ལའོ་ལུན་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལའོ་ལུན་སི།
D.Hལའོ་ལུན་སི་ནི་དབྱིན་ཇིའི་དུས་རབས་ཉི་ཤུ་པའི་རྩོམ་རིག་ལོ་རྒྱུས་ཐོག་གི་ཆེས་གལ་ཆེ་ཤོས་ཀྱི་རྩོམ་པ་པོ་ཞིག་རེད། ཁོང་གིས་ཚེ་གང་རིང་ཁྱོན་བསྡོམས་སྒྲུང་རིང་བཅུ་དང་། སྙན་ངག་སྟོང་ལ་ཉེ་བ། དེ་བཞིན་འཁྲབ་གཞུང་བཞི་བཅས་གསར་རྩོམ་གནང་། ཁོང་གི་གྲུབ་འབྲས་མཐའ་དག་གི་ནང་ནས་སྒྲུང་གཏམ་ཆེས་གྲགས་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
戴维•赫伯特•劳伦斯
ཕྱི་ཡིག་གི་མིང་།
David Herbert Lawrence
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1885.9.11-1930.3.2)
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
རྩོམ་པ་པོ།
འཐུས་ཚབ་བརྩམས་ཆོས།
《བུ་དང་དགའ་རོགས》《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུད་མེད》
1 ​མི་ཚེ་དང་གསར་རྩོམ།

ཁོང་ནི་སྤྱི་ལོ1885ལོའི་ཟླ9ཚེས11ཉིན་དབྱིན་ཇིའི་ནུའོ་ཏིང་ཧན་ཅུན་གཏེར་བཏོན་བཟོ་པ་ཞིག་གི་ཁྱིམ་དུ་འཁྲུངས། སྤྱི་ལོ1906ནས1908ལོའི་བར་ནུའོ་ཏིང་ཧན་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་པའི་སྐབས་ནི་ལའོ་ལུན་སིའི་སྔ་དུས་ཀྱི་གསར་རྩོམ་དུས་སྐབས་ཡིན་ཞིང་། གཙོ་བོ《རྨ་བྱ་དཀར་པོ》(སྤྱི་ལོ1911ལོ)དང་། 《སྲོལ་འགལ་གྱི་ཉེས་ཅན་པ》(སྤྱི་ལོ1912ལོ)《བུ་དང་དགའ་རོགས》(སྤྱི་ལོ1913ལོ)བཅས་སྒྲུང་རིང་གསུམ་ཡོད། 《རྨ་བྱ་དཀར་པོ》ནི་ལའོ་ལུན་སིའི་སྒྲུང་རིང་དང་པོ་དེ་ཡིན། སྐད་གྲགས་ཆོད་བྱེད་ཀྱི་བརྩམས་ཆོས《བུ་དང་དགའ་གྲོགས》ནི་རང་རྣམ་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན། དེས་ཕྱོགས་བསྡུས་ཀྱི་སྒོ་ནས་རྩོམ་པ་པོ་དང་། རང་གི་ཕ་མ་དང་དེ་བཞིན་དགའ་རོགས་དང་པོ་ཅེ་ཤི་ཡི་བར་གྱི་བརྩེ་དུང་གི་འཚོ་བའི་མྱོང་བརྒྱུད་མངོན་མཚོན་བྱས་ཡོད། བརྩམས་ཆོས་ནང་མི་གཤིས་ཀྱི་གཞན་འགྱུར་དང་། རྣམ་ཤེས་ཀྱི་འཁྱོག་བཅོས་མངོན་མཚོན་བྱས་པ་བརྒྱུད་ནས་མཛེས་སྡུག་ལྡན་པའི་ཕོ་མོའི་འཚོ་བ་རེ་འབོད་བྱས་པ་དང་དུས་མཚུངས་བཟོ་ལས་ཤེས་རིག་གིས་མི་གཞན་འགྱུར་བྱས་པའི་ཕྱོགས་གཅིག་ལ་ཚད་ངེས་ཅན་གྱི་དགག་པའང་བརྒྱབ་ཡོད།

གསར་རྩོམ་ཐེངས་གཉིས་པའི་སྐབས། ལའོ་ལུན་སིས་གཙོ་བོ《འཇའ་ཚོན》(སྤྱི་ལོ1915ལོ)དང་། 《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུད་མེད》(སྤྱི་ལོ1902ལོ)《ལམ་ནོར་བའི་གཞོན་ནུ་མ》(སྤྱི་ལོ1920ལོ)བཅས་སྒྲུང་རིང་གསུམ་བྲིས།

ལའོ་ལུན་སིས་གསར་རྩོམ་ཕྱི་མའི་དུས་སུ་གཙོ་བོ་གཤམ་གསལ་གྱི་བརྩམས་ཆོས་རིང་གྲས་ཁག་ལེགས་འགྲུབ་བྱུང་བ་སྟེ། 《ཨ་ལུན་གྱི་འཁར་རྒྱུགས》(སྤྱི་ལོ1922ལོ)《སྒྲོ་ཅན་སྦྲུལ》(སྤྱི་ལོ1926ལོ)《ཁྲ་ཐེ་ལེ་ཡི་ལྕམ་མོའི་དགའ་རོགས》(སྤྱི་ལོ1928ལོ)བཅས་སོ།།

《ཁྲ་ཐེ་ལེ་ཡི་ལྕམ་མོའི་དགའ་རོགས》ནི་ལའོ་ལུན་སིའི་ཕྱི་དུས་གསར་རྩོམ་བྱས་པའི་སྒྲུང་གཏམ་གྱི་ཚབ་མཚོན་བརྩམས་ཆོས་རེད།  དེས་མིའི་རིགས་ཀྱི་ཤེས་རིག་དང་ཚེ་སྲོག་གི་འདོད་སྲེད། རང་བྱུང་ལྷན་ནུས་བཅས་ཀྱི་གདོང་ཐུག་དང་འགོག་རྒོལ་གང་ལེགས་བསྟན་ནས་རྩོམ་པ་པོའི་སྔར་གྱི་གསར་རྩོམ་ནང་གི་མི་དང་ཤེས་རིག་དང་མི་དང་རང་བྱུང་བར་གྱི་འབྲེལ་བའི་སྐོར་གྱི་བརྗོད་སྙིང་གཏིང་ཟབ་ཏུ་བཏང་།  སྒྲུང་གཏམ་གྱིས་མི་གཤིས་སླར་གསོར་བསྟོད་བསྔགས་བཏང་བ་དང་དུས་མཚུངས་བཟོ་ལས་ཤེས་རིག་ལ་སུན་འབྱིན་ཡང་བྱས་ཡོད། ལའོ་ལུན་སི་ཡིས་མི་ཚེ་གཅིག་རིང་སྒྲུང་རིང་ཕུད། ད་དུང་སྒྲུང་འབྲིང་ཐུང་གྲས་ཕྱོགས་སྒྲིག་བཅུ་ལྷག་ཙམ་གསར་རྩོམ་བྱས་ལ་དེའི་ནང་ནས《ཧྲང་ཝེ་དམག་དཔོན་གྱི་དད་གཟུགས》དང་། 《སེམས་རྫིའི་བུ་མོ》《སྦུར་པ་ཆུང་ཆུང》བཅས་ནི་སྤུས་ལེགས་ཀྱི་བརྩམས་ཆོས་ཤ་སྟག་རེད།

སྒྱུ་རྩལ་ཐོག་ལའོ་ལུན་སི་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་རང་བཞིན་གཅིག་ལྕོགས་བྱེད་མཁན་གྱི་རྩོམ་པ་པོ་ཞིག་རེད། ཁོང་གིས་འཚོ་བ་བཀོད་འབྲི་བྱེད་སྐབས་གཅིག་ནས་དེང་རབས་མ་རྩ་རིང་ལུགས་ནང་གི་ཕྱིའི་འཚོ་བ་དང་དངོས་པོའི་སྣང་ཚུལ་བསྐྱར་མཚོན་བདེན་པར་བྱེད་ལ།  གཉིས་ནས་ཡང་མིའི་ནང་སེམས་སུ་ཟབ་འཇུག་བྱས་ནས་མིའི་རང་བྱུང་གི་ལྷན་སྐྱེས་ནུས་པ་དང་། རྟོག་ཉལ། རིགས་ཤེས་འགུལ་བསྐྱོད་བཅས་འཚོལ་ཞིབ་བྱེད་པས་དེང་རབས་ཀྱི་རང་བཞིན་ཤུགས་ཆེར་ལྡན། སྒྲུང་གཏམ་གྱི་སྒྲིག་གཞིའི་ཐད་ལའོ་ལུན་སིའི་སྒྲུང་གཏམ་ལ་སྲོལ་རྒྱུན་གྱི་གཏམ་རྒྱུད་རང་བཞིན་དང་བྱུང་རིམ་གྱི་རང་བཞིན་ལྡན་པ་སྟེ། དཔེར་ན《བུ་དང་དགའ་རོགས》ལྟ་བུ་དང་། ཡང་བྱུང་རིམ་ཉམས་ཞན་དུ་བཏང་བའི་ཁྱད་ཆོས་ཀྱང་ཡོད་པ་སྟེ། དཔེར་ན《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུད་མེད》ལྟ་བུ་ནི་མཚོན་རྟགས་ཀྱི་ལྐོག་བརྡ་དང་མི་སྣའི་བར་གྱི་གཏིང་ཟབ་པའི་གཏམ་གླེང་སྤྱད་པས་སྒྲུང་གཏམ་ལ་དེང་རབས་སྒྲུང་གཏམ་སྒྱུ་རྩལ་གྱི་བར་སྣང་ཡུལ་གྱི་རང་བཞིན་གྱི་ཁྱད་ཆོས་ལྡན། 

2 བརྩམས་ཆོས།

སྙན་ངག་ཕྱོགས་བསྒྲིགས《བྱེའུ.གཅན་གཟན.མེ་ཏོག》

སྤྱི་ལོ1923ལོར་ལེགས་འགྲུབ་བྱུང་བའི་སྙན་ངག་ཕྱོགས་བསྒྲིགས《བྱེའུ.གཅན་གཟན.མེ་ཏོག》ཅེས་པ་ནི་ལའོ་ལུན་སིའི་སྙན་ངག་གསར་རྩོམ་གྱི་མཚོན་བྱེད་རེད། སྙན་ངག་ཕྱོགས་བསྒྲིགས་དེ་ལྟོས་བཅས་སྒེར་ཚུགས་ཀྱི་སྙན་ངག་ཚན་པ་དགུ་ལས་གྲུབ་ཅིང་། ཚན་པ་སོ་སོའི་སྔོན་ཐུང་ལ་དོན་འདྲིལ་བའི་དྲངས་རྩོམ་རེ་ཡོད་པ་སྟེ། (དོན་དུ་དེ་ནི་ལྷུག་རྩོམ་གྱི་རྣམ་པ་ལྡན་པའི་སྙན་ངག་རེད)ཤིང་འབྲས་དང་། ལྗོན་ཤིང་། མེ་ཏོག  ལེགས་འཕྲིན་བརྒྱུད་བསྒྲགས་ཀྱི་སྲོག་ཆགས།  སྲོག་ཆགས། གོག་བགྲོད་སྲོག་ཆགས། བྱེའུ། སྒོ་ཕྱུགས། རྣམ་ཤེས་བཅས་སོ། །ཁ་བྱང་དེ་དག་ལས་གཅིག་ནས་སྙན་ངག་ཕྱོགས་བསྒྲིགས་ཆ་ཚང་གི་ཡིད་བརྙན་མ་ལག་གི་གྲུབ་ཚུལ་རྟོགས་པ་སྟེ། རང་བྱུང་ཁམས་ཀྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣང་བརྙན་གྱིས་ཡིད་བརྙན་དེའི་མ་ལག་གི་གྲུབ་ཆ་གཙོ་བོ་གྲུབ་པ་དང་། རང་བྱུང་ཚེ་སྲོག་གི་འཇིག་རྟེན་འདི་སྤྱི་ཡོངས་ནས་མཚོན་རྟགས་དང་སྦས་དོན་བྱས་ནས། གང་སར་མིའི་བསྐྱར་ལོག་གི་ལམ་བུ་ཁྱབ་བསྒྲགས་བྱས་ཡོད། གཉིས་ནས་འཇིག་རྟེན་གྱི་མཚོན་རྟགས་སྦས་དོན་ནི་རྦད་དེ་རང་བྱུང་ཁམས་ཀྱི་ཚེ་སྲོག་གི་འཇིག་རྟེན་མ་ཡིན་པར་རང་བྱུང་ཁམས་ཀྱི་ཚེ་སྲོག་ནི་འཇིག་རྟེན་འདིའི་རྨང་གཞི་ཙམ་ཡིན་ཞིང་། རྨང་གཞི་འདི་ནས་རྡོག་ཐོན་བྱས་ཏེ་ཤེས་རིག་དང་། ལོ་རྒྱུས། དངོས་ཡོད་བཅས་ཡོངས་ལ་སྒོ་དབྱེ་བ་ཡིན།

《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུད་མེད》

སྒྲུང་རིང《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུ་མེད》ནི《འཇའ་ཚོན》ཡི་ཆ་སྦྲེལ་རྩོམ་ཡིག་ཡིན་ཞིང་སྤྱི་ལོ1920ལོར་ལེགས་འགྲུབ་བྱུང་། དེའང《འཇའ་ཚོན》ཞེས་པ་དང་འདྲ་བར་སྒྲུང་གཏམ་དེས་ཀྱང་སྲོལ་རྒྱུན་གྱི་སྒྲུང་གཏམ་བྱུང་རིམ་འབྲེལ་མཐུད་རང་བཞིན་དང་འབྲེལ་ཏེ་སྒྲུང་གཏམ་ཡོངས་འཚོ་བའི་ཆ་ཤས་བཅུ་ཕྲག་འགས་སྒྲིག་སྦྱོར་རྩེག་སྤུང་བྱས་པ་ལྟར་སྣང་ཞིང་། མི་མཐུན་ས་ནི་མི་སྣའི་ལབ་གླེང་གིས་སྒྲུང་གཏམ་གྱི་གཙོ་བོའི་ལུས་གྲུབ་པ་དེ་ཡིན། སྒྲུང་གཏམ་དེ་ཀློག་སྐབས་ང་ཚོ་རྟག་ཏུ་མི་སྣ་གཏམ་གླེང་བྱ་སའི་སྒྲོག་ཙེ་སྒོར་མོ་ཞིག་གི་ཟུར་དུ་གནས་པ་དང་མཚུངས། གཏམ་གླེང་བྱ་སའི་སྒྲོག་ཙེ་སྒོར་མོ་དེའང་ལོན་ཏོན་དུ་བསྐྱོད་པའི་མེ་འཁོར་སྟེང་གནས་པའམ་ཡང་ན་ཨུའེ་ལིའི་མཚེའུ་འགྲམ་གྱི་ནགས་ཚལ་ནང་དུའམ། ཡང་ན་ཡོ་རོབ་བྱང་མའི་སྐམ་སའི་གངས་རིའི་ཁྲོད་སོགས་སུ་མི་སྣ་གཉིས་སམ་གསུམ་མམ་ཡང་ན་དེ་ལས་མང་བའི་མི་སྣ་གཅིག་ནས་གཅིག་ཏུ་སྤོས་ཏེ་ཁོ་ཚོའི་གླེང་གཞི་གླེང་ནས་མཉམ་དུ་བསྡད། གཏམ་གླེང་གི་ཐེངས་གྲངས་གཅིག་རྗེས་གཉིས་མཐུད་ཀྱིས་བརྗེ་བ་དང་བསྟུན་ནས་གཤིས་ཀ་མི་འདྲ་བའི་མི་སྣ་གཅིག་མིན་དུ་མའི་བསམ་བློ་རིམ་པ་བཞིན་ང་ཚོའི་བག་ཆགས་ནང་བྱུར་བུར་བཀང་། སྒྲུང་གཏམ་དེའི་གལ་ཆེའི་ཐབས་ཤེས་སུ་གྱུར་བའི་མི་སྣའི་གཏམ་གླེང་ལ་སྤྱིར་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག་པ་སྟེ།  རིགས་གཅིག་ནི་འཆར་ཅན་རང་བཞིན་གྱི་གཏམ་གླེང་སྟེ། དཔེར་ན།  མི་སྣའི་བར་ཕན་ཚུན་འབྲེལ་བ་བྱེད་པ་ལ་སོགས་པའི་རྒྱུན་ལྡན་གྱི་གཏམ་གླེང་ངམ། ཡང་ན་སྤྱིར་བཏང་གི་བྱུང་བརྗོད་ཀྱི་དགོས་མཁོའི་དབང་གིས་གསལ་སྟོན་བྱེད་དགོས་པའི་སྐད་ཆ་དང་བྱུང་རིམ་སོགས་ཡིན། གཏམ་གླེང་དེ་རིགས་སྤྱིར་དོན་སྙིང་མི་ཟབ་ཅིང་འབྲེལ་གཏུགས་ཀྱི་དགོས་པ་ཙམ་མོ། །རིགས་གཞན་དེ་ནི་ཐད་ཀར་ཚེ་སྲོག་དང་གནས་སྟངས་ཀྱི་ནང་དུ་འཛུལ་བའི་གཏམ་གླེང་གི་རིགས་ཡིན། དེར་གཏིང་ཟབ་ཀྱི་གཏམ་གླེང་ཞེས་བརྗོད། 《དགའ་རོགས་སྒྲིག་བཞིན་པའི་སྐབས་ཀྱི་བུད་མེད》ཅེས་པའི་སྒྲུང་གཏམ་དེར་མངོན་གསལ་དོད་པའི་སྙན་ངག་གི་ཕྱོགས་ལྷུང་ལྡན། ཡིད་བརྙན་དང་མཚོན་རྟགས་ཀྱིས་ལྐོག་བརྡ་གཏོང་བ་ནི་རྟག་ཏུ་སྤྱོད་པའི་འབྲི་ཐབས་ཤིག་ཡིན།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-18

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།