འུར་ཆ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

འུར་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དམངས་སྲོལ། )

འུར་ཆ།
འུར་ཆ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་ལས་ཐོན་པའི་འཚོ་བའི་མཁོ་ཆས་རིན་ཐང་བྲལ་བ་ཞིག་ཡིན་ལ། དེ་ཐོག་མ་ཉིད་ནས་འཚོ་བའི་ཐོན་སྐྱེད་དང་། རིམ་བཞིན་མཚོན་ཆ། ཆོས་ལུགས་ཀྱི་ཆོ་གའི་བསྒྲུབ་ཆས། མོ་ཆས། ཁུག་མའི་ཁ་སྒྲོག་དང་། ཁུར་ཐག བུད་མེད་ཀྱི་རྒྱན་ཆ། བྱིས་པའི་རྩེད་ཆོས། མཐའ་མར་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་བཅས་བཀོལ་སྟངས་མི་འདྲ་བ་མང་པོ་འགྱུར་བའི་གོ་རིམ་ཁྲོད་ན་ཐུན་མིན་གྱི་ནུས་པའང་བླ་ན་མེད་པ་ཐོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
投石带
ནུས་པ།
ལུས་ལ་འཆང་ན་དགྲ་ལྷ་འཁོར།། རྐེད་ལ་གཟར་ན་རྒྱན་དུ་མཛེས།། དམག་ལ་སོང་ན་དགྲ་ལས་རྒྱལ།། ཇག་ལ་སོང་ན་ནོམ་དང་འཕྲད།། ཚོང་ལ་སོང་ན་ཁེ་སྤོགས་གྲུབ།། ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ།།
1 སྤྱིར་བསྟན་པ།

ལར་མཐོ་སྒང་དུ་གནས་པའི་བོད་མི་རིགས་ལ་ཆ་མཚོན་ན། རང་བྱུང་ཁམས་འདུལ་སྦྱོང་དང་རང་སྲུང་ཕར་གཤིས་དང་།  ཐུན་མོང་མ་ཡིན་པའི་འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ་མང་པོ་ཞིག་བྱུང་ཡོད་པ་དང་། དེ་དག་རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བའི་འགྲོས་དང་བསྟུན་ནས་དེ་དག་གི་ངོ་བོ་དང་རྣམ་པའང་འགྱུར་ཡོད། འུར་ཆ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་ལས་ཐོན་པའི་འཚོ་བའི་མཁོ་ཆས་རིན་ཐང་བྲལ་བ་ཞིག་ཡིན་ལ།  དེ་ཐོག་མ་ཉིད་ནས་འཚོ་བའི་ཐོན་སྐྱེད་དང་། རིམ་བཞིན་མཚོན་ཆ། ཆོས་ལུགས་ཀྱི་ཆོ་གའི་བསྒྲུབ་ཆས། མོ་ཆས། ཁུག་མའི་ཁ་སྒྲོག་དང་། ཁུར་ཐག  བུད་མེད་ཀྱི་རྒྱན་ཆ། བྱིས་པའི་རྩེད་ཆས། མཐའ་མར་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་བཅས་བཀོལ་སྟངས་མི་འདྲ་བ་མང་པོ་འགྱུར་བའི་གོ་རིམ་ཁྲོད་ན་ཐུན་མིན་གྱི་ནུས་པའང་བླ་ན་མེད་པ་ཐོན་པར་མ་ཟད་ཞིབ་འཇུག་གི་རྒྱུ་ཆ་གསོན་པོ་ཞིག་ཡིན། དེ་མ་རྩ་ཉུང་ལ་བེད་སྤྱོད་ཀྱི་རིན་ཐང་ལྡན་པ། འགྲོ་སོང་ཉུང་བ། མཁོ་ཆེ་ལ་སྟབས་བདེ་བའི་བོད་མི་རིགས་ཀྱི་མཁོ་ཆས་དམིགས་བསལ་ཅན་ཞིག་ཡིན་ཞེས་བརྗོད་པ་དོན་དང་ལྡན་ལ། བོད་གནའ་རབས་གྱི་ལོ་རྒྱུས་ཡིག་ཚང་དང《གླིང་སྒྲུང》སོགས་སུ་འུར་ཆའི་བྱུང་ཚུལ་སྐོར་གྱི་ལྷ་སྒྲུང་དང་ངག་རྒྱུན་ཤིན་ཏུ་མང་པོ་འདུག   ལྷག་པར་དུ《གླིང་སྒྲུང》ལས་འུར་ཆའི་ནུས་པ་སོགས་དམངས་ཁྲོད་ངག་རྒྱུན་དུ་བཤད་སྲོལ་ཡོད་ཀྱང་ཡིག་ཐོག་ཏུ་བཀོད་མེད་པ་ཟིན་ཐོར་བཏབ་ཡོད་པ།

དཔེར་ན།

ལུས་ལ་འཆང་ན་དགྲ་ལྷ་འཁོར། ། 

རྐེད་ལ་གཟར་ན་རྒྱན་དུ་མཛེས། །

དམག་ལ་སོང་ན་དགྲ་ལས་རྒྱལ། ། 

ཇག་ལ་སོང་ན་ནོམ་དང་འཕྲད། །

ཚོང་ལ་སོང་ན་ཁེ་སྤོགས་གྲུབ། །  

ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ། །

ཞེས་བཀོད་འདུག་པ་དང་། འུར་ཆ་ནི་བོད་པའི་སྲོལ་རྒྱུན་རིག་གནས་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་པ་དང་བསྟུན་ནས་ཆོས་ལུགས་དང་། རྩོམ་རིག    དམངས་སྲོལ་སོགས་རིག་གནས་ཁྱབ་ཁོངས་ཁྲོད་དུ་དེའི་བྱུང་བ་དང་ནུས་པ་སོགས་གསལ་བོར་མངོན་ཡོད་པས།  བོད་ཀྱི་སྲོལ་རྒྱུན་ལུས་རྩལ་ཁྲོད་ཀྱི་འུར་ཆའི་མིང་གི་དབྱེ་བ་དང་གྲུབ་ཚུལ་དང་།  བྱུང་བའི་དུས་རིམ།  བྱེད་ནུས་བཅས་ཀྱི་ཐད་ནས་ཅུང་ཙམ་གླེང་བར་བྱའོ། །

2 གྲུབ་ཚུལ།

འུར་ཆ་ཞེས་པ་འདི་ལ“འུར་རྡོ”དང“འུར་ཀ”“འུར་ཐག”ཞེས་མིང་གི་རྣམ་གྲངས་འགའ་ཡོད་ཅིང་། 《དག་ཡིག་གསར་བསྒྲིགས》ལས་འདི་ལྟར་བཀོད་ཡོད་དེ། འུར་ཆ་ནི་ཕྱུགས་རྫིས་རྡོ་འཕེན་བྱེད་ཐག་པ་དང་འདྲ་བའི་ཡོ་བྱད་ཅིག་གི་མིང་། འུར་རྡོ་ནི་འུར་ཆས་འཕངས་པའི་རྡོའི་མིང་། ཞེས་པ་ལས་གསལ་བོར་ཤེས་ཐུབ། དེ་འུར་སྟོད་དང་། འུར་མཐིལ། འུར་སྨད་གསུམ་ལས་གྲུབ། 

《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》ལས། འུར་ཡ་མཆོག་ཡར་ངོའི་ཚེས་ལས་སླས། །མ་མཆོག་མར་ངོའི་ཚེས་ལས་སླས། །ཞེས་པ་ལས་འུར་ཆ་ལ་ཡར་མཆོག་དང་མར་མཆོག་ཅེས་བཤད་སྲོལ་ཡོད་པ་ཤེས་ཐུབ། ལ་ལས་ཡ་ཆ་དང་མ་ཆ་ཞེས་འབོད་བཞིན་ཡོད།  གཞན་ཡང་། འུར་མཐིལ་ལ་རྡོ་ལེན་ནམ་རྡོ་དཀྲིས་ཟེར་ལ། འུར་སྨད་ཀྱི་སྣེ་ལ་ཚར་ལྕེའམ་འུར་ལྕེ་འབོད་པའང་ཡོད། 

《ཚ་བ་མདའ་རྫོང》ལས།

དཀར་པོ་ལུག་གི་སྤུ་ལས་གྲུབ། །

སྟོང་ལུག་འཁོར་བའི་རྟེན་འབྲེལ་འགྲིག །

ནག་པོ་བེའུའི་སྤུ་ལས་གྲུབ། །

འབྲི་བརྒྱ་འཁོར་བའི་རྟེན་འབྲེལ་འགྲིག །  

ཅེས་པ་ལས་འུར་ཆའི་རྒྱུ་ཆ་གཡང་དཀར་ལུག་གི་བལ་དཀར་པོ་དང་བེའུའི་སྤུ་ནག་པོ་ཡིན་པ་བརྗོད་པ་དང་། དཀར་ནག་འདྲེས་མའི་བཟོས་ཡོད་པས་དམངས་ཁྲོད་དུ་ཁྲ་ཆེན་དང་ཁྲ་ཆུང་ཞེས་མིང་གི་འབོད་སྲོལ་མཆིས། གདོད་མའི་དུས་སུ་འུར་ཆའི་རྒྱུ་ཆ་དེ་ཤིང་ཤུན་དང་ཤིང་རྩད་རྩྭ་རྒྱུས་ལས་གྲུབ་པ་དང་། རིམ་བཞིན་མི་དང་སྤྲ་ཡི་སྐྲ་ལས་བཟོ་བ་དང་། མིའི་བློ་གྲོས་ཀྱི་རྩལ་གོང་འཕེལ་སོང་བ་དང་བསྟུན་ནས་སྲོག་ཆགས་ཀྱི་སྤུ། དེ་ནས་ནོར་ལུག་གི་སྤུ་སོགས་ཀྱི་རྒྱུ་ཆ་ལས་གྲུབ་པ་དང་། རིམ་བཞིན་རྒྱུ་སྤུས་དང་མཛེས་རྩལ་ཡང་ཇེ་ལེགས་སུ་སོང་། 

དམངས་ཁྲོད་དུ།

འུར་ཀ་རྒྱ་སླས་ཀག་སྒྲ་ཆེ། །

ཚར་ལྕེ་ཕྱིར་སྒྲིམ་ཚག་སྒྲ་ཆེ། ། 

བ་ཟིལ་བེའུ་ཁྲ་རྒྱང་འགྲོ་ཆེ། །

ཞེས་ཟེར་ནས་འུང་ཆའི་སླས་སྟངས་དང་། ཁྲ་གཏོད་སྟངས། རིང་ཐུང་། སྦོམ་ཕྲ་སོགས་སྣ་ཁ་མང་ཞིང་དེ་དག་སོ་སོར་དཔེ་འཇོག་གི་བཤད་འདུག   

3 དབྱེ་བ།

རྒྱུ་ཆའི་སྒོ་ནས་དབྱེ་ན་ལྔ་སྟེ། རྩིད་འུར་ནག་པོ་དང་།   བལ་འུར་དཀར་པོ།  མཛེས་འུར་ཁྲ་བོ། ར་རྩིད་འུར་རྡོ། ཨ་ཀྲད་འུར་རྡོ་བཅས་ཡིན། དེ་ལས་རྩིད་འུར་ནི་འབྲི་གཡག་གི་གྲ་ཁུ་དང་རྔ་རྩིད་ལས་བཟོས་པ་ཡིན་ཞིང་དེར་རྒྱུ་མཁྲེགས་ལ་སྤྱོད་ཤེད་ཆེ། བལ་འུར་ནི་ལུག་གི་བལ་དང་གྲ་ལས་གྲུབ་པ་ཡིན་ཞིང་དེ་ནི་ཡང་ཞིང་མཉེན་ལ་འཕངས་ན་སྐད་སྒྲ་སྙན། མཛེས་འུར་ནི་བལ་ཁུ་དཀར་ནག་དང་སྣལ་སྐུད་ཚོན་མདོག་སྣ་ཚོགསལས་བཟོས་པ་ཡིན་ཞིང་དེར་བྱིས་པའི་རྩེད་ཆས་དང་། གཞོན་ནུ་ཕོ་མོ་ཚོས་གློ་དང་སྐེད་པར་བཏགས་ནས་མཛེས་རྒྱན་དུ་བྱེད། ར་རྩིད་འུར་རྡོ་ནི་ར་མའི་རྩིད་པ་ལས་གྲུབ་པ་ཡིན། གཞན་ཡུལ་ཁ་ཤས་ཤིག་ན་ར་འུར་བེད་སྤྱོད་བཏང་ན་རྣམ་རྟོག་བྱེད་སྲོལ་ཡོད་དེ། བོད་ཀྱི་གཏམ་དཔེ་ཞིག་ལས།

ར་སྤུའི་འུར་རྡོ་ར་མགོར་ཕོག །ཞེས་པ་དང་།

ཡང་། 

རང་གི་ར་རྩིད་འུར་རྡོ་དེ།།

རང་གི་འགྲམ་པ་གཅོད་བྱེད་རེད།། 

ཅེས་དམངས་ཁྲོད་དུ་འདི་ལྟ་བུའི་ངག་རྒྱུན་ཞིག་ཀྱང་མཆིས། ཨ་ཀྲད་འུར་རྡོ་ནི་འབྲི་གཡག་གི་ཀོ་བ་མཉེད་མའི་རྒྱུན་བུ་དང་ཤྭ་བ་དང་གཉན་སོགས་ཀྱི་ཧེལ་གེའི་རྒྱུན་བུ་དྲས་ནས་བསླས་པ་ཡིན་ལ། དེར་ཤུགས་ཆེ་ལ་རྒྱུ་མཁྲེགས་པོ་འདུག་ཅེས་པའི་བཤད་རྒྱུན་ཡོད་ཀྱང་བཀོད་སྤྱོད་བྱེད་བཞིན་མེད་པས་དེང་ཉམས་དམས་སུ་སོང་འདུག   གཞན་ཡང་། དེའི་བཟོ་རྩལ་གྱི་རྒྱུ་ཆ་དང་རི་མོའི་རྣམ་པ་མི་འདྲ་བའི་སྒོ་ནས་དབྱེ་ན།  ཟལ་མོ་སྒང་སླེས་དང་། འུར་ཁ་སྦྱོར་མ། ཁྲ་ཆེན། ཁྲ་ཆུང་། བྱིས་མིག་མ། གཞོགས་དཀར། གཞོགས་ནག   ཆུ་མིག་དགུ་སྒྲིལ། བཅུ་དྲུག་དགུ་སྒྲིལ། གཟི་མིག་མ། གཟི་ཆུང་མིག་དགུ་མ། བལ་ཟན་མཐིལ་ཁྲ་མ་སོགས་རིགས་བཅུ་གཉིས་ལྷག་མཆིས་སོ། །

4 བྱུང་དུས།

འུར་ཆ་ནི་དུས་ནམ་ཞིག་ལ་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་འཛམ་གླིང་གི་མི་རིགས་གང་དང་གང་ཡིན་རུང་གདོད་མའི་སྤྱི་ཚོགས་སུ་རི་དྭགས་རྔོན་བྱེད་ཀྱི་ཐོན་སྐྱེད་ཡོ་བྱད་དམ་འཚོ་བའི་ལག་རྟེན་དེ་རྡོ་ཆས་ཡིན་ལ། ང་ཚོས་དེའི་བཀོལ་ཡུལ་ལ་གཞིགས་ཚེ། བོད་གདོད་མའི་དུས་སུ་རང་བྱུང་ཁོར་ཡུག་འདུལ་སྦྱོང་བྱེད་པ་དང་མཉམ་དུ་དབང་འཛིན་བཅུ་གཉིས་ཏེ་གནོད་སྦྱིན་ནག་པོས་དགྲ་འགོག་རང་སྲུང་བྱེད་པ་ལས་བྱུང་བ་ཡིན།  དུས་དེར་མདའ་གཞུ་དང་སྟ་རེ། རྐང་ཤིང་། སྒྱོགས། ཆུ་གྲི། ཞགས་པ།  འུར་ཆ་སོགས་འཚོ་བའི་ལག་ཆ་མང་པོ་བྱུང་འདུག  《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་འདི་ལྟར་བཀོད་ཡོད་དེ། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ལ་གནས་འདིར་གཞིས་ཆགས་པའི་མི་རྣམས་ཀྱིས་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་སྤྱོད་པའི་སྐབས་ནས་རིམ་བཞིན་རི་དྭགས་རྔོན་པ་དང་རྩྭ་ཐང་དང་ནགས་ཚལ་དུ་འཚོ་བ་རོལ་བའི་གདོད་མའི་མི་ཚོས་ཐོག་མར་རྡོ་དང་དབྱུག་པ་དང་། དེ་ནས་མདའ་གཞུ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་། ཞེས་དང་ཡང་།

དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །

ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན། །ཞེས་པ་ལས་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོ་ནས་བགྲང་པའི་དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དབང་བསྒྱུར་གྱི་དུས་ཏེ་གདོད་མའི་སྤྱི་ཚོགས་ཀྱི་དུས་ནས་བྱུང་བར་འདོད།

གཞན་ཡང་།

ཡུལ་གླིང་སྲིན་པོ་ནག་པོའི་ཡུལ་དགུ་ཟེར།།

བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང་།

མི་རྣམས་སེམས་ཅན་ཤ་ཟ་གདོང་མ་དམར།

སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང་།   

ཞེས་དབང་མཛད་དགུའི་དུས་སྐབས་སུ་དགྲ་གཅན་གཟན་ལ་སོགས་ཕྱི་རོལ་ཡུལ་གྱི་གནོད་པ་འགོག་བྱེད་དང་། ཁོར་ཡུག་གི་དགྲ་ཟླ་ཕར་རྒོལ་བྱེད་པ་སོགས་ལས་འུར་ཆའི་རྣམ་པ་འདི་ཐོག་མར་དར་བ་གསལ་བཤད་བྱས་ཡོད་ལ། 《བོད་ཀྱི་དམངས་སྲོལ་རིག་པའི་སྤྱི་བཤད》ཅེས་པ་ལས། གནའ་ཤིན་ཅང་གི་ས་འོག་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་མཚོན་ཆའི་ཁྲམ་བྱང་དུ་ཁྲབ་རྨོག་དང་། དུང་རིང་། མདའ་གཞུ། འུར་རྡོ། རལ་གྲི་གྲི་ཤུབས་སྦྲགས་མ། མདའ་དོང་བཅས་བྱུང་ཚུལ་བཀོད་ཡོད་པས། ད་ལྟའི་བོད་ཀྱི་ལུས་རྩལ་རྣམ་གྲངས་འུར་རྡོ་ནི་བགྲང་བྱ་སྟོང་ཕྲག་ཡར་སྔོན་ནས་བྱུང་ཟིན་པ་ཤེས་ཐུབ། ཅེས་བཀོད་ཡོད་པ་དང་།

གླིང་སྒྲུང་ལས།

གོ་མཚོན་ནང་གི་སྔ་མ་ཡིན། ། 

མྱུར་མགྱོགས་ཆེ་བའི་ལག་ཆ་ཡིན། །ཞེས་འུར་ཆ་གོ་མཚོན་ཐམས་ཅད་ལས་སྔ་བ་དང་མྱུར་ཚད་སོགས་ཀྱང་བརྗོད་ཡོད་ཅིང་། གོང་དུ་བརྗོད་པ་བཞིན་འུར་ཆའི་བྱུང་བའི་དུས་ནི་ཡིག་ཐོག་ཏུ་གསལ་བོར་བཤད་ཡོད་མོད། ཡི་གེ་མ་བྱུང་སྔོན་དུ་བྱུང་ཡོད་ངེས་སོ།།

5 བྱེད་ནུས།

འུར་ཆ་ཐོག་མའི་བྱུང་བ་དང་སྤྱི་ཚོགས་འཚོ་བ་གོང་འཕེལ་སོང་བའི་འགྲོས་དང་མཉམ་དུ་དེའི་བཀོལ་སྟངས་ཀྱི་རྣམ་པ་རིམ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ་ནས་གཡུལ་འགྱེད་ཀྱི་མཚོན་ཆ། དེ་ནས་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་ཆས། མོ་འདེབས་པའི་ཡོ་ཆས། མཐའ་མར་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་བཅས་སུ་འགྱུར་ཡོད་པས་གཤམ་དུ་རེ་རེ་བཞིན་བརྗོད་ན།

གཅིག འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ།

མིའི་རིགས་ཀྱི་བྱ་དངོས་གང་དང་གང་ཡིན་རུང་དུས་ཡུན་རིང་བའི་འཚོ་བའི་ཐོན་སྐྱེད་དང་ཉམས་མྱོང་ལས་བྱུང་བར་ངེས་ལ། འུར་ཆའང་དེ་ལས་མ་འདས་པར་འཚོ་བའི་ཐོན་སྐྱེད་ལས་བྱུང་ཞིང་ཐོན་སྐྱེད་ལ་ནུས་པ་ཐོན་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨིན་ཀི་སི་ཡིས་ཚན་རིག་གི་བྱུང་འཕེལ་དེ་ཐོག་མ་ཉིད་ནས་ཐོན་སྐྱེད་ལ་རག་ལས་པ་ཡིན་ཞེས་པ་བཞིན་འུར་ཆ་ནི་ཐོན་སྐྱེད་ལས་ཐོན་པའི་ལག་རྩལ་གྱི་གྲུབ་འབྲས་ཤིག་ཡིན།

(1)རྔོན་ལས་ཀྱི་ལག་ཆ།

བོད་ཀྱི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་བའི་འཚོ་བའི་ངལ་རྩོལ་ལ་བརྟེན་ནས་ལག་ཆ་མང་པོ་ཞིག་གསར་བཟོ་མཛད་ཡོད མི་རིགས་གང་དང་གང་ཞིག་ཡིན་རུང་གདོད་མའི་དུས་སུ་བྱུང་བའི་འཚོ་བའི་ཐོན་སྐྱེད་ཀྱི་ཆེས་ཐོག་མའི་ལག་ཆ་ནི་རྡོ་ཆས་ཡིན་པས། བོད་མི་རིགས་ཀྱི་གདོད་མའི་དུས་སྐབས་སུ་བྱུང་བའི་ལག་ཆ་ཐོག་མའང་རྡོ་ཆས་ལས་མ་འདས། བོད་ལྗོངས་ཆབ་མདོ་ས་ཆའི་མཁར་རོ་ཤུལ་རྟེན་ལས་བུད་པའི་རྡོ་ཆས་རིགས་དེ་དག་ད་ལྟའི་བར་དུ་ལོ་ངོ་སྟོང་ཁྲག་བཞི་ལྔ་ལྷག་འགོར་ཡོད་ལ། དེས་སྐབས་དེའི་མི་རྣམས་ཀྱིས་རྡོ་ཆས་ལ་བརྟེན་ནས་རྔོན་ལས་བྱེད་པ་མཚོན་ཐུབ། གཞན་ཡང་སྤྱི་ལོ1984ལོར་ལྷ་སའི་ཆུ་གོང་ནས་རྙེད་པའི་གནའ་ཤུལ་དང་གནའ་རྫས་གྲངས་འབོར་མང་ལ་རྣམ་པ་མི་འདྲ་བ་དུ་མ་ཞིག་རྙེད་ཡོད་པ་དེ་དག་ལོ་རྒྱུས་མཁན་པོ་རྣམས་ཀྱིས་རྡོ་ཆས་གསར་མའི་དུས་རབས་དང་སྦྲེལ་ནས་བཤད་ཡོད་པས་གནའ་རྫས་དེ་དག་གིས་ད་སྔོན་མི་ལོ་སུམ་སྟོང་ཡན་ཆད་དུ་ས་ཆ་དེར་གནས་སྡོད་བྱས་པསི་བོད་མི་རྣམས་ཀྱིས་འུར་རྡོ་སོགས་པར་བརྟེན་ནས་འཚོ་བ་རོལ་མྱོང་བ་མངོན་པར་མཚོན་ཡོད། འུར་ཆ་ནི་སྐབས་དེ་དུས་སུ་བྱུང་ཞིང་དེའི་དུས་སུ་རི་དྭགས་འདུལ་བྱེད་དང་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་བསྙོན་དུ་མེད།

(2)ཕྱུགས་རིགས་གཉེར་སྐྱོང་གི་ལག་ཆ།

《སྲིད་པ་ཆགས་ལུགས》ཞེས་པའི་སྒྲུང་ལས། བྱང་བདུད་ཀླུ་བཙན་རྒྱལ་པོ་དེ་ནི་སྤྱང་ནག་རི་རབ་ཙམ་དུ་སྤྲུལ་ནས་གླིང་ཨ་སྐྱིད་ལུག་གི་ལུག་ཁྱུ་ནས་ལུག་སུམ་བརྒྱ་ལྕེ་སྲིང་གཅིག་གིས་ཁུར་སོང་བས། ཇོ་རུས་སྐུ་ཆས་སྣ་ཚོགས་གསོལ། འུར་ཆ་ཁྲ་རིང་སྐུ་སྐེད་ལ་དྲངས། ཁྲ་ཐུང་མ་ཕྱག་ལ་བསྣམས་ཏེ། བདུད་ཀླུ་བཙན་ལ་གླུ་ཞིག་བླངས་ཡོད་པ་བཀོད་ན་འདི་ལྟ་སྟེ། 

འུར་རིང་མ་དེ་རྒྱང་ལ་འགྲོ །

ཁྲ་ཐུང་མ་དེ་གཏད་ཁ་ཚ། །

ཨ་ཁྲའི་འུར་རྡོ་ཚག་འཁོབ་ཆེ། །

དྲེད་མོའི་འུར་རྡོ་འོག་ལྕགས་ཆེ། །

ཚག་ཟེར་ན་གླ་བ་མཐའ་ལ་འཕེན། །

ཁག་ཟེར་ན་རི་བོང་ཀླད་ཞོ་འདོར། །

ཡར་འཕངས་ཤ་ཕོའི་རྭ་ཡ་གཅོག །

མར་འཕངས་ཡུ་མོའི་སུག་བཞི་གཅོག །

འུར་ཁྲ་རིང་མ་ཡི་ནང་རོལ་ལ། །

ཕ་བོང་དཀར་བོ་གུར་ཙམ་ཡོད། །

ཐོད་དཀྱིལ་ལ་གཟས་ཏེ་རྒྱག་རྒྱུ་ཡིན། །

འུར་ཁྲ་རིང་མ་ཡི་ནང་རོལ་ལ། །

ཕ་བོང་དཀར་བོ་གུར་ཙམ་ཡོད། །

ཐོད་དཀྱིལ་གཟས་ཏེ་རྒྱག་རྒྱུ་ཡིན། །

འུར་ཁྲ་རིང་མ་ཡི་ནང་རོལ་ན། །

ཕ་བོང་སེར་བོ་རྟ་ཙམ་ཡོད། །

སོག་དཀྱིལ་གཟས་ཏེ་རྒྱག་རྒྱུ་ཡིན། །

འུར་ཁྲ་ཐུང་མ་ཡི་ནང་རོལ་ན། །

ཕ་བོང་ནག་པོ་སྦྲ་ཙམ་ཡོད། །

མགོ་སྤྱི་གཙུག་གཟས་ཏེ་རྒྱག་རྒྱུ་ཡིན། །

ཞེས་ཚིག་སྦྱོར་བདེ་ཞིང་ནང་དོན་གསོན་ཉམས་ལྡན་པའི་གཏམ་རྒྱུད་འདི་ལས་འུར་ཆ་ནི་ཕྱུགས་རིགས་འདེད་འགུག་གི་ནུས་པ་ལས་གཞན་ཕྱུགས་རིགས་ལ་གནོད་པ་གཏོང་མཁན་བཀག་འགོག་གི་ནུས་པ་ཡོད་པ་བསྟན་ཡོད། 

གཉིས། དགྲ་འདུལ་གྱི་མཚོན་ཆ།

སྤྱི་ཚོགས་འཕེལ་རིམ་དལ་ལ། དྲག་ཆས་ཀྱང་མང་པོ་བྱུང་མེད་པའི་དུས་སུ་འུར་ཆ་ནི་རང་སྲུང་ཕར་རྒོལ་གྱི་ལག་ཆ་ཕུལ་དུ་བྱུང་བ་ཞིག་ཡིན་ཏེ། གླིང་སྒྲུང་ལས་གེ་སར་རྒྱལ་པོའི་དགྲ་ལྷའི་གོ་མཚོན་སྣ་དགུ་ཞེས་མཚོན་ཆ་དགུ་བགྲངས་ཡོད་པ་ལས་འུར་ཆ་ནི་དེ་ཡ་གྱལ་ཡིན། 

《རྟ་རྒྱུག་རྒྱལ་འཇོག》ལས། ཇོ་རུས་བླངས་པའི་གླུ་ཞིག་ལས་འདི་ལྟར་ཡོད་དེ། 

ང་ཡི་ལག་གི་འུར་ཆ་འདི། །

གོ་མཚོན་ནང་གི་སྔ་མ་ཡིན། །

མྱུར་མགྱོགས་ཆེ་བའི་མཚོན་ཆ་ཡིན། །

ཚགས་སྒྲས་ནག་ཕྱོགས་བདུད་རིགས་འདུལ། །

ཁོབ་སྒྲས་འདྲ་སྲིན་འདུ་ར་གཏོར། །

དེ་སྟེ་འདྲེ་མོས་ཚུར་ལ་གསོན། །ཞེས་པ་དང་།

《ཚ་བ་མདའ་རྫོང》ལས།

ཕྱི་རྟེན་འབྲེལ་རྫས་ཀྱི་འུར་རྡོ་འདི། །

ཕྱི་དགྲ་འདྲེའི་ལུས་ཕུང་ཐལ་བར་སློག །ཅེས་དང་ཡང་། ནག་ཕྱོགས་བདུད་རྣམས་བསྲེག་ཅིང་འགྱེད། །ཅེས་པ་ལས་འུར་ཆ་ལ་དགྲ་དགག་གདོན་འདྲེ་རྩ་མེད་དུ་གཏོང་ཐུབ་པའི་ནུས་པ་ཡོད་པ་བསྟན་ཡོད། 

གཞན་དམངས་ཁྲོད་ཀྱི་ཤོ་འབོད་ཅིག་ལས།

ཁ་མི་དལ་མ་ཎི་ཐོན་དང་། །

མ་ཎི་ཆོས་ཀྱི་འགོ་མ། །

ལག་མི་དལ་འུར་རྡོ་ཟུངས་དང་། །

འུར་རྡོ་མཚོན་གྱི་ཐོག་མ། །

ཞེས་པ་ལས་ཀྱང་མཚོན་ཆ་ཡིན་པ་བརྗོད་ཡོད་ལ། མེས་པོ་རྣམས་ཀྱིས་བློ་གྲོས་ཀྱི་རྩལ་ལས་ཐོ་པའི་འུར་ཆ་ལ་བརྟེན་ནས་གདོད་མ་ནས་ད་ལྟའི་བར་དུ་རྒྱལ་སྲིད་བརྟན་སྲུང་དང་ཕྱིའི་དགྲ་འགོག་རྒོལ་བྱས་པ་ཤེས་ཐུབ།

གསུམ། མོ་འདེབས་པའི་ཡོ་ཆས།

དུས་སྔ་མོ་ནས་མི་སུ་ཞིག་དོན་གང་དང་འཕྲད་ཚེ། ཆོས་ལུགས་དད་མོས་ལ་བརྟེན་ནས་ཐོག་མར་མོ་རྩིས་ལུང་གསུམ་འདེབས་པར་གོམས་འདུག་ཅིང་། དེ་དང་འབྲེལ་བའི་རིག་གནས་ཀྱང་རྒྱ་ཆེན་པོ་ཞིག་ཡོད་པར་མ་ཟད། སྐབས་བབ་ཀྱི་གནས་ཚུལ་དང་བསྟུན་ནས་མོ་ཆས་ཀྱང་སྣ་ཚོགས་ཤིག་བྱུང་ཡོད། ལྷག་པར་དུ་གླིང་སྒྲུང་ལས་དམག་དོན་དང་དོན་གལ་ཆེན་དང་འཕྲད་ཚེ་མོ་འདེབས་པའི་ཞིབ་འབྲི་མང་པོ་མཆིས་ལ། དེར་རྒྱལ་ཕྲན་རེ་ལ་མོ་མ་རེ་ཡོད་ཅིང་དེས་མོ་ལ་བརྟག་ནས་འབྱུང་འགྱུར་གྱི་དོན་ལ་སྔོན་དཔག་བྱེད་པའི་སྐོར་མང་པོ་ཞིབ་འབྲི་བྱས་ཡོད། 

《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》ལས།

ང་ཡི་ལག་གི་འུར་ཆ་འདི། །

མ་མཁའ་འགྲོ་འབུམ་གྱི་དབུ་སྐྲ་དང་། །

ཤར་སེང་གེ་དཀར་མོའི་གཡུ་རལ་ལ། །

འུར་ཡ་མཆོག་ཡར་ངོའི་ཚེས་ལས་སླས། །

མ་མཆོག་ཡར་ངོའི་ཚེས་ལས་སླས། །

དཀར་ཕྱོགས་ལྷ་ཡིན་དབུ་འཕང་བསྟོད། །

ནག་ཕྱོགས་བདུད་ཀྱི་ཁ་གནོན་ཡིན། །

འུར་མཐིལ་ཟླ་བ་གསུམ་ལས་སླས། །

དགྲ་ལྷ་མཆེད་དགུའི་བཞུགས་གནས་ཡིན། །

དཔའ་ལུང་ཉི་མ་གསུམ་ལ་བཀུག །

འགྲོ་དྲུག་དད་པའི་ཨ་ལོང་ཡིན། །

ཚར་ལྕེ་ཉི་མ་ལྔ་ལ་བཏགས། །

འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན། །

འུར་ཡར་གཡུག་རྒྱ་གར་ཡུལ་ལ་གཡུག །

སྟོད་རྒྱ་གར་ཆོས་ཀྱི་དར་ཐག་འཐེན།  ཞེས་པ་ལས་འུར་ཆའི་རྒྱུ་ཆ་དེ་ནི་མཁའ་འགྲོའི་དབུ་སྐྲ་དང་སེང་གེ་དཀར་མོའི་གཡུ་རལ་ཡིན་པ་དང་། གཞན་ཡང་དགྲ་ལྷ་མཆེད་དགུའི་བཞུགས་གནས་ཡིན་པ། འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན་པ་སོགས་འུར་ཆའི་གྲུབ་ཚུལ་བརྗོད་པ་འདི་ལས་འུར་ཆ་དེ་མང་ཚོགས་ཁྲོད་དུ་གོ་གནས་མཐོན་པོ་ཟིན་ཡོད་པ་ཚོར་ཐུབ་ལ། བོད་ཀྱི་དགྲ་ལྷའི་གོ་མཚོན་གྱི་ཚབ་ནུས་རྫས་རྟེན་ཁྱད་པར་བ་དང་། ཝེར་མའི་རྟེན་མཁར་དང་ཆོས་སྐྱོང་གི་བླ་གནས། ནོར་བདག་གི་གཡང་རྫས། རྣོ་མཐོང་བས་ཇུ་ཐིག་གི་ཚབ་དང་མོ་ཆས་སུ་གྱུར་ཡོད།  དེ་བཞིན་དུ་མི་རྣམས་ཀྱིས་དུས་རྒྱུན་ཕྱུག་ཟོག་འཚོ་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཕྱུགས་ཟོག་བོར་དུས་མོ་འདེབས་པའི་གོམས་སྲོལ་དེ་དུས་ད་ལྟའང་མ་ཉམས་པར་གནས་ཡོད། སྒྲུང་བ་ཚེ་རིང་དབང་འདུས་ལགས་ཀྱིས་བཤད་པ་ལྟར་ན། འུར་ཆ་ལ་བརྟེན་ནས་མོ་འདེབས་པ་ནི་འབྲོག་པའི་འཚོ་བའི་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ། དེ་ལ་འུར་མོ་འདེབས་པ་ཞེས་ཟེས། 

འུར་མོ་ནི་མོ་གཞན་པ་དང་མི་འདྲ་སྟེ། ཕྱུགས་རྫི་མང་ཆེ་ཤས་ཀྱིས་འདེབས་ཤེས་ལ། དེ་འདེབས་བྱེད་ཀྱི་འུར་ཆ་ནི་གཟི་མིག་དགུ་བ་ཞེས་པ་ཡིན་ཞིང་། འུར་མོ་གཅིག་དེ་ཐེངས་གསུམ་ལ་འདེབས་པའི་སྲོལ་ཡོད། གཞན་ཡང་། སྒྲུང་པ་སྨིན་དབུས་པོས་བཤད་པ་ལྟར་ན། དེ་ཡང་རང་རང་གི་དོན་བྱ་ལ་དམིགས་ཏེ་ནོར་ལྷ་ཞེས་བདེན་པ་བརྡར་བཞིན། འུར་ཐག་ཉིས་ཁུགས་ལ་ཁུག་མདུད་གཅུ་ལེན་བྱས་ཏེ་ལག་གཡས་གཡོན་གཉིས་ཀྱིས་འཐེན་བཤིག་བྱས་ཏེ་བརྟག་རྒྱུ་ཞིག་ཡིན། བརྟག་ཡུལ་ལ། འུར་ཡ་མཆོག་མ་མཆོག་གཉིས་ཨ་ལོང་ལྟར་སྦྲེལ་ནས་བབ་རྒྱུ་ཞིག་ཡོད་པ་ནི་མཛོ་མོའི་གསེར་རྣ་ཞེས་པ་མོ་རབས་སུ་བརྩི། ལག་པ་གཡས་གཡོན་གཉིས་ལ་འུར་ཡ་མཆོག་མ་མཆོག་གཉིས་ཁུགས་པ་རེ་རེ་བྱས་ཏེ་བབ་ན། དེ་ལ་རི་བོང་རྣ་ཅོར་ཟེར་ལ་ཅུང་ལེགས་པའི་ངོ་རུ་བརྩི། ཆ་བསྣོལ་ཏེ་རྐྱང་ཤད་དུ་བབ་ན་ཐུག་གུ་རྐྱང་ཟེར་ཞིང་འཚུབ་ངོ་རུ་བརྩི།  ཆ་གཉིས་ཨ་ལུང་གཅུ་བསྣོལ་དུ་བབ་པར་མིད་པ་རྐེ་གཅུ་ཟེར་ཞིང་ཆེས་ངན་ངོ་རུ་བརྩི་བ་སོགས་དཔྱད་ཚུལ་ཤིན་ཏུ་མང་པོ་འདུག་པར་མ་ཟད། རྣོ་མཐོང་གི་ཁྱད་ཆོས་ལྡན་པའི་ལག་ལེན་ད་ལྟའང་དམངས་ཁྲོད་དུ་སྲོལ་མ་ཉམས་པར་ལག་ལེན་བྱེད་བཞིན་ཡོད། ཅེས་འུར་མོ་འདེབས་པའི་སྲོལ་དེ་འབྲོག་ལས་ས་ཆར་ཁྱབ་གདལ་དུ་སོང་ཡོད་ལ་ད་ལྟའི་བར་མ་ཉམས་པར་རྒྱུན་འཛིན་བྱེད་བཞིན་ཡོད། དམངས་ཁྲོད་དུ་འུར་ཆ་དུས་རྒྱུན་རྫི་འགོམ་མི་བྱེད་པར་མཐོ་སར་འཇོག་པ་དང་། འུར་ཐག་རྙེད་ན་གཡང་རྟེན་དུ་བརྩིས་ནས་མཛོད་ཕུགས་སུ་འཇོག་པ་ལ་སོགས་པའི་གོམས་སྲོལ་འདི་ལས་འུར་ཆ་དེ་བོད་མིའི་སེམས་ཁོང་དུ་གོ་གནས་ཟིན་ཡོད་པ་དང་དེར་བཅངས་པའི་བརྩེ་སེམས་དྲོད་མོ་མངོན་པར་མཚོན་ཡོད།

བཞི། ཆོས་ལུགས་ཀྱི་ཆོ་གའི་བསྒྲུབ་ཆས།

དམངས་ཁྲོད་དུ་བཤད་ཚུལ་ལྟར་ན། གདོད་མའི་དུས་ནས་འུར་ཆ་ལ་བརྟེན་ཏེ་རང་བྱུང་གི་གནོད་འཚེ་འགོག་སྲུང་བྱེད་སྲོལ་ཡོད་ཅིང་། ལྷག་པར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་ནས་དྲག་ཆར་ཆེན་པོ་འབབ་ལ་ཉེ་བའི་དུས་དེར། དྲག་ཆར་འགོག་པའི་ཆོས་པ་རྣམས་ཀྱི་འུར་ཆའི་ནང་དུ་ཡུངས་འབྲུ་དང་འབྲུ་རིགས་སྣ་ཚོགས་བཞག་སྟེ་དགུང་སྔོན་གནམ་ལ་གཏོར་རྗེས། སྤྲིན་ནག་ཐར་ཐོར་ཏུ་འགྲོ་བའི་བཤད་སྲོག་མཆིས། སར་འགོག་སྐབས་སུ་བཀོལ་བའི་འུར་ཆ་དེ་ནི་རྒྱུན་ལྡན་གྱི་འུར་ཆ་དང་བསྡུར་ན་ཐུང་ལ་ཆུང་བའི་ཁྱད་ཆོས་ཡོད།

ལྔ། སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས།

འུར་ཆའི་བཀོལ་ཡུལ་དང་བཀོལ་སྟངས་ཀྱི་རྣམ་པ་འཕོ་འགྱུར་བྱུང་ནས་མི་རྣམས་དཔུང་བའི་ཤེད་ཤུགས་དང་ལྡེམ་མྱུར། གནད་ལ་འཁེལ་བ་སོགས་འགྲན་པའི་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད་པ་བོད་པའི་དགའ་སྟོན་དང་དུས་ཆེན་མང་པོའི་སྟེང་ནས་མཐོང་ཐུབ། མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས《ཡུལ་སྲོལ》ལས། དེ་ཐོག་མར་རི་དྭགས་རྔོན་བྱེད་དང་བར་དུ་གཡུལ་འགྱེད་བྱེད་སྐབས་ཀྱི་རྒྱང་འཕེན་དྲག་ཆས་སྟབས་བདེ་ཞིང་གོ་ཆོད་པ་ཞིག་ཀྱང་རེད། རྔོན་ལས་ཐོན་སྐྱེད་དང་གཡུལ་འགྱེད་བྱ་གཞག་ནང་བེད་སྤྱོད་བྱས་པའི་ཡུན་རིང་གི་ཉམས་མྱོང་ལ་འུར་རྡོ་འཕེན་རྒྱུ་དེ་ལའང་ལུས་ཀྱི་རྩལ་སྦྱོང་བྱས་པས་གྲུབ་འབྲས་རྩེར་ཐོན་པར་བསྟུན། འུར་ཆ་འཕེན་རྩལ་སྦྱོང་བ་དང་འགྲན་སྡུར་བྱེད་པ་དར་བ་ཡིན། ཞེས་བཀོད་པ་ལས་འུར་ཆ་ནི་དམངས་ཁྲོད་དུ་བྱུང་ཞིང་དམངས་ཁྲོད་ཀྱི་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད་པ་བདེན་དཔང་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཀྱིས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་གསུམ་པའི་སྟེང་འུར་རྡོ་འཕེན་པའི་བྱ་འགུལ་དེ་ལུས་རྩལ་རྣམ་གྲངས་སུ་བཀོད་དེ་འགྲན་སྡུར་བགྱིས་མྱོང་།

དྲུག རྒྱན་སྤྲས་ཀྱི་ཡོ་བྱད།

དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ན་འུར་ཆའི་བཀོལ་སྟངས་ཀྱི་གནས་བབ་དང་སྤྱི་ཚོགས་འཚོ་བ་གོང་འཕེལ་དུ་སོང་བ་དང་རིམ་བཞིན་མཛེས་ཆས་ཀྱི་རྣམ་པ་རུ་གྱུར་ཡོད། རྒྱན་གོས་འདོགས་ཆས་མང་པོ་ཞིག་ཐོག་མའི་དུས་སུ་ཡོ་ཆས་ཡིན་པ་དང་རིམ་བཞིན་རྒྱན་ཆས་སུ་གྱུར་ཡོད་དེ། འུར་ཆའི་རིགས་ལས་མཛེས་འུར་ཁྲ་བོ་ཞེས་པའི་འུར་ཆ་དེའི་རྒྱུ་ཆ་ནི་བལ་ཁུ་དཀར་ནག་དང་སྣམ་སྐུད་ཚོན་མདོ་སྣ་ཚོགས་ལས་བཟོས་པ་ཡིན་ལ། གཞོན་ནུ་ཕོ་མོ་ཚོས་སྐེད་པར་བཏགས་ནས་མཛེས་རྒྱན་དུ་བྱེད་བཞིན་འདུག

《ཚ་བ་མདའ་རྫོང》ལས།

ལུས་ལ་འཆང་ན་དགྲ་ལྷ་འཁོར། ། 

རྐེད་ལ་གཟར་ན་རྒྱན་དུ་མཛེས། །

དམག་ལ་སོང་ན་དགྲ་ལས་རྒྱལ། ། 

ཇག་ལ་སོང་ན་ནོམ་དང་འཕྲད། །

ཚོང་ལ་སོང་ན་ཁེ་སྤོགས་གྲུབ། །  

ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ། །

ཞེས་འུར་ཆའི་ནུས་པར་བསྟོད་པ་འདི་ལས་རྒྱན་ཆས་སམ་མཛེས་ཆས་སུ་གྱུར་ཡོད་པ་བསྟན་ཡོད།

6 འཛེམ་བྱ།

གླིང་སྒྲུང་ནང་དུའང་འུར་ཆ་ནི་གླིང་གེ་སར་རྒྱལ་པོའི་དགྲ་ལྷའི་གོ་མཚོན་སྣ་དགུའི་ཡ་གྱལ་ཡིན་པར་མ་ཟད། འབྲེལ་ཡོད་ཀྱི་ནུས་པ་བརྗོད་པའི་ཤུགས་ནས་འཛེམ་བྱ་བསྟན་ཡོད་དེ། དཔེར་ན། ལུས་ལ་འཆང་ན་དགྲ་ལྷ་འཁོར། །ཞེས་དང་ཡང་། ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ། །ཞེས་པ་བཞིན་དགྲ་ལྷ་འཁོར་བྱེད་དང་གཡང་འགུག་གི་ནུས་པའང་ཡོད་པར་ཤེས། གཞན་སྒྲུང་ལས།

དཀར་པོ་ལུག་གི་སྤུ་ལས་གྲུབ། །

སྟོང་ལུག་འཁོར་བའི་རྟེན་འབྲེལ་འགྲིག །

ནག་པོ་བེའུའི་སྤུ་ལས་གྲུབ། །

འབྲི་བརྒྱ་འཁོར་བའི་རྟེན་འབྲེལ་འགྲིག །ཅེས་འུར་ཆའི་རྒྱུ་ཆ་ལ་ལྟས་ནས་རྟེན་འབྲེལ་བརྟག་པ་འདིའང་འུར་ཆའི་གོ་གནས་མཐོན་པོ་ཞིག་ཡོད་པར་ཚོར་ཐུབ་ལ། དམངས་ཁྲོད་དུའང་བཤད་ཚུལ་འདི་འདྲ་ཞིག་མཆིས་ཏེ། ལུག་རྭའི་སྒོར་ཁར་བཞག་ན་ཕྱུགས་ཟོག་བོར་བའི་སྔ་ལྟོས་ཡིན་ཞེས་ཕྱུགས་རྫི་ཚོས་དུས་རྒྱུན་འུར་ཆ་བོར་བར་འཛེམ་བྱའི་གནས་སུ་གྱུར་འདུག  གཞན་ཡང་དམངས་ཁྲོད་དུ་བཤད་སྲོལ་ཞིག་ལ། འུར་རྡོ་འཕངས་ཏེ་འུར་ལོག་ཏུ་སོང་བ་དང་ཡང་ན་ཕྱུགས་ཟོག་གི་རྐང་ལག་བཅག་ཚེ་འུར་ཆ་དེ་མི་གཙང་བ་བྱུང་ཞེས་འུར་ཆ་རྒྱུན་པར་མཐོ་སར་འཇོག་པར་སྐད། 

དེ་མིན་མིའི་སྐེ་ལ་བཏགས་ན་དབྱར་ཁའི་ཐོག་འགོག་ཐུབ་པ་དང་། སྒོ་སྟེང་དུབཀལ་ན་བཀྲ་མི་ཤིས་པ་དང་དོན་མི་འགྲུབ་པའི་མགྲོན་པོ་སོགས་འགོག་ཐུབ། གཞན་རས་གུར་སོགས་འདུག་ཁང་གི་མཐའ་འཁོར་དུ་བཞག་ན་གཅན་གཟན་དང་གདོན་འདྲེ་སོགས་འགོག་ཐུབ་པས་འུར་ཆ་ཡར་མཐོ་སར་འཇོག་པ་དང་བརྫི་འགོམ་བྱེད་པར་འཛེམ་པའི་གོམས་སྲོལ་ཞིག་ཆགས་འདུག 



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།