོད་ཀྱི་བྱུང་བརྗོད་སྙན་ངག་ཅིག་རེད།

3 གླིང་སྒྲུང་གི་སྒྱུ་རྩལ་གྱི་རྣམ་པའི་ངོས་ནས་དེའི་བྱུང་འཕེལ།

གླིང་སྒྲུང་དུས་སྐབས་ནམ་ཞིག་ཏུ་བྱུང་བའི་ཐད་ལ་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དཔྱད་རྩོམ་མང་དུ་མཆིས་ཀྱང་། ཁོ་ཚོས་དཔྱད་པའི་གཞི་འཛིན་ད་མི་གཅིག་པས་སྡོམ་ཚིག་ཀྱང་མི་འདྲ་བ་རེད། དེ་ཡང་གླིང་གར་སར་རྒྱལ་པོའི་མཛད་རྗེས་ཀྱི་ངོས་ནས་དཔྱོད་མཁས་ཚོས་བོད་བཙན་པོའི་དུས་སྐབས་དུ་བྱུང་བར་འདོད་ཅིང་། བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་དང་སྐད་ཆའི་ཁྱད་ཆོས། གླིང་གེ་སར་རྒྱལ་པོ་མི་ངོ་མ་ཞིག་ཡིན་པ་གཞིར་བཟུང་ནས་དཔྱོད་མཁན་ཚོས་དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་དུ་བྱུང་བར་སྙམ། རྒྱ་མི་རིགས་ཀྱི་སྒྲུང་གཏམ་གྱི་ཤན་ཤུགས་ལ་བརྟེན་ནས་ཐོན་པར་སྙམ་མཁན་ཚོས་དུས་རབས་བཅོ་ལྔ་ཙམ་ལ་བྱུང་བར་འདོད། གོང་གསལ་གྱི་ལྟ་བ་འགའི་གཞི་འཛིན་སར་བལྟས་ན། ནང་དོན་གྱི་ཕྱོགས་ནས་དཔྱད་པ་མིང་ཞིང་། རྣམ་པའི་ངོས་ནས་དཔྱད་པ་ཧ་ཅིང་ཉུང་བ་རེད། གླིང་སྒྲུང་དེ་ནང་དོན་གྱི་ངོས་ནས་བལྟས་ན་ལྷ་སྒྲུང་དང་ངག་རྒྱུན། ལོ་རྒྱུས། བཤད་པ། བསྟོས་པ་སོགས་ཀྱི་བདག་ཉིད་ཅན་ཞིག་ཡིན་པར་མ་ཟད། རྣམས་པའི་ངོས་ནས་ཀྱང་སྒྱུ་རྩལ་གྱི་རྣམ་གྲངས་མང་བོས་མཚོན་པར་བྱས་ཡོད་པས། དེའི་བྱུང་འཕེལ་ལ་ཞིབ་འཇུག་འགྱིས་ནའང་ནང་དོན་དང་། རྣམ་པ། བསམ་བློ་བཅས་གྲུབ་ཆ་ཡོངས་ནས་ལེགས་པར་བརྟགས་ཤིང་དཔྱད་ན། ད་གཟོད་དེའི་བྱུང་འཕེལ་ལ་སྡོམ་ཚིག་ཡང་དག་པ་ཞིག་འབྱུང་ངེས་པར་སྙམ་ནས་རྣམ་པའི་གྲུབ་ཆ་འགའ་ལས་ཅུང་ཟད་དཔྱད་པར་བྱའོ། །

3_1 རྩོམ་ལུས།

གླིང་སྒྲུང་ནི་འཆད་སུ་གྱེར་ཟུང་འབྲེལ་གྱི་བྱུང་བརྗོད་སྙན་ངག་ཅིག་ཡིན་པས། དེའི་ལུས་ཀྔ་ལྷུག་པ་དང་བཅད་པ་ཟུང་དུ་སྦྲེལ་བ་སྟེ། གཏམ་རྒྱུད་ཀྱི་བྱ་རིམ་དང་རྒྱབ་ལྗོངས་སོགས་ཚིག་ལྷུག་གི་སྒོ་ནས་བཤད་པ་དང་། མི་སྣ་ཕན་ཚུན་བར་ལབ་གླེང་བྱེད་པའི་ཚིག་ཚང་མ་དབྱངས་སུ་གྱེར་བའི་བཅད་པ་ཡིན་པ་ནི་གླིང་སྒྲུང་ལ་ཐོས་རྒྱའམ་མཐོང་རྒྱ་ཏོག་ཙམ་ཡོད་པ་རྣམས་ཀྱི་སེམས་ན་མངོན་པར་གསལ་བ་ལྟར་རེད།  དེར་སྒྱུ་རྩལ་གྱི་ཕན་ནུས་ངོས་ནས་བལྟས་ན། ཚིག་ལྷུག་ལ་གཞུང་དོན་གོང་འོག་འབྲོག་མཐུད་དང་གསལ་བར་བྱེད་པའི་ནུས་པ་དང་། ཚིགས་བཅད་ལས་དབྱངས་ཀྱི་མཛེས་ཉམས་ཐོན་པས།  དེ་གཉིས་ཟུང་དུ་འབྲེལ་བ་དེས་གླིང་གི་ཉིང་བཅུད་ཕུན་སུམ་ཚོགས་པར་བཏང་ཡོད་པ་རེད། འོ་ན་ཚིག་བཅད་ལྷུག་སྤེལ་མའི་ལུས་ཀྱི་རྣམ་པ་དེ་དུས་སྐབས་གནམ་ཞིག་ལ་ཚུལ་ཇི་ལྟར་གྲུབ་ཡིན་ཞེ་ན།  ལ་ལས་དེ་སྤྱི་ལོའི་དུས་རབས་བདུན་པའི་མགོར་རྒྱ་གར་ནང་བསྟན་བོད་ལ་འགྱུར་བ་དང་ཨ་ཆེ་རྒྱ་བཟའ་བོད་དུ་ཕེབས་པའི་བཀའ་དྲིན་གྱི་རྒྱ་ནག་གི(变文)ཚིག་སྤེལ་མའི་རྣམ་ཐར་བོད་ལ་ཁྱབ་པ་དེར་བརྟེན་ནས་བྱུང་བར་འདོད།  ལ་ལས་དེ་དུས་རབས་བཅུ་གཉིས་པར་བརྩམས་པའམ་གཏེར་ནས་ཐོན་པའི་རྣམ་ཐར་སོགས་དང་འདྲ་བས།    དུས་རབས་དེ་ག་ང་ལ་བྱུང་བར་སྙམ།  ཡིན་ནའང་ཏུན་ཧོང་གཏེར་ཡིག་ལས་གསལ་བའི་ལོ་རྒྱུས་ངག་རྒྱུུན་དང་དམངས་ཁྲོད་གཏམ་རྒྱུན་ཀྱི་ལུས་ཀྱི་རྣམ་པར་ཞིབ་ཏུ་བརྟག་པ་དང་།  དུས་རབས་དུྟག་པ་དང་།  དུས་རབས་བདུན་པར་བརྩམས་པར་གྲགས་པའི་《བཀའ་ཆེམས་ཀ་ཁོལ་མ》སོགས་ལ་བལྟས་ན།  ཚིག་བཅད་ལྷུག་སྤེལ་མའི་ལུས་ཀྱི་རྣམ་པ་དེ་ནི་ནང་བསྟན་བོད་ལ་འགྱུར་བ་དང་རྒྱ་ནག་གི་ཚིག་སྤེལ་མའི་རྣམ་ཐར་བོད་ལ་ཁྱབ་པ་ལས་བྱུང་བ་མིན་པར།  དེའི་སྔོན་ནས་བོད་རང་ལ་གྲུབ་ཟིན་པའི་དམངས་ཁྲོད་རྩོམ་ལུས་ཤིག་རེད།  རྒྱུ་མཚན།  གནའ་བོའི་ཡིག་ཚང་དེ་དག་ཏུ་བཀོད་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་ལས་མིའི་འགྲོ་བ་མཆེད་པའི་གཏམ་རྒྱུད་དང་།  སྲོང་བཙན་སྔོན་གྱི་ལོ་རྒྱུས་ངག་རྒྱུན་དང་དམངས་ཁྲོད་གཏམ་རྒྱུད་མང་པོ་ཞིག་ཀྱང་གླིང་སྒྲུང་ལྟར་རྒྱབ་ལྗོངས་རིམ་དང་རྣམས་ཚིག་ལྷུག་གིས་བྲིས་ཤིང་། མི་སྣ་ཕན་ཚུན་ལབ་གླེང་བྱེད་པའི་སྐད་ཆ་རྣམས་དབྱངས་སུ་གྱེར་བའི་ཚིགས་བཅད་ཡིན་པར་མ་ཟད།    ཚིགས་སུ་བཅད་པའི་མགུར་ཚིག་རྣམས་ཀྱང་གླིང་སྒྲུང་གི་གླུ་ཚིག་ལྟར་ཤོ་ལོ་ཀ་དང་བྱ་ཚི་མང་ཉུང་།  བརྗོད་བྱའི་དོན་བཅས་ཀྱི་ཚོད་འཛིན་མེད་པར་རང་གིས་བརྗོད་པར་འདོད་པའི་དོན་དེ་ཚིགས་བཅད་ཀྱི་ལམ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ལྷུགས་པོར་བརྗོད་པའང་ཀུན་ནས་མཚུངས་པ་རེད།  འདི་ལས་བལྟས་ན།  ཚོག་བཅད་ལྷུག་སྤེལ་མའི་ལུས་ཀྱི་རྣམ་པ་ནི་བོད་ཀྱི་མེས་པའི་དུས་ནས་ཚིག་ལྷུག་གི་རྣམ་པ་འབྱུང་མགོ་བརྩམས་པ་དང་།  གླུ་དབྱངས་ཀྱི་མཛེས་པ་ཉམས་སུ་མྱོང་བ་དང་དེ་ལ་བརྟེན་ནས་རང་གིས་བརྗོད་པར་འདོད་པའི་བསམ་བློ་ཕ་རོལ་པོ་ལ་མཚམས་སྦྱོར་བྱེད་ཤེས་པ་ནས་དབྱངས་སུ་གྱེར་བའི་གླུ་ཚིག་བྱུང་བ་རེད།  དེ་ཡང་ས་སྐྱ་པཎ་ཆེན་གྱིས།   མཁས་རྨོངས་སྐྱེས་པ་བུད་མེད་སོགས། །   ཀུན་ལ་མཛེས་པ་རོལ་མོ་ཡིན། །  ཞེས་གསུངས་པ་ལྟར།   སྙན་ཞིང་འཇེབས་པའི་དབྱངས་ཀྱི་འགྱུར་ཁུགས་ལ་ཕ་རོལ་སྐྱེ་བོ་ཡིད་དོ་ཅོག་གི་ཡིད་ཀྱི་སྤྲོ་བ་ཀུན་ནསའདྲེན་པའི་ནུས་པ་ལྡན་པ་དང་།   གཏམ་རྒྱུད་ཀྱི་བྱ་རིམ་དང་མི་སྣའི་འགུལ་སྐྱོད་སོགས་ལྷུག་པའི་ལམ་ནས་སྤྲོས་ན་གསལ་བོ་ཡོང་བས།  བརྗོད་དོན་གསལ་བོར་སྟོན་དང་ཕ་རོལ་པོའི་ཡིད་ཀྱི་སྤྲོ་བས།  བརྗོད་དོན་གསལ་བོར་སྟོན་པ་དང་ཕ་པོའི་ཡིད་ཀྱི་སྤྲོ་བ་འདྲེན་པའི་ཆེད་དུ།  བོད་ཀྱི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་བོའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དེ་གཉིས་ཟུང་དུ་སྦྲེལ་བའི་ཐབས་སྤྱད་ཅིང་།   བཙན་པོའི་དུས་སྐབས་སུ་སླེབས་སྐབས།  དེ་ཉིད་ལོ་རྒྱུས་ངག་རྒྱུན་དང་དམངས་ཁྲོད་གཏམ་རྒྱུད་སོགས་མཚོན་པར་བྱེད་པའི་ལུས་ཀྱི་རྣམ་པར་གྲུབ་ཟིན་པ་རེད།  དེས་ན་ཁོ་བོའི་འདོད་ཚུལ་ནི་གླིང་སྒྲུང་གི་ཚིག་བཅད་ལྷུག་སྤེལ་མའི་ལུས་ཀྱི་རྣམ་པ་ནི་གདོད་མའི་དུས་ཀྱི་ལྷ་སྒྲུང་དང་།  ལོ་རྒྱུས་ངག་རྒྱུན། མགུར་གླུ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་སྟེང་གྲུབ་པ་ཞིག་རེད་སྙམ། 

3_2 གསར་རྩོམ་བྱེད་སྟངས་བཤད་པ།

དེ་ཡང་བོད་ཀྱི་དམངས་ཁྲོད་དུ་གླིང་མི་རེ་ཁ་ན་སྒྲུང་རེ་ཞེས་པ་ལྟར་སྐྱེ་ཕོ་མོརྒན་གཞོན་ཚང་མ་གླིང་སྒྲུང་འཆད་ཉན་བྱེད་པར་དགའ་བར་མ་ཟད།  དེའི་གྲགས་པ་དཀར་པོའི་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་འཛམ་གླིང་གི་མི་རིགས་གཞན་རྣམས་ཀྱིས་ཀྱང་དེ་འཆད་ཉན་དང་ཞིབ་འཇུག་བྱེད་པར་བློ་ཁ་རབ་ཏུ་ཕྱོགས་དགོས་དོན་ནི།   གཙོ་བོ་བོད་རིགས་མི་དམངས་ཀྱིས་ཕུན་སུམ་ཚོགས་པའི་འཆར་སྣང་དང་འཁྱོག་བརྗོད་ཀྱི་ཐབས་ལ་བརྟེན་ནས།  དེའི་ནང་གི་དྲང་ཕྱོགས་ཀྱི་མི་སྣ་ལྷའི་རང་བཞིན་ཅན་དུ་བསྒྱུར་བ་དང་ལྡོག་ཕྱོགས་ཀྱི་མི་སྣ་བདུད་ཀྱི་རང་བཞིན་ཅན་དུ་བསྒྱུར་བ།   འདབ་ཆགས་དང་དུད་འགྲོ།  མདའ་སོགས་མི་གཤིས་ཅན་དུ་བསྒྱུར་བས་མི་སྣ་ངོ་མཚར་ཞིང་འགྲན་ཟླ་མེད་པ་དང་རྐྱེན་གྱིས་རེད།  གལ་ཏེ་གླིང་སྒྲུང་ནང་གི་མི་སྣ་གཙོ་བོ་གླིང་གེ་སར་རྒྱལ་པོ་དེ་སྟོད་ལྷ་ཆེན་ཚངས་པ་དཀར་པོའི་སྲས་མིན་ཞིང་། སྒྱུ་འཕྲུལ་སྣ་ཚོགས་ལྡན་པ་དང་དམྱལ་ཡུལ་དུ་ཕྱིན་ནས་ཨ་མ་དང་བཙུན་མི་ཡང་སྐྱོབ་ཐུབ་པའི་གཟུགས་སྣང་ཁྱད་པར་བ་ཞིག་མ་བཏོད་པར།  འཇིག་རྟེན་གྱི་མི་ངོ་མ་ཞིག་གི་ཚུལ་དུ་ཐོན་ན་སྤྱིར་བཏང་གི་ཚོ་དཔོན་དཔའ་བོ་ཞིག་གི་གཟུགས་སྣང་ཙམ་ཡིན་པ་དང་།  སེམས་མེད་ཀྱི་བེམ་པོ་དང་།  རྟ་དང་བྱ་བཅས་ལའང་བློ་ལྡན་མ་རྣམས་ཀྱི་བསམ་བློ་དང་།  གཤིས་རྒྱུད།  བརྩེ་དུང་སོགས་ལྡན་པར་མ་བྱས་པས་རང་རང་གི་ངོ་བོ་དང་ནུས་པ་ངོ་མ་ཇི་བཞིན་དུ་ཐོན་ཚེ།  མཚར་བའི་ཉམས་མེད་པས་ཕ་རོལ་སྐྱེ་བོའི་ཡིད་ཀྱི་དང་བ་འདྲེན་མི་ནུས་ཏེ།  དཔེར་ན།  དེ་སྔ་མཚོ་སྔོན་བརྙན་འཕྲིན་ཁང་གིས་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་མང་བོ་དོར་ནས་མི་འབྲེལ་བརྙན་འཕྲིན་ཟློས་གར་གླིང་གེ་སར་རྒྱལ་པོ་ཞེས་པར་སྒྲུང་དཔེ་དངོས་ལ་མི་དོ་ཞེས་པ་དང་།   ཡང་ན་བོད་ཀྱི་སྒྲུང་ཞིག་ཡིན་པའི་སྙམ་པ་མི་སྟེར་ཟེར་བའི་གདེང་འཇོག་བྱེད་པ་ལྟ་བུར་འགྱུར་ཞིང་།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལས་དོན་ཚོགས་པས་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་ཚང་མ་སོར་བཞག་བྱས་ནས་འཁྲབ་སྟོན་བྱས་པའི་ཟློས་གར་《ཧོར་གླིང་གཡུལ་འགྱེད》ལ་མི་རྣམས་ཀྱིས་གེ་སར་དངོས་སུ་བྱོན་འདྲ་ཞེས་མཐེ་བོང་བསྟན་ནས་བསྔགས་བརྗོད་བྱེད་པ་དང་།  ཁྭ་ཏ་དང་གུར་དཀར་སོགས་ཀྱི་སྐད་ཆ་ལད་ཟློས་བྱེད་པ་ལས་སྐད་གྲགས་ཆེ་བའི་སྒྲུང་གཏམ་རིང་མོ་ནུབ་ཕྱོགས་སུ་གནས་སྐོར་དུ་ཕྱིན་པའི་རྣམ་ཐར་ཞེས་པ་དེ་བརྙན་འཕྲིན་དུ་བཀོད་རྗེས་སྔར་བཞིན་རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པ་ཡང་སྒྲུང་གཏམ་དེའི་སྒྱུ་རྩལ་གྱི་སྙིང་བོ་སྟེ།  འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་སོར་བཞག་བྱས་པའི་རྐྱེན་གྱིས་རེད།  གལ་ཏེ་དེའི་ནང་གི་ཐང་སིན་བླམ་འཕགས་ཡུལ་དུ་ཆོས་ལེན་ད་འགྲོ་བར་གྲོགས་སུ་ལྷ་དང་འགེགས་སུ་འདྲེ་སྲིན་མེད་པ་དང་། ཁོང་གི་འཁོར་གཡོག་རྣམས་ལ་སྒྱུ་འཕྲུལ་སྣ་ཚོགས་མེད་ཅིང་།  སྤྲེའུ་དང་ཕག་གི་ཆ་ལུགས་མི་ལྡན་པར་སྤྱིར་བཏང་གི་མི་ལྡན་པར་སྤྱིར་བཏང་གི་མི་ངོ་མ་ཞིག་གི་ཚུལ་དུ་རྒྱ་ག་ལ་ཆོས་ཞུ་བར་ཕེབས་པ་དང། ལམ་བར་དུ་དཀའ་ཁག་སྣ་ཚོགས་མྱངས་ཚུལ་ཙམ་བསྟན་ན་དེར་ཡང་བ་འདྲའི་ལྟ་མཁན་མེད་པ་རིག་པས་བརྟག་ན་ཤེས།  མའོ་ཙེ་ཏུང་གིས་ཞི་ལའི་བྱུང་བརྗོད་སྙན་ངག་གླིང་ཚེ་གཡུལ་འགྱེད་ཀྱི་གནས་ཚུལ་རྐྱང་རྐྱང་ཡིན་ཚེ་བྲོ་བ་མེད་པར་སྙམ་ནས།   མི་རིགས་ཀྱི་ལྷ་སྒྲུང་འགའ་ཞིག་བསྲེས་པ་རེད་ཅེས་གསུངས་པའི་རྒྱུ་མཚན་ཡང་དེ་རེད།  དེས་ན་གླིང་སྒྲུང་གི་འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་ན་དུས་སྐབས་ནམ་ཞིག་ལ་བྱུང་བ་ཡིན་ཟེར་ན།  ཏུན་ཧོང་གཏེར་ཡིག་ཏུ་བཀོད་པའི《རྒྱབ་རབས་རིམ་བྱུང་གི་ལོ་རྒྱུས》ལས།  རྒྱལ་པོ་གཉའ་ཁྲི་བཙན་པི་ནི་དང་པོ་གནམ་གྱི་ལྷ་ཡབ་ལྷ་བདག་དྲུག་གི་ཚ་བོ་ཡིན་པ་ལྷ་རི་གྱང་དོར་དུ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་པ་དང་། དེ་ཚེ་རི་རབ་ལྷུན་པོ་དང་ཤིང་ལྗོན་པ།  ཆར་བསིལ་མ།  རྡོ་ཕ་བོང་ལ་སོགས་པས་ཀྱང་ཕྱག་འཚལ་ནས་དགའ་བསུ་ཞུ་བར་བཀོད་པ་དང་།  རྟ་རྐྱང་དབྱེ་བའི་རབས་བྱ་བའི་སྲོག་ཆགས་གཏམ་རྒྱུད་དུ་།  རྟ་ནི་དང་ཐོག་གནམ་རིམ་པ་དགུའི་ཡང་སྟེང་ནས་ལྷ་ཡུལ་གུང་ཐམ་དུ་བབ་ཅིང་།  རྩ་ཆའི་དོན་དུ་འབྲོང་དང་འཐབ་རེས་བྱས་ནས་ཕས་ཁ་མྱངས་པ་དང་། ཕྱིར་དགྲ་ཤ་གླན་པར་རྟའི་ནང་མ་མཐུན་པར་ཕན་ཚུན་དམོད་རེས་བྱས་ནས་རི་ཡུལ་གཉིས་སུ་གྱེས་པས་རྟ་དང་རྐྱང་དུ་གྱུར།  མཐའ་གཞུག་རྟ་ཁུག་རོན་མང་དར་བྱ་བས་མི་དང་འབྲེལ་བ་བཙུགས་ནས།  འབྲོང་ཡག་སྐར་མ་བསད་དེ་ཤ་འཁོན་གླན་པར་བཀོད་ཡོད་པ་རེད།  དེ་ལས་ངེས་ཤེས་སྐྱེས་པ་ནི།  གདོད་མའི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས་ཀྱི་དུས་མགོར།  ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བའི་གནས་ཚུལ་འོག    མི་རྣམས་ཀྱིས་འཕོ་འགྱུར་ཆེ་ཞིང་དཔོན་དཀའ་བ་དང་རྙོག་དྲ་ཆེ་བའི་རང་བྱུང་སྣང་ཚུལ་ངེས་མ་ཐུབ་པས།   ཐོན་སྐྱེད་འཐབ་རྩོད་ཀྱི་ཁྲོད་དུ་རང་བྱུང་ཁམས་འདུལ་བའི་རེ་འདུན་དང་སྟོང་སྣང་བྱུང་ཞིང་།  རང་བྱུང་ཁམས་དང་དཔའ་བོའི་མི་སྣ་གཟུགས་སྣང་ཅན་དང་ལྷའི་རང་བཞིན་ཅན་དུ་བསྒྱུར་ནས་བསྟོད་བསྔགས་བྱས་པ་ལས་ལྷ་སྒྲུང་བྱུང་བ་དང་།  གནའ་བོའི་ལྷ་སྒྲུང་དང་དེ་དག་དང་སྦྲགས་པའི་ངག་རྒྱུན་སོགས་འཕེལ་འགྱུར་བྱུང་བ་ལས་འཆར་ཡན་རིང་ལུགས་ཀྱི་གསར་རྩོམ་བྱེད་སྟངས་དེ་བྱུང་བར་སྙམ།

3_3 སྒྲུང་གླུའི་སྒྲིག་གཞི།

གོང་དུ་བཤད་པ་ལྟར་གླིང་སྒྲུང་ནང་གི་མི་སྣ་ཕན་ཚུན་བར་གྱི་གཏམ་གླིང་མང་ཆེ་བ་ནི་གླུ་རུ་གྱེར་ཞིང་།  དེའི་ཡང་ཐོག་མར་སྐད་ཆ་འཆད་མཁན་ནམ་གླུ་ལེན་མཁན་གྱིས་ཁོང་རང་དང་ཆིབས་པ། གླུ་བཅས་ཀྱི་མིང་ལ་ཅི་ཟེར་བ་དང་མིང་དེ་དག་ཇི་ལྟར་ཐོགས་པ་སོགས་མཚམས་སྦྱོར་བྱེད་པ་དང་།  དེ་ནས་བརྗོད་དོན་དངོས་གང་ཡིན་པ་ལྷུགས་པོར་བརྗོད་པའི་སྒྲིག་གཞི་གཏན་ཆགས་ཤིག་ཡོད་པ་ནི་གླིང་སྒྲུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་པ་རེད།  དེས་ན་ཁྱད་ཆོས་དེ་ཡང་དུས་རབས་བཅུ་བའི་རྗེས་ནས་གླིང་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པ་དང་མཉམ་དུ་གྲུབ་པ་ཡིན་ནམ་ཟེར་ན་མ་ཡིན་ཏེ།  སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་སྤུ་རྒྱལ་བོད་ཀྱིས་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་པའི་དགྱེས་སྐྱེམས་སྟོན་མོའི་ཐོག་རྒྱལ་པོ་སྲོང་བཙན་གྱིས་མགུར་བླངས་པ་ལས།

ཀྱི་རྗེ་འི་ནྀ་མཚན་བ་འདི། །

ཁྲྀ་འི་ནྀ་སྲོང་བཙན་ཞིག  །

བློན་གྱྀ་ནི་མྱིང་བརའདྀ།  །

སྟོང་རྩན་ནི་ཡུལ་ཟུང་ཞིག །

ཆིབས་ཀྱྀ་ནི་མྱིང་བ་འདྀ། །

རྡུལ་བུ་ནྀ་གཙང་གཙང་ལྟ། །

ཞེས་ཐོག་མར་མགུར་བཞེས་མཁན་རྒྱལ་པོ་རང་དང་།  བློན་པོ། ཆིབས་པ་བཅས་ཀྱི་མིང་ལ་ཅི་གསོལ་བ་མཚམས་སྦྱོར་བྱས་རྗེས།  ད་གཟོད་བརྗོད་བྱ་དངོས་ཏེ།  ཡུ་བུ་ནྀ་རྗེ་དང་བློན།  ཡར་མོ་ནི་ཆུ་ཐུངས་ཀྱིས།  ཞེས་བཀོད་པ་དང་།  སྤྱི་ལོ༡༠༤༢ལ་འཁྲུངས་པའི་རྗེ་མི་ལ་རས་པའི་མགུར་ལས་ཀྱང་དེ་དང་འདྲ་བ་བྱུང་སྟེ།

མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།།

མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།།

མི་ང་རང་མི་ལ་རས་པ་ཡིན།།

ལྟེ་བ་གུང་ཐང་སྨད་དུ་བཅད།།

སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས།།

ཞེས་པ་ལྟ་བུ་རེད།  དེས་ན་སྒྲུང་གླུའི་སྒྲིག་གཞི་བཀོད་སྟངས་འདི་ནི་བྱུང་བ་སྔ་ཞིང་བཙན་པོའི་དུས་སྐབས་དང་གླིང་གེ་སར་རྒྱལ་པོའི་སྐུ་རིང་ལ་སླེབས་དུས་མགུར་ཚིག་གི་སྒྲིག་གཞི་བཀོད་སྟངས་ཤིག་ཏུ་གྱུར་པ་ལས།  དེའི་རྗེས་ཀྱི་མི་རྣམས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་སྐྱེས་ཆེན་དམ་པ་སྤྱིའི་མཛད་སྤྱོད་གླིང་གར་སར་རྒྱལ་པོའི་སྟེང་དུ་སྦྱོར་བའི་དུས་མཉམ་དུ་གསར་གཏོད་བྱས་པ་ཞིག་གཏན་ནས་མ་རེད།

3_4 སྒྲུང་གླུའི་མིང་།

གླིང་སྒྲུང་ནི་འཆད་གྱེར་ཟུང་འབྲེལ་གྱི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པས།

གླིང་སྒྲུང་ནི་འཆད་གྱེར་ཟུང་འབྲེལ་གྱི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་པས། དེའི་ནང་གི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་།  བྱ་རིམ། ཁོར་ཡུག་སོགས་སྐད་ཆའི་སྒྱུ་རྩལ་སྣ་ཚོགས་ཀྱི་སྒོ་ནས་ལྷུགས་པོར་བརྗོད་པ་དང་།  མི་སྣ་ཕན་ཚུན་བར་གཏམ་གླིང་བྱས་པའི་ཚིག་རྣམས་དབྱངས་སུ་གྱེར་ནས་ལེན་པར་མ་ཟད།  མི་སྣ་སོ་སོའི་གླུ་མིང་ཡང་མི་འདྲ་བ་རེད།  དཔེར་ན།  ཨ་ཁུ་སྤྱི་དཔོན་གྱི་གླུ་ལ་གླུ་དལ་ལ་རིང་མོ་ཟེར་བ་དང་། ཨ་ནེ་གོང་སྨན་རྒྱལ་མོའི་གླུ་ལ་ཁམས་གསུམ་ཟིལ་གནོན་ཟེར།  ཧོར་གུར་དཀར་གྱི་གླུ་ལ་རྔམ་ཆེན་འགྱིང་གླུ་ཟེར།   ཨ་ཁུ་ཁྲོ་ཐུང་གི་གླུ་ལ་སྟག་མོའི་ངར་སྐད་ཟེར། རྒྱ་ཚའི་གླུ་ལ་གཡུ་འབྲུག་ངར་སྐད་དམ་དཀར་སེང་དྲུག་འགྱུར་ཟེར།  ཧོར་ཤན་པའི་གླུ་ལ་གླུ་ཕྲེང་རིང་ཆུ་བོ་དལ་འབབ་ཟེར།  གླིང་གི་མོ་མའི་གླུ་ལ་ཐང་དཀར་ལྡིང་གླུ་ཟེར།  ཨ་ཁུ་ཚང་གུ་ངོ་ལུག་གི་གླུ་ལ་བྱ་ཤིང་ལྡེམ་གླུ་ཟེར།  གླིང་ནེའུ་ཆུང་གི་གླུ་ལ་སྟོབས་ཆེན་སེང་གེའི་ངར་སྒྲ་ཟེར། གླིང་འབྲུག་མོའི་གླུ་ལ་དགུ་སིང་དྲུག་འགྱུར་རམ་སེར་མོའི་ན་རན་ཁུགས་འགྱུར་ཟེར།  ལྷ་ཚངས་པ་དཀར་པོའི་གླུ་ལ་ལྷ་གླུ་དཀར་པོ་རྒྱང་བསྒྲགས་ཟེར།  མོན་གྱི་སྲས་མོ་མེ་ཏོག་གི་གླུ་ལ་མེ་ཏོག་པདྨའི་འཛུམ་གླུ་ཟེར།  འདན་མགུར་ལྷ་མཚོའི་གླུ་ལ་ཁུ་བྱུག་ལྡེམ་དྲུག་ཟེར་བ་ལྟར་རེད། འདན་མགུར་ལྷ་མཚོའི་གླུ་ལ་ཁུ་བྱུག་ལྡེམ་དྲུག་ཟེར་བ་ལྟར་རེད།  དེས་ན་གླུ་མིང་དེ་དག་རྒྱུ་མཚན་གང་ལ་བརྟེན་ནས་བཏགས་པ་ཡིན་ཟེར་ན།  ཧོར་གུར་དཀར་གྱིས་བླངས་པའི་གླུ་ལས།

གླུ་དང་པོ་གངས་དཀར་རྩེ་ལ་ལེན། །

སེང་དཀར་མོས་གཡུ་རལ་ངོམ་འདྲ་ལེན། །

གླུ་འདི་ལ་རྔམ་ཆེན་འགྱིང་གླུ་ཟེར། །

གླུ་དེ་ནས་བར་སྣང་ཁམས་ལ་ལེན། །

དགུང་གཡུ་འབྲུག་ངར་སྐད་གྲགས་འདྲ་ལེན། །

གླུ་འདི་ལ་དཔའ་བོའི་ངར་གླུ་ཟེར། །

གླུ་དེ་ནས་ཁྲ་ཡག་རྫ་ལ་ལེན། །

འབྲོང་བྲེ་སེར་རུ་ཐུར་རྔར་འདྲ་ལེན། །

གླུ་དེ་ལ་ཤ་ཟ་སྲོག་གླུ་ལེན། །

ཞེས་པར་བརྟགས་ན“རྔམ་ཆེན་འགྱིང་གླུ”དང“སྟག་མོའི་ངར་སྐད”“སྟོབས་ཆེན་སེང་གེའི་ངར་སྒྲ”“གཡུ་འབྲུག་ངར་སྐད”“ཁམས་གསུམ་ཟིལ་གནོན” “ཁྲོམ་ཆེན་ཟིལ་གནོན”སོགས་ནི་སྐད་ཀྱི་གཟེངས་མཐོ་ཞིང་ཚིག་གི་རླབས་ཆེ་བས།  ཕ་རོལ་ཟིལ་གྱིས་གནོན་དང་སྤ་བཀོད་བར་བྱེད་པའི་ནུས་པ་དང་ལྡན་པས་ན། དེ་དང་འདྲ་བའི་དཔེ་ཡི་མིང་གིས་བཏགས་པ་རེད། དེ་བཞིན་དུ“གླུ་ཕྲེང་རིང་ཆུ་བོ་དལ་འབབ”དང“དལ་བ་རིང་མོ”སོགས་ལ་མཚོན་ནའང《འཛམ་གླིང་སྤྱི་བསང》ལས།

ཕྱི་དལ་འབྱོར་ཐོར་པས་དལ་བ་ཟེར།།

ནང་རང་སེམས་དལ་བས་དལ་བ་ཟེར།།

བར་ལས་རླང་དལ་བས་དལ་བ་ཟེར།།

གླུ་དལ་བ་རིང་མོ་དེ་ནས་ཐོགས།།

ཞེས་གླུ་དེ་དག་ནི་ལེན་མཁན་གྱི་སེམས་བག་ལ་ཕབ་པ་དང་དབྱངས་ཀྱི་མཚམས་ཚིགས་རིང་ཞིང་དལ་བར་ལེན་པའི་ངང་ཚུལ་དེ་དལ་བར་འབབ་ཅིང་སྙན་པའི་སྒྲ་སྒྲོག་པའི་ཆུ་རྒྱུན་རིང་མོ་ཞིག་དང་འདྲ་བས་ན་མིང་ཡང་དེ་ལྟར་བཏགས་པར་སྙམ།   གཞན་ཡང་།  འབྲུག་མོའི་གླུ་ལ།

སེར་མོར་སྣང་གླུ་རིན་རེན་ཆེན་རེད།།

ཁུ་བྱུག་གཤོག་སྐད་འགྱུར་བའི་གླུ །།

མེ་ཏོག་སྤང་ལ་བཀྲ་བའི་གླུ།།

དགོང་མོར་ལྷ་ཆར་འབབ་པའི་གླུ།།

གཡུ་འབྲུག་དབྱངས་སྙན་སྒྲོག་པའི་གླུ།།

བུང་བ་ཟིལ་ལ་ཆགས་པའི་གླུ།།

དེ་རིང་ལེན་པ་སྣང་བ་བདེ།།

ཞེས་པ་ལས།  “སེར་མོར་སྣང་གླུ་རིན་ཆེན”དང“ལྕོག་ཀ་དྲུག་འགྱུར”“མེ་ཏོག་པདྨའི་འཛུམ་གླུ”“དགུ་སིང་དྲུག་འགྱུར”སོགས་ནི་ལེན་མཁན་གྱི་སྣང་བ་སྤྲོ་བའི་ངང་བླངས་པས།   དབྱངས་ཀྱི་གདངས་དང་ཚིག་གི་དོན་ལ་སྙན་པའི་ཉམས་ལྡན་ཞིང་།   བརྩེ་དུང་གི་ཤུགས་དྲག་པས་ན་དེ་དང་འདྲ་བའི་དཔེའི་མིང་བཏགས་པར་སྙམ།  མདོར་ན།  ས་སྐྱ་པཎ་ཆེན་གྱིས་དེ་ནས་དབྱངས་ཀྱི་སྦྱོར་བ་རྣམས།   དཔེ་ཡི་མིང་གིས་བཤད་པར་བྱ།  འདྲེན་པའི་དཔག་བསམ་ལྗོན་ཤིང་སྟེ།  བཀུག་པ་མེ་ཏོག་འཁྲི་ཤིང་ཡིན།། དབུས་ཞན་ཆུ་ཀླུང་དལ་འགྲོ་བ།  འགྱུར་ཁུགས་རྒྱ་མཚོའི་ཟླ་བཤད།།  ཅེས་པ་བཞིན།  གཙོ་བོར་དབྱངས་ཀྱི་འགྱུར་ཁུགས་དང་མཚམས་ཚིགས།   བྱེད་ནུས།   ཁྱད་ཆོས་སོགས་གཙོར་བཟུང་ནས།  དེ་དང་འདྲ་བའི་དཔེའི་མིང་བཏགས་པ་དང་། གླུ་སོ་སོའི་དབྱངས་དང་ཚིག    བྱེད་ནུས། ཁྱད་ཆོས་སོགས་མི་འདྲ་བའི་རྐྱེན་གྱིས་མིང་གི་རྣམ་གྲངས་མང་དུ་བྱུང་བར་མ་ཟད། ཉན་མཁན་སོ་སོའི་ཤེས་རྟོགས་ཀྱི་ཆུ་ཚད་མི་འདྲ་བ་དང་ལེན་མཁན་གྱི་དམིགས་པ་མི་འདྲ་བའི་དབང་གིས་གླུ་དེ་དག་ལེན་པར་ཁོར་ཡུག་ཀྱང་ངེས་གཏན་རེ་ཡོད་པ་རེད།  ས་སྐྱ་པཎ་ཆེན་གྱིས།  ཚོགས་སུ་སེང་གེའི་ང་རོ་སྟེ། དབེན་པར་བུང་བ་རོལ་བའི་ཚུལ།  མཁས་པའི་འདུན་སར་ནེ་ཙོའི་དབྱངས། རྨ་བྱ་འཇོ་སྒེག་རྨོངས་ནང་དུ།  སྐྱོ་ཚེ་དང་བ་ཀུན་འདྲེན་པ། རྗེས་སུ་དགའ་ད་འདོད་ལྷའི་མདའ།  མཆོད་ལ་དགེ་བའི་མེ་ཏོག་སྟེ། བ་ཚྭའི་ཆུ་ཀླུང་སྡིག་སྦྱངས་ལ། རང་ཕྱོགས་བསྟོད་ན་ལྷ་ཡི་རྔ། ཕ་རོལ་སྨད་ན་འཁོར་ཟིལ་གནོན།  ཀུན་ཏུ་སྙན་པ་དྲི་ཟའི་དབྱངས། སྤེལ་བ་མེ་ཏིག་ཕྲེང་ལྡན་ཡིན།  ཞེས་གསུངས་པ་ལྟར་ན།  ཁྲོམ་ཆེན་པོའི་དབུས་སུ་བླངས་ནས་དེ་ཟིལ་གྱིས་གནོན་པ་ལ།  དབྱངས་ཀྱི་གཟེངས་མཐོ་ཞིང་ཚིག་གི་རླབས་ཆེ་བའི་གླུ་ལེན་དགོས་པ་དང་།  ཆོས་སྲིད་ཀྱི་དོན་དུ་ཕན་ཚུན་གླེང་མོལ་དང་གྲོས་མོལ་བྱེད་པའི་ཁྲོམ་ཚོགས་སུ་དབྱངས་ཀྱི་མཚམས་ཚིགས་རིང་ཞིང་དལ་བའི་གླུ་ལེན་པ། རྒྱལ་ཁའི་དགའ་སྟོན་དང་གཉེན་སྟོན། དུས་སྟོན་སོགས་ཀྱི་ཚོགས་དབུས་སུ་དབྱངས་དང་ཚིག་ལ་སྙན་ཉམས་ལྡན་ཞིང་བརྩེ་དུང་གི་ཤུགས་དྲག་པའི་གླུ་ལེན་དགོས་པ་རེད།  དེ་མིན་མི་ཆུང་ཁ་བདེའི་གླུ་ལས།  རྡོ་རྗེ་མགུར་གླུ་རྒྱལ་པོའི་གླུ།  འཇོམ་མོའི་དྲུག་འགྱུར་བཙུན་མོའི་གླུ།  ཞེས་པ་སོགས་མང་དུ་བཀོད་པར་བལྟས་ན།  ཐོབ་ཐང་མི་འདྲ་བའི་མི་ལ་གླུའི་དབྱངས་རྟའང་ངེས་གཏན་རེ་ཡོད་པར་སྙམ་མོ།

དེས་ན་གླུ་མིང་དེ་དག་དང་དེ་འདོགས་ལུགས་ནི་དུས་སྐབས་ནམ་ཞིག་ལ་བྱུང་བ་ཡིན་ཟེར་ན།  དེ་བྱེ་བྲག་ཏུ་དུས་འདི་དང་དེ་ལ་བྱུང་ཟེར་བའི་སྤོབས་པ་མེད་ཀྱང་།  《རྒྱལ་པོ་བཀའ་ཐང》ལས།  བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་གྲུབ་པའི་དགའ་སྟོན་གྱི་དུས་སུ།  ལྷ་སྲས་མུ་རུབ་བཙན་པོ་ཡིས“སེང་གེ་འགྱེང་ཆེན”དང་། ཇེ་མོས“གཡུ་མཚོ་འཁྲིལ་བ”སློབ་དཔོན་གྱིས《ལྷ་འདྲེ་ཟིལ་གནོན》བཻ་རོ་ཙ་ན་ཡིས་“དབྱངས་རིང་ཁུག་པ”གནུབས་བན་ནམ་མཁའི་སྙིང་བོ་ཡིས“མཁའ་ལ་གཁྱུང་ལྡིང”ལྷ་ལྕམ་གྱིས“གཡུ་ཡི་ལྕུག་ཕྲན”མགར་གྱིས“བྱ་རྒོད་ལྡིང་བ”ས་ལོའི་སྤྲིལ་བ་མཚོ་རྒྱལ་གྱིས“གཡུ་ཡི་ལྕུག་ཕྲན”མགར་གྱིས“བྱ་རྒོད་ལྡིང་བ”ས་ལོའི་སྤྲུལ་བ་མཚོ་རྒྱལ་གྱིས“ཕུར་བ་འཇོལ་ཆེན་འཇོལ་ཆུང”འགོས་ཀྱིས“དྲང་ཤིང་དཀར་བོ”བཙུན་པ་རྒྱལ་མཆོག་གིས“རྟ་མགྲིན་མགུར་དབྱངས”སོགས་བླངས་ཞེས་བྱུང་བར་བརྟགས་ན། དཔེ་ཡི་སྒོ་ནས་གླུ་མིང་འདོགས་པའི་སྲོལ་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་དར་ཁྱབ་ཆེ་བར་མ་ཟད། གོང་དུ་དྲངས་པའི་གླིང་སྒྲུང་ནང་གི་གླུ་མིང་མང་ཆེ་བའང་དུས་དེར་བྱུང་ཡོད་པ་མངོན་གསལ་རེད།

3_5 སྒྲུང་གླུའི་ལེན་ཚུལ།

གླིང་སྒྲུང་དུ་བླངས་པའི་གླུ་རྣམས་མི་སྣ་ཕན་ཚུན་བར་གླེང་མོལ་བྱེད་པའི་སྐད་ཆ་ཤ་སྟག་ཡིན་པས། དེའི་ནང་དུ་དྲི་བ་དྲིས་ལན་གྱི་རྣམ་པ་ཤིན་ཏུ་མང་ཞིང་།  ཁྱད་པར་དུ་སྲིད་པ་ཆགས་ལུགས་དང་། མིའི་འབྱུང་ཁུངས

འབྲུ་རིགས་དང་རྟ་སོགས་ཀྱི་མཆེད་ཁུངས། གནས་དང་ཡུལ་གྱི་བསྟོད་པ།  ཕ་རོལ་པོར་ཚོད་བགམ་བྱེད་པ་ལ་སོགས་པའི་དུས་སུ་ཀུ་རེ་རྩེ་མཚར་དང་དྲི་བ་དྲིས་ལན་ཚུལ་གྱིས་བསྟན་པས་ཤེས་བྱའི་རང་བཞིན་དང་ཡིད་འགུག་གུ་ནུས་པ་ཆེན་པོ་ཡིད་པ་རེད།  དེ་ཡང་གདོན་མཚོན་པའི་ཆེད་དུ་ཡིག་ཚོགས་མང་བར་མ་འཛེམ་པར་དཔེ་རེ་གཉིས་དྲངས་ནས་ཅུང་ཟད་སྤྲོས་ན ། 《སྟག་གཟིག་ནོར་རྫོང》ལས།

མ་དྲོས་ཀླུ་སྦལ་སྔོན་པོ་དེ།།

སྟེང་གི་ཚངས་པས་ཕྱག་ལ་བླངས།།

གནམ་ལ་གཡུག་ནས་ས་ལ་འཕངས།།

སྦལ་ཀླད་ས་ལ་ཐོར་བ་དེ།།

མུ་པའི་བླ་རི་དཀར་ཆུང་ཆགས།།

མིག་འབྲས་ཐང་ལ་ལྷུང་བ་དེ།།

འོག་རྟ་ཕ་བོང་དྲེལ་དཀར་ཆགས།།

སྦལ་སྤུ་རླུང་གིས་ཁྱེར་བ་དེ།།

རྨ་ལྷ་རིའི་ལྷ་ཤུག་བཅུ་གསུམ་སྐྱེས།།

སྦལ་ཁྲག་ས་ལ་ཐོར་བ་དེ།།

རྨ་ལྷ་རིའི་གཡུ་མཚོ་བཅུ་གསུམ་ཆགས།།

སྦལ་རུས་ས་ལ་གདབ་པ་དེ།།

རྨ་ལྷ་ལུང་ཡིད་ཀྱི་དཀྱིལ་འཁོར་ཆགས།།

ཞེས་རྨ་ལྷ་ལུང་དང་དེའི་ཁོངས་ཀྱི་རི་ཆུ་ནགས་ཚལ་སོགས་ནི་ལྷ་ཚངས་པ་དཀར་པོས་མཚོ་མ་དྲོས་ནང་གི་ཀླུ་སྦལ་སྔོན་མོ་ཞིག་གནམ་ལ་འཕགས་ནས་དེའི་ཡན་ལག་དང་ཉིང་ལག་རྣམས་སོ་སོར་ཐོར་བ་ལས་ཆགས་པར་བརྗོད་པ་དང་།  《བདུད་འདུལ》ལས་མེ་བཟའ་འབུམ་སྐྱིད་ཀྱིས་གླིང་གེ་སར་རྒྱལ་པོ་ལ།

གླིང་དཀར་པོའི་ལོ་རྒྱུས་ང་ཡིས་འདྲི།།

ས་གླིང་གི་བཤད་པ་ཁྱོད་ཀྱིས་རྒྱོབས།།

ཡུལ་གླིང་དཀར་སྟོད་ཀྱི་ལྷ་གསུམ་ཤོད།།

གླིང་དཀར་པོའི་དགོན་པ་རྣམ་གསུམ་ཤོད།།

གླིང་ལྷ་སྡེ་དད་པའི་རྟེན་གསུམ་ཡོད།།

གླིང་ཚོ་ཆེན་བླ་བྱ་གསུམ་ཀ་ཤོད།།

ཅེས་གླིང་གེ་སར་རྒྱལ་པོ་དངོས་ཡིན་མིན་ཚོད་བགམ་པའི་དྲི་བ་སོ་བརྒྱད་བཏོན་པ་ལ།   གླིང་གེ་སར་རྒྱལ་པོས།   གླིང་གེ་སར་རྒྱལ་པོས།

ལྷ་ཚངས་པ་དཀར་པོ་གླིང་གི་ལྷ།།

གཉན་གེར་མཛོད་གཉན་པོ་གླིང་གི་ལྷ།།

ཀླུ་གཙུག་ན་རིན་ཆེན་གླིང་གི་ལྷ།།

དེ་གླིང་དཀར་སྟོད་ཀྱི་ལྷ་གསུམ་ཟེར།།

ཀླུ་གཙུག་ན་རིན་ཆེན་གླིང་གི་ལྷ།།

དེ་གླིང་དཀར་སྟོད་ཀྱི་ལྷ་གསུམ་ཟེར།།

གླིང་དཀར་པོའི་དགོན་པ་གསུམ་པོ་དེ།།

ཤར་ཙོང་ཁ་ཁྲ་མོ་གླིང་གི་དགོན།།

ལྷོ་དགོན་སྡེ་ཁྲ་མོ་གླིང་གི་དགོན།།

ནུབ་འབུམ་སྐྱོང་དཀར་པོ་གླིང་གི་དགོན།།

གླིང་དཀར་པོའི་དགོན་པ་གསུམ་པོ་རེད།།

གླིང་ལྷ་སྡེ་དད་པའི་རྟེན་གསུམ་ནི།།

གསེར་བཟང་པོའི་ཐུབ་པ་རང་བྱོན་གཅིག།

གཡུ་སྔོན་པོའི་སྒྲོལ་མ་གསུང་འབྱོན་གཉིས།།

དུང་དཀར་པོའི་ཐུགས་རྗེ་ཆེན་པོ་གསུམ།།

གླིང་ལྷ་སྡེ་དད་པའི་རྟེན་གསུམ་ཟེར།།

གླིང་ཚོ་ཆེན་བླ་བྱ་གསུམ་ཀ་དེ།།

ཁྲུང་ཁྲུང་དཀར་མོ་གླིང་གི་བྱ།།

ཕོ་རོག་ནག་ཆུང་གླིང་གི་བྱ།།

སྐྱ་ཀ་ཁྲ་ཆུང་གླིང་གི་བྱ།།

གླིང་ལྷ་སྡེ་བླ་བྱ་གསུམ་ཀ་ཟེར།།

ཞེས་ལན་གླན་པར་མཚོན་ན།  གནའ་བོའི་ལྡེའུ་ལས་མཆེད་པའི་གླུ་མདུད་དམ་གླུ་ཁེད་དེ《སྲིད་པའི་ཆགས་གླུ》དང་།  《ཨ་ཆགས་ཆགས་ལ་ཆགས་དགུ》《ཨ་མཚར་མཚར་ལ་མཚར་དགུ》《གཡང་དཀར་ལུག་གླུ》《སྲིད་པའི་རང་འཐག་ཆ་བརྒྱད》ལ་སོགས་པའི་རྣམ་པ་དང་འགྲོ་ཕྱོགས་དང་ཀུན་ནས་མཚུངས་པ་རེད།  དེས་ན་ལྡེའུ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས་པར་གྲགས་པའི《བཀའ་ཆེམས་ཀ་ཁོལ་མ》སོགས་ལས།  ལྡེའུ་ཡང་སྟེང་ན་དབུ་ཉི་མ་བ།  འོག་ན་ཆུ་ཆར་ཅི་ཡིན་བྱ་བས་སྣ་དྲངས་པ།  ཐེམ་སྙེར་སྦ་བ་ཕྱིས་ཅི་ཡིན།  དམར་པོ་སྤུ་མེད་བཅུག་ཅིང་ཕྱུང་།  སེར་པི་མགོ་ཆེ་བསྐྱེད་ཅིང་རྒྱགས་ཅི་ཡིན། བྱ་བ་སོགས། ཞེས་པ་དང་།  རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན་ཞེས་པ།  ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་བཀོད་པ་ལྟར་ན།  རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་དུ་བོད་ཡིག་ཐོན་མེད་སྟབས་ཡི་གེ་ལ་བརྟེན་ནས་མི་རྣམས་ལ་སློབ་གསོ་བྱེད་ཐབས་བྲལ་བས།   ཤེས་རིག་ཡར་རྒྱས་གཏོང་ཐབས་སུ་རྩེ་མཚར་དང་གབ་པའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་དྲི་བ་བཏོན་ཏེ།  དེའི་ལན་གཟུགས་སྣང་ཅན་གྱི་རི་མོའམ།  ཡང་ན་དངོས་པོ་འདི་དང་དེ་ཡིན་ཞེས་སྤེལ་བའི་རྩིམ་རིག་ཅིག་རེད། དེར་བརྟེན།  རྩེ་མཚར་དང་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བརྗོད་དོན་དབྱངས་དུ་གྱེར་བའི་རྣམ་པ་ནི།  མ་མཐར་ཡང་བཙན་པོའི་དུས་སྐབས་སུ་ཆེས་ཆེར་དར་བ་མངོན་གསལ་རེད།  མི་འདྲ་ས་ཏོག་ཙམ་རེ་ཡོད་པ་ནི་རྗེས་སུ་འཕེལ་རྒྱས་བྱུང་བའི་ཆ་ཙམ་རེད།  མི་འདྲ་ས་ཏོག་ཙམ་རེ་ཡོད་པ་ནི་རྗེས་སུ་འཕེལ་རྒྱས་བྱུང་བའི་ཆ་ཙམ།  རྩེ་མཚར་དང་དྲི་བ་དྲིས་ལན་གྱི་ཚུལ་གྱིས་དབྱངས་སུ་གྱེར་བ་ནི་བྱུང་སྔ་བ་དེའི་ནང་དོན་གྱི་ངོས་ནས་བལྟས་ནའང་གདོད་མའི་མི་རྣམས་ཀྱི་རིག་པ་ནར་མ་སོན་པའི་འདུ་ཤེས་ཡིན་པ་ལས།  མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ཆུ་ཚད་འཕེལ་རྒྱས་སུ་ཕྱིན་ནས་རང་བྱུང་ཁམས་དང་དེའི་འགྱུར་བ་རྟོགས་པའི་དུས་རབས་བཅུ་བའི་རྗེས་སུ་དེ་ལྟར་ངོས་འཛིན་མི་བྱེད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

3_6 སྒྲུང་གླུའི་ཚིག་རྒྱན།

ཚིག་རྒྱན་ནི་མི་རྣམས་ཀྱི་ངག་གི་ཕྲེང་བ་མཛེས་པར་བྱེད་པའི་ཐབས་སམ་སྒྱུ་རྩལ་ཡིན་ཞིང་།  གླིང་སྒྲུང་ལ་བྱུང་བརྗོད་སྙན་ངག་ཅེས་སྙན་ངག་ཏུ་འབོད་པ་ནི།   གཙོ་བོ་གླིང་གེ་སར་རྒྱལ་པོའི་རྟོགས་པ་རྗོད་བྱེད་ཀྱི་ཚིག་གི་ཕྲེང་བ་རྣམས་ཚིག་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པའི་རྐྱེན་གྱིས་རེད།   དེས་ན་ཚིག་རྒྱན་དེ་དག་བྱེ་བྲག་ཏུ་ཅི་ཙམ་ཡོད་པ་དང་དེ་དག་གི་བྱུང་བ་གང་འདྲ་ཡིན་ཞེ་ན།   ཚིག་རྒྱན་ནི་སྐྱེ་བོ་བྱས་པ་ཞིག་མིན་པར།  མིའི་རིགས་ཀྱིས་དངོས་པོའི་འཚོ་བ་དང་།   ཤེས་རིག   ཡིད་ཀྱི་སྤྲུལ་བ་བཅས་འཕེལ་རྒྱས་སུ་སོང་བའི་གོམས་སྟབས་དང་བསྟུན་ནས་དེའང་འཕེལ་རྒྱས་སུ་ཕྱིན་ཏེ་ཕུན་སུམ་ཚོགས་པར་གྱུར་ལ།  གླིང་སྒྲུང་ཡང་ད་ལྟའི་རྣམ་པ་ཅན་དུ་གྲུབ་པ་ནི།  དུས་གཅིག་ལ་གང་ཟག་གཅིག་གིས་རིག་པར་བརྟེན་ནས་བརྩམས་པ་མིན་པར།   མིརབས་བརྒྱ་ཕྲག་མང་པོའི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་གྲུབ་པ་དང་།  ཁྱད་པར་དུ་གླིང་སྒྲུང་ཇེ་རྒྱས་ཇེ་མང་དུ་གཏོང་བའི་རྙིང་མའི་མཁས་པ་རྣམས་དང་དེ་འཚོལ་སྡུག་དག་སྒྲིག་མཛད་མཁན་ནི་རྒྱ་གར་གྱི་ཚིག་རྒྱན་རིག་པའི་བསྟན་བཅོས《མེ་ལུང་མ》བོད་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་རྗེས་ཀྱི་མཁས་པ་རྣམས་ཡིན་པས།   དེའི་ནང་དུ་བོད་ཀྱི་སྐད་ལ་རྒྱུགས་ཆེ་བའི་ཚིག་རྒྱན་ཕུན་སུམ་ཚོགས་པོ་ཞིག་ཡོད་པར་མ་ཟད། 《མེ་ལོང་མ》ཡི་དངོས་བསྟན་གྱི་རྒྱན་ཡང་ཧ་ཅང་མང་བ་རེད།  དེར་བརྟེན།  འདི་གླིང་སྒྲུང་གི་རྒྱན་ཡིན་ཞེས་ངེས་གཏན་གྱི་ཚིག་རྒྱན་ཞིག་དབྱེ་རྒྱུ་ཤིན་ཏུ་དཀའ་རུང་།  ཞིབ་ཏུ་དཔྱད་ན་དེ་ལ་རྒྱུགས་ཆེ་ཞིང་ཚིག་གི་ཁྱད་ཆོས་མཚོན་པའི་ཚིག་རྒྱན་འདི་འགའ་ཡོད་པར་སྙམ།  དཔེར་ན།  དཔེ་ཅན་གཅིག་ལ་དཔེ་མང་པོ་བཀོད་པའི་མང་པོའི་དཔེ་དང་།  གནའ་མིའི་གཏམ་དཔེ་དང་ངག་རྒྱུན་ལ་བརྟེན་ནས་བརྗོད་དོན་གསལ་བར་བྱེད་པའམ་སྒྲུབ་པའི་གཞན་འདྲེན་པའི་རྒྱན།    ཚིག་རྐང་སོ་སོའི་མཐའ་རུ་རྒྱན་ཚིག་དོ་མཉམ་པར་བཀོད་ནས་བརྗོད་དངོས་པོ་གང་དང་གང་གི་རྣམ་པ་དང་།   གནས་སྟངས།  བྱེད་ལས།   རང་བཞིན་མཚོན་པར་བྱེད་པའི་ངང་ཚུལ་སྟོན་པའི་རྒྱན་སོགས་ནི་གླིང་སྒྲུང་གི་མགོ་མཇུག་བར་གསུམ་སུ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་གནས་པས།  དེ་དག་ནི་གླིང་སྒྲུང་གི་སྐད་ཆའི་ཁྱད་ཆོས་མཚོན་པའི་ཚིག་རྒྱན་གཙོ་བོ་ཡིན་པར་སེམས། ཏུན་ཧོང་གཏེར་ཡིག་སོགས་བོད་ཀྱི་ཡིག་ཚང་སྔ་ཤོས་དག་བལྟས་ན།  ཚིག་རྒྱན་དེ་དག་ནི།   བཙན་པོའི་དུས་སྐབས་ནས་བོད་ཀྱི་སྐད་ལ་རྒྱུགས་ཆེ་བ་རེད།  དཔེར་ན།  མང་པོའི་དཔེ་ལ་མཚོན་ན།  བཙན་པོ་འདུས་སྲོང་མང་པོ་རྗེས་མགར་ཁྲི་འབྲེང་ལ་མགུར་བླངས་པ་སྟེ།

ཙེང་ལྡེང་ནི་བྲ་གུ་དང་།།

ཡར་ལྷ་ནི་ཤམ་པོ་གཉིས།།

གང་ཆེ་ནི་གང་ཆུང་བ།།

འགྲེང་བརྒྱའ་ནི་ཀུན་ཀྱང་འཚལ།།

སྐྱི་ཆུ་ནི་སྔོན་མོ་དང་།།

ཡར་ཆབ་ནི་ཆུ་བོ་ཆེ།།

གར་རིང་ནི་གང་ཐུང་བ།།

ཐང་ལྷ་ནི་ཡ་བཞུར་མཁྱེན།།

གནུབས་མཚོ་ནི་གླིང་དགུའ་དང་།།

གྲང་པོ་ནི་གག་ཆུང་བ།།

ཤ་མྱེད་ནི་གངས་ཀར་མཁྱེན།།

པྱ་མདའི་ནི་ཁང་སྐྱ་དང་།།

པྱིང་བའི་ནི་སྟག་རྩེ་གཉིས།།

གང་མཐོ་ནི་གག་དམའ་བ།།

ཡར་ལྷ་ནི་ཤམ་པོ་མཁྱེན།།

བྱ་ཕུ་ནི་ལུང་ཆུངས་ནས།།

མགར་ཁོལ་ནི་རྨང་བ་དང་།།

ཡར་ལུངས་ནི་པྱིང་ལུངས་ན།།

ལྷོ་རྔེགས་ནི་འཕན་པ་གཉིས།།

གང་འཕན་ནི་གག་རགས་པ།།

གཉི་ཟླ་ནི་ཡ་བིས་གཟིགས།།

ཞེས་པར་ཡར་ཀླུང་ཕྱོགས་ཀྱི་བཙན་པོ་དང་བྱ་པུ་བྱ་བའི་ཡུལ་གྱི་མགར་གཉིས་ཀྱི་དབང་ཐང་དང་ཆབ་སྲིད་ཀྱི་མངའ་རིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དེ་རི་ཀླུང་དང་མཚོ་མཁར་བཅས་ཀྱི་མཐོ་དམག་དང་ཆེ་ཆུང་སོགས་དཔེ་བཞི་དྲངས་ནས་ནན་ཏན་དང་གཟུགས་སྣང་ལྡན་པ་ཞིག་བསྟན་པ་ལྟ་བུ་རེད།

གཞན་འདྲེན་པའི་རྒྱན་ཡང་གོང་གསལ་གྱི་མགུར་དེ་ཉིད་དུ་འདི་ལྟར་འཁོད་ཡོད་དེ།

པྱ་མདོའི་ནི་སྨྲ་འོས་གྱིས།།(བྱ་མདོའི་མི་ཡི་ངག་རྒྱུན་ལ)

གྱེན་པི་ནི་འདྲིལ་འདྲིལ་ཡང་།།

ཤན་པོ་ནི་རྩེ་མོ་རུ།།

པྱིན་སྙམ་ནི་ལེང་མྱི་བགྱིད།།

ཤམས་པོ་ནི་གངས་དྲུང་དུ།།

སྣང་དང་ནི་ཞུགས་བལྟམ་ཡང་།།

ཤམ་པོ་ནི་གངས་མྱི་ཞུ།།

ཡར་ཆབ་ནི་སྔོན་པོ་ལ།།

ཆུ་བཆད་ནི་ཡུར་དྲངས་ཀྱིས།།

ཡར་ཆབ་ནི་གཟུང་མྱི་སྐམས།།

བོད་ཀྱི་ནི་སྤུ་རྒྱལ་དུ།།

སེམས་ཤིང་ནི་རེ་རེ་ཡང་།།

སྤུ་རྒྱལ་ནི་གདུང་མྱི་འཆད།།

ཞེས་པ་ལྟ་བུ་སྟེ།  བརྗོད་དོན་བློན་པོ་མགར་སྟོང་བཙན་གྱི་བུ་ཞིག་རྗེ་བོ་བྱེད་པར་འདོད་ཀྱང་།  བཙན་པོ་སྤུ་རྒྱལ་གྱི་གདུང་རྒྱུད་མི་འཆད་པས།  ཧམ་སེམས་དེ་འགྲུབ་ཐམས་མེད་པ་གསལ་བར་བྱེད་པའམ་དེ་སྒྲུབ་པའི་ཆེད་དུ་བྱ་མདའི་མི་ཡི་ངག་རྒྱུན་དྲངས་ནས་བརྗོད་པས་བརྗོད་དོན་གསལ་བར་བསྟན་པར་མ་ཟད།  ཚིག་དེའི་སྒྱུ་རྩལ་གྱི་ནུས་པ་ཇེ་དྲག་དང་བདེན་ཚད་ཇེ་མཐོར་བཏང་ཡོད་པ་རེད།

དེ་བཞིན་དུ་ངང་ཚུལ་སྟོན་པའི་རྒྱན་ཡང་ཏུན་ཧོང་བྲག་ཕུག་ནས་བཏོན་པའི་བཙན་པོའི་དུས་སྐབས་ཀྱི་ཡིག་ཚང་དུ་འདི་ལྟར་འཁོད་ཡོད་དེ། 

ཇེ་ཉེ་ནི་ཇེ་ཉེ་ན།།

གླ་སྐར་ནྀ་བྲག་དང་ཉེ།།

བྲག་དཀར་ནྀ་སི་སྀ་ལི།།

སྡུར་བ་ནྀ་ཆབ་དང་ཉི།།

གྱུར་སྲམ་ནྀ་པྱོ་ལ་ལའ།།

ཉེན་ཀར་ནྀ་དོག་དང་ཉེ།།

འབྲས་དྲུག་ནི་སི་ལྀ་ལི།།

མལ་ཏྲོ་ནི་ཀླུམ་དང་ཉེ།།

སྐྱི་བསེར་ནྀ་སྤུ་རུ་རུ།།

ཞེས་པ་དང་།  ཡང་། ལྷ་རི་གྱང་དོར་གཤེགས་ནས།། རི་རབ་ལྷུན་པོ་ཡང་དགུའ་དུད་དུད།  ཤིང་སྡོང་བོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ།  གོར་ཕ་བོང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ། །  ཞེས་པ་ལྟ་བུར་མཚོན་ན།  ཚིག་རྐང་སོ་སོའི་མཐའ་རུ“པྱོ་ལ་ལ”“སྤུ་རུ་རུ”སོགས་རྒྱན་ཚིག་རྣམས་དོ་མཉམ་པར་བཀོད་པ་དེས་གཟུགས་དང་སྒྲ། བྱ་བ་སོགས་ཀྱི་ངང་ཚུལ་མིག་དང་རྣ་བའི་ལམ་དུ་དངོས་སུ་བརྒྱུད་པ་ལྟར་གསལ་བར་བསྟན་ཡོད་པ་རེད།

དེ་ནི་གླིང་སྒྲུང་དུ་དཔའ་སྙིང་མེད་འཕྲུ་ནག་པུ་རུ་རུ།།

རྐང་མི་སྡོད་ཡོབ་བརྡུང་ཁྲ་ལ་ལ།།

མདའ་མོ་མི་ཟིན་གེ་རེ་རེ།།

གཞུ་དཀར་མི་ཟིན་སི་ལི་ལི།།

སོགས་གྲངས་ལས་འདས་པ་ཞིག་བཀོད་པ་དེའི་སྐྱིད་ཡིམ་ལྟ་བུར་གྱུར་པ་རེད།  གླིང་སྒྲུང་མཛེས་པར་སྤྲས་པའི་ཚིག་རྒྱན་འདི་དང་འདི་ལྟ་བུ་བཙན་པོའི་དུས་སྐབས་ནས་རྒྱུགས་ཆེ་བ་དེའི་སྐབས་ཀྱི་ཡིག་ཚང་། ལས་དོགས་པས།  སྤྲོས་པ་འདི་ཙམ་གྱིས་འཐུས་པར་བྱའོ།།

གོང་གསལ་གྱི་དོན་ཚན་འགའ་ལས། གླིང་སྒྲུང་གི་སྒྱུ་རྩལ་གྱི་རྣམ་པ་མང་ཆེ་བ་དུས་རབས་བཅུ་བའི་སྔོན་ནས་དར་ཁྱབ་ཏུ་གྱུར་པ་མངོན་གསལ་ཡིན་ལ།  ནང་དོན་ཡང་ད་ཡི་ཆགས་རིམ་དང་མིའི་འབྱུང་ཁུངས། རི་ཆུ་དང་མཚོན་ཆ་སོགས་ཀྱི་བསྟོད་པ། 《སྟག་གཟིག་ནོར་རྫོང》དང་། 《ཁ་ཆེ་གཡུལ་འགྱེད》《བལ་གླིང་གཡུལ་འགྱེད》《འཛམ་གླིང་གཡུལ་འགྱེད》《ཞང་ཞུང་གཡུལ་འགྱེད》《འ་ཞ་གཡུལ་འགྱེད》《བྲུ་ཤ་གཡུལ་འགྱེད》སོགས་གཡུལ་འགྱེད་མང་ཆེ་བ་ཞིག་ནི་བོད་སིལ་བུར་ཐོར་བའི་དུས་སུ་འབྱུང་ཐབས་མེད་པ་ནི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་ཧོང་འུན་ཧོང་དང་ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱིས་ལོ་འགའི་སྔོན་ནས་བརྗོད་ཟིན་པ་ལྟར་རེད། དེས་ན《གླིང་སྒྲུང》ནི་གླིང་གེ་སར་རྒྱལ་པོ་མ་འཁྲུངས་པའི་སྔོན་ནས་བྱུང་བ་ཡིན་ནམ་ཟེར་ན།  དེའི་གྲུབ་ཆ་རེ་རེའི་ངོས་ནས་དཔྱད་ན་མིའི་རིགས་གདོད་མའི་སྤྱི་ཚོགས་ནས་ཤིས་རིག་ལྡན་པའི་སྤྱི་ཚོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་དུས་རིམ་དུ་འབྱུང་མགོ་བརྩམས་པ་མང་ཞིང་། གླིང་གེ་སར་རྒྱལ་པོ་ཞེས་པའི་སྐྱེས་མཆོག་དེའི་རྟོགས་བརྗོད་ཀྱི་གྲུབ་ཆར་གྱུར་པ་ནི་ཁོང་རང་འཚོ་གཞེས་གནང་བའི་དུས་ནས་མགོ་བརྩམས་པར་འདོད། དེ་ཡང་གསལ་པོར་བཤད་ན་གོང་གསལ་གྱི་སྒྱུ་རྩལ་གྱི་རྣམ་པ་དང་། འཇིག་རྟེན་ཆགས་ལུགས། མིའི་བྱུང་བའི་སྐོར་གྱི་ངག་རྒྱུན་ནམ་བཤད་པ་དང་བསྟོད་པ་སྣ་ཚོགས་ནི་གདོད་མའི་དུས་ནས་བྱུང་ཞིང་། གླིང་གེ་སར་འཁྲུངས་དུས་རང་རྐྱ་ཐུབ་པའི་དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་དང་དེ་མཚོན་པའི་རྣམ་པར་གྱུར་ནས་ཡོད། གཡུལ་འགྱེད་ཀྱི་ནང་དོན་མང་ཆེ་བའང་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གཙོས་བཙན་པོ་རིམ་བྱོན་རྣམས་ཀྱི་མཛད་རྗེས་ཡིན་སྟབས་དམངས་ཁྲོད་སུ་དར་ཁྱབ་ཏུ་གྱུར་ཡོད་པ་རེད།

དེ་ལྟར་གླིང་སྒྲུང་གི་རྣམ་པ་དང་ནང་དོན་ཕལ་ཆེ་བ་གྲུབ་ཟིན་པའི་གནས་སྐབས་དེར་གླིང་གེ་སར་འཁྲུངས་ལ།  དུས་སྐབས་དེ་དག་ནི་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་སིལ་བུར་ཐོར་ནས་དཔོན་ཁག་སོ་སོས་ཕན་ཚུན་ལ་བཙན་འཛུལ་དང་འཕྲོག་བཅོམ་བྱེད་པ་དང་། ཁྱད་པར་སོག་པོའི་དམག་གིས་བོད་ལ་ཐེངས་མང་བཅོམ་བྱེད་པ་དང་། ཁྱད་པར་སོག་པོའི་དམག་གིས་བོད་ལ་ཐེངས་མང་བཙན་འཛུལ་དང་འཕྲོག་བཅོམ་བྱས་ནས། རྒྱ་ཆེའི་བོད་རིགས་མི་དམངས་ཀྱིས།  རྒྱལ་ངན་གཞན་གྱིས་གཙས་པ་ན།། ལྷག་པར་ཆོས་རྒྱལ་དྲན་པར་འགྱུར།། ཞེས་པ་ལྟར།  ཆོས་རྒྱལ་མེས་དབོན་རྣམ་གསུམ་ལྟ་བུའི་གཅིག་གྱུར་གྱི་རྒྱལ་པོ་ཞིག་ཡོད་ན་ཅི་མ་རུང་ཞེས་རེ་སྨོན་བྱེད་ཀྱིན་ཡོད་པ་ལ།  གླིང་གེ་སར་གྱིས་མཐའ་བཞིའི་ཚོ་དཔོན་ངན་པ་རྣམས་དམག་འཁྲུག་གི་འཇིགས་པ་དང་མུ་གེའི་སྡུག་བསྔལ་ལས་བསྐྱབས་པས།  རྒྱ་ཆེའི་མི་དམངས་ལ་སྔར་ནས་གོམས་པའི་སྒྱུ་རྩལ་གྱི་རྣམས་བོད་མི་དམངས་ལ་སྔར་ནད་གོམས་པའི་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་བརྗོད་པར་མ་ཟད། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གཙོས་བཙན་པོ་རིམ་བྱོན་གྱི་མཛད་རྗེས་རྣམས་ཀྱང་རང་རྟོགས་སམ་རང་རྟོགས་མིན་པ་གང་རུང་གི་སྒོ་ནས་དེའི་སྟེང་དུ་སྦྱར་ཏེ། མི་རབས་དུ་མར་སྒྲོག་སྤེལ་བྱས་པ་ལས་ནང་དོན་ཇེ་རྒྱས་དང་། བྱུང་རིམ་ཀྱག་ཀྱོག    སྐད་ཆ་འཐུས་ཚང་བཅས་སུ་གྱུར་ནས་ད་ལྟའི་རྣམ་པ་ཅན་གྱི་སྒྲུང་འདི་བྱུང་ཞེས་ན་སྒྲུང་རང་གི་འཕེལ་རྒྱས་ཀྱི་ཆོས་ཉིད་དངོས་དང་མཐུན་སྙམ་མོ།། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།