མོ་པོ་སང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོ་པོ་སང་།
ཅུའེ་དབྱེ.ཏུ.མོ་པོ་སང་ནི་དུས་རབས་བཅུ་དགུ་བའི་སྨད་ཀྱི་ཧྥ་རན་སེའི་ཕུལ་ཏུ་བྱུང་བའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན། ཁོང་དང་ཆི་ཁུ་ཧྥུ་དང་ཨོ་ཧེང་རེས་གསུམ་ལ་འཛམ་གླིང་སྒྲུང་ཐུང་མཁས་ཆེན་གསུམ་དུ་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
居伊•德•莫泊桑
ཕྱི་ཡིག་གི་མིང་།
Guy de Maupassant
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1850.8.5-1893.7.6)
རྒྱལ་ཁབ།
ཧྥ་རན་སེ།
ལས་རིགས།
རྩོམ་པ་པོ།
བྱས་རྗེས་གཙོ་བོ།
འཛམ་གླིང་སྒྲུང་ཐུང་གི་སློབ་དཔོན་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
《ལུག་ཚིལ་རྡོག་པོ》《གྲོགས་ཡག》《ཚེ་གང》《མགུལ་རྒྱན》 《བདག་གི་ཁུ་བོ་ཡུ་ལེ》
1 མི་ཚེ་དང་གསར་རྩོམ།

མོ་པོ་སང་ནི་ཉམས་རྒུད་འཐོར་ཞིག་ཏུ་སོང་བའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཡུམ་ལ་རྩོམ་རིག་གི་བྱང་ཚད་ལྡན་ཞིང་ཨ་ཞང་ནི་སྙན་ངག་པ་དང་སྒྲུང་གཏམ་མཁན་ཅན་ཞིག་ཡིན་པས། ཁོང་ལ་ཆུང་དུས་ནས་རྩོམ་རིག་གི་ཤུགས་རྐྱེན་བཟང་པོ་ཐེབས།  སྤྱི་ལོ1870ལོར་ཕུའུ་ཧྥ་དམག་འཁྲུག་ལངས་པས་ཁོང་དམག་མིར་ཞུགས་པ་དང་། དམག་འཁྲུག་མཇུག་བསྒྲིལ་རྗེས་པ་ལིར་གཞིས་སྡོད་བྱས།  སྤྱི་ལོ1872ལོའི་ཟླ་བ་བཅུ་པར་པ་ལི་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་ཚན་པར་ཐོ་འགོད་བྱས། སྤྱི་ལོ1872ལོ་ནས་བཟུང་སྔ་རྗེས་སུ་མཚོ་དམག་པུའུ་དང་སློབ་གསོ་པུའུ་རུ་གོ་གནས་ཆུང་ངུ་ཞིག་ཟིན་ནས་ལོ་བཅུ་ལྷག་ཙམ་བཞུགས།

མོ་པོ་སང་གིས་སྤྱི་ལོ1871ལོ་ནས་གསར་རྩོམ་འགོ་བཙུགས་ཤིང་ཧྥུའུ་ལོའུ་པའེ་ཡིས་ཁོང་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས།  ཧྥུའུ་ལོའུ་པའེ་ནི་ཁོང་གི་ཨ་ཞང་དང་ཡུམ་གྱི་གྲོགས་པོ་ཡིན་ཞིང་། སྤྱི་ལོ1873ལོའི་ཟླ་དགུ་པ་ནས་ཁོང་གི་སློབ་དཔོན་དུ་གྱུར། ཧྥུའུ་ལོའུ་པའེ་ནན་ཏན་སྒོ་ནས་ཁོང་ལ་ངེས་པར་དུ་འཚོ་བར་ལྟ་ཞིབ་ཞིབ་ཕྲ་བྱས་ནས་མི་གཞན་དག་གིས་བསྔོག་འདོན་བྱ་ཐུབ་མེད་པའི་བྱ་དངོས་བཙལ་རྙེད་ཐུབ་པ་དགོས་རྒྱུ་དང་། བརྩམས་ཆོས་ནང་གཞུང་ལུགས་སྟོང་བཤད་བྱེད་རྒྱུར་ངོ་རྒོལ་གྱིས་ཡིད་རྣལ་དུ་ཕབ་ནས་ཕྱི་ཡུལ་དང་མཐུན་པ་བྱ་རྒྱུ་རྒྱུན་འཁྱོངས། ཀུན་རྫོབ་དང་ཕྱོགས་ལྷུང་ལ་ཐེར་འདོན་དང་ཁ་རྡུང་དྲག་པོ་གཏོང་རྒྱུའི་རེ་བ་འདོན་གྱི་ཡོད། 

ཁོང་གི་དུས་རིམ་ཐོག་མའི་བརྩམས་ཆོས་རྣམས་ཡུན་རིང་གསོག་ཉར་བྱེད་པ་ལས་འཚབ་འཚུབ་ཏུ་འགྲེམས་སྤེལ་མ་བྱས།   མེ་ཐང་ཚོགས་པས་མོ་པོ་སང་ལ་ལེགས་འགྲུབ་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་པ་སྟེ། སྤྱི་ལོ1879ལོའི་དབྱར་དུས་སུ་མོ་པོ་སང་སོགས་རང་བྱུང་རིང་ལུགས་ཀྱི་རྩོམ་པ་པོ་བརྒྱད་མེ་ཐང་སྤྲོ་ཁང་དུ་འདུ་འཛོམས་བྱས་ནས་ཕུའུ་ཧྥ་དམག་འཁྲུག་བརྗོད་བྱར་བྱས་པའི་སྒྲུང་གཏམ་རེ་བྲིས་ཏེ་པར་འགྲེམས་བྱ་རྒྱུར་གྲོས་འཆམ། སྤྱི་ལོ1880ལོའི་ཟླ་བ་བཞི་པར《མེ་ཐང་དགོང་ཚོགས》ཞེས་མིང་དུ་བཏགས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་འགྲེམས་སྤེལ་བྱས་རྗེས་འབར་གས་རང་བཞིན་གྱི་ཤུགས་རྐྱེན་བྱུང་བས་གཟའ་འཁོར་ཁ་ཤས་ནང་བསྟུད་མར་པར་ཐེངས་བརྒྱད་བརྒྱབ།  དེའི་ནང་ནས་མུའོ་པོ་སང་གི《ལུག་ཚིལ་རྡོག་པོ》ཞེས་པ་མིང་གྲགས་ཆེ་ཤོས་ཡིན་ལ། དགེ་རྒན་ཧྥུའུ་ལོའུ་པའེ་ཡིས་ཀྱང་ཕུལ་བྱུང་བརྩམས་ཆོས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། དེ་ནས་བཟུང་མོ་པོ་སང་སྐར་མདའ་ཇི་བཞིན་མྱུར་བ་མྱུར་བར་རིག་རྩལ་ལས་རིགས་ཁྲོད་དུ་འཛུལ་ལོ།།

དེའི་རྗེས་ཀྱི་ལོ་བཅུ་ལྷག་ཙམ་རིང་མོ་པོ་སང་གིས་སྒྲུང་འབྲིང་དང་སྒྲུང་ཐུང་སུམ་བརྒྱ་ལྷག་ཙམ་དང་། སྒྲུང་རིང་དྲུག  ཡུལ་སྐོར་ཟིན་ཐོ་གསུམ། ཆེད་བསྒྲིགས་དུས་དེབ་ཀྱི་རྩོམ་ཡིག་བཅས་བྲིས།  ཁོང་གི་སྒྲུང་རིང་རྣམས་མཐོ་རིམ་སྤྱི་ཚོགས་ལས་རྒྱུ་ཆ་བླངས་ཤིང་ཕོ་མོའི་གསང་འབྲེལ་བཀོད་འབྲི་བྱས་པ་མང་བས་མི་རྣམས་ཀྱིས་རང་བྱུང་རིང་ལུགས་ཀྱི་ཕྱོགས་ལྷུང་ལྡན་པར་ངོས་འཛིན་བྱེད། དེའི་ནང་ནས《གྲོགས་ཡག》(སྤྱི་ལོ1885ལོ)ཞེས་པ་ནི་སྐད་གྲགས་ཆེ་ཤོས་ཡིན།  སྒྲུང་གཏམ་འདིས་མཐོ་རིམ་བུད་མེད་དང་ངན་འབྲེལ་བྱས་ནས་སྒེར་གྱི་ཁེ་གྲགས་དོན་གཉེར་བྱེད་པའི་ཉེན་མཆོངས་དཔེ་མཚོན་མི་སྣ་གསར་བཞེངས་བྱས་ཏེ། སྤྱི་མཐུན་རྒྱལ་ཁབ་གསུམ་པའི་དུས་ཀྱི་གསར་འགྱུར་ལས་རིགས་ཀྱི་ཡོལ་ནག་དང་། སྲིད་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཐེར་འདོན་བྱས་ཡོད། གྲགས་ཅན་བརྩམས་ཆོས་གཞན《ཚེ་གང》(སྤྱི་ལོ1883ལོ)ཞེས་པར་ལྷག་བསམ་ཟོལ་མེད་དང་འདོད་མེད་དང་ལེན་བྱས་ཀྱང་མཐར་རེ་བ་སྟོང་ཟད་དུ་གྱུར་པའི་བུད་མེད་ཀྱི་སྣང་བརྙན་ཞིག་བཀོད་འབྲི་བྱས་ཡོད་ཅིང་།  དེའི་རང་གཤིས་འབྲི་བཞེངས་བྱེད་ཚུལ་ཐད་སློབ་དཔོན་ཧྥུའུ་ལོའུ་པའེ་ཡི་ཐབས་རྩལ་གྱི་ཤན་ཞུགས་ཡོད།

མོ་པོ་སང་རང་ལོ་སུམ་ཅུ་ནས་བཟུང་དབང་རྩ་ཉམས་ནད་ཕོག་ནས་ཇེ་སྡུག་གིས་སྤྱི་ལོ1891ལོར་ཀླད་རྩ་འཁྲུགས་པའི་འཆོལ་ནད་དུ་གྱུར་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྤྱི་ལོ1893ལོར་སྨྱོ་ནད་སྨན་ཁང་དུ་སྐུ་གཤེགས།

2 བརྩམས་ཆོས།
2_1 སྒྲུང་ཐུང་།

མོ་པོ་སང་གི་སྒྲུང་ཐུང་རྣམས་སྤྱིའི་ཆ་ནས་རིགས་ཆེན་པོ་བཞིར་དབྱེ་ཆོག་པ་ཡིན་ཏེ། རིགས་དང་པོར་ཕུའུ་ཧྥ་དམག་འཁྲུག་སྐོར་བྲིས་ཡོད་པ་དང་། དེ་ཡང་གཙོ་བོར་ཧྥ་རན་སེའི་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་མཚོན་པར་བྱས་ཡོད། 《ལུག་ཚིལ་རྡོག་པོ》ནང་བཀུར་འོས་ཀྱི་སྨད་འཚོང་མ་ཞིག་བྲིས་ཡོད་པ་ཕུད། དཔེར་ན། 《སྲས་མོ་ཧྥེ་ཧྥེ》ནང་བརྙས་བཅོས་འཁྱེར་མི་འདོད་པར་བཙན་འཛུལ་པ་འཆི་ལམ་དུ་སྐྱེལ་བའི་བུད་མེད་དཀྱུས་མ་ཞིག་གི་སྐོར་བྲིས་ཡོད་པ་དང་།《བཟུང་དམག》ནང་མི་སེར་ཞིག་གིས་ཕུའུ་ལུའུ་ཧྲི་དམག་གི་གསོན་བཟུང་བྱས་པའི་གཏམ་རྒྱུད་བཤད་ཡོད་པ་སོགས་སོ། །

རིགས་གཉིས་པར་འབྱོར་ཆུང་གྲལ་རིམ་དང་སྤྱི་ཞབས་པ་ཆུང་ངུའི་སྐོར་བྲིས་ཡོད་པ་དང་།  དེ་ཡང་གཙོ་བོར་གཏམ་འདོད་དང་། ཁེ་དབང་། མ་རབས། ཁྲེལ་མེད་རྩོད་ལེན་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པ་དམར་རྗེན་དུ་བཏོན་ཡོད།  དེའི་ནང་གྲགས་རྩོམ《བདག་གི་ཁུ་བོ་ཡུ་ལེ》དང་། 《མགུལ་རྒྱན》གཉིས་ཡོད། 《བདག་གི་ཁུ་བོ་ཡུ་ལེ》ནང་དེ་སྔོན་ཧྥེ་ལི་ཕུའུ་བཟའ་ཚོས་མི་ངན་དང་།  ཁྲམ་པ། ཡ་མེད་ཅེས་སོགས་པའི་ཁ་རྡུང་གཏོང་མྱོང་བའི་གཅུང་པོ་ཡུ་ལེ་ཕྱི་རྒྱལ་དུ་སོང་རྗེས་རྒྱུ་ནོར་འཕེལ་བའི་འཕྲོས་གཏམ་གོ་ཐོས་བྱུང་སྐབས་དེ་མུར་གཞུང་དྲང་དང་།རྒྱུ་འབྲས་བརྩི་མཁན། སེམས་བཟང་ཅན།ཐབས་ཤེས་ལྡན་པ་ཞེས་སོགས་པའི་འུད་བསྟོད་བྱེད་ཅིང་། ཁྱིམ་ཚང་སྐྱོ་གདུང་གི་གནས་ལས་སྒྲོལ་བའི་རེ་བ་ཡོད་དོ་ཅོག་ཁོའི་ལུས་ཐོག་ཏུ་བཅོལ་ཏེ་རྒྱུན་དུ་གྱོན་ཆས་གཙང་ལེགས་གྱོན་ནས་མཚོ་འགྲམ་དུ་སྒུག་པར་སོང་།  ཐེངས་ཤིག་ནང་མི་ཚང་མ་ཡུལ་སྐོར་ལ་འགྲོ་བའི་ལམ་བར་དུ་རྒྱང་རིང་ས་ན་གོས་ཧྲུལ་གྱོན་པའི་ཡུ་ལེ་ཉ་སོག་བཙོང་གི་ཡོད་པ་མཐོང་བས་ཁོ་ཚོའི་གདོང་མདོག་སྐྱ་བོར་གྱུར་ཅིང་། ལུས་པོ་འདར་སིག་ཤོར་ནས་སྐད་ཆ་ཡང་ཐོས་ལ་མི་ཐོས་བཤད། ཉེ་བར་བཅར་སྐབས་ཡུ་ལེ་ཡིན་པ་ར་འཕྲོད་པས་ཁོ་ཚོའི་གདོང་མདོག་ཐལ་སྐྱར་གྱུར་ལ་མིག་འབུར་ཚུགས་སུ་བལྟ་ཞིང་།  དངངས་འཚབ་སྐྱེ་བའི་གདོང་གཤིས་ཀྱིས་ཁ་ནས་སྡུག་ཅག་འདི་ལྟས་ངན་འདི་ཞེས་མུག་བཤད་བྱེད།  《མགུལ་རྒྱན》ནང་གི་མཱ་ཏིར་ཏུ་གོ་གནས་མེད་པའི་ལས་ཚན་པ་ཆུང་ངུ་ཞིག་གི་མནའ་མར་སོང་སྟབས་ཉིན་མཚན་མེད་པར་དཀའ་སྡུག་མྱོང་བ་དང་སྐྱོ་སྣང་སྐྱེ་ཡི་ཡོད། ཉིན་ཞིག་ཁྱོ་བོས་རྒྱས་སྤྲོས་དགོང་ཚོགས་ཀྱི་གདན་ཞུའི་སྦྲོན་ཤོག་གཅིག་ཁྱེར་ཡོང་བས་མོ་དགའ་སྤྲོས་རབ་ཏུ་མྱོས། ངོམ་ཁྱེར་བྱེད་པའི་གོ་སྐབས་བཟང་པོ་དེ་མི་ཤོར་ཕྱིར་ལྕམ་ཧྥོ་ལའེ་སི་ཅེ་དྲུང་ནས་མགུལ་རྒྱན་ཞིག་གཡར། མོས་དགོང་ཚོགས་ཐོག་འཕེར་ཤ་དོད་ལ་རང་ངོམ་བྱེད་ཐུབ་པས་གཉིད་ལམ་ནང་གི་བདེ་སྐྱིད་དེ་དངོས་གནས་རྙེད། འོན་ཀྱང་། དགོང་ཚོགས་གྲོལ་རྗེས་མགུལ་རྒྱན་དེ་བོར་བརླགས་སོང་བ་རེད། མགུལ་རྒྱན་གྱི་སྐྱིན་ཚབ་སྒྲུབ་ཆེད་ཁྱོ་བོས་ཁྱིམ་གཞིས་ཡོད་ཚད་བཙོང་པ་མ་ཟད། བུ་ལོན་འཇལ་ཆེད་མོས་ལོ་བཅུའི་རིང་དཀའ་སྡུག་ཚད་མེད་མྱངས་ནས་གཟུགས་སྟོབས་ཆེ་ལ་དཀའ་སྡུག་བཟོད་ཐུབ་མཁན་ཞིག་ཏུ་གྱུར་མོད། ལོ་བཅུའི་གོང་གི་དགོང་ཚོགས་དེ་དྲན་དུས་སེམས་ནང་ད་དུང་སྤྲོ་སྣང་འཕེལ་གྱི་ཡོད། ལོ་བཅུའི་རྗེས་ལ་མོ་དང་ལྕམ་ཧྥོ་ལེ་སེ་ཅི་གློ་བུར་ཐུག་འཕྲད་བྱུང་ས་མགུལ་རྒྱན་དེ་ནི་དོན་དངོས་ཐོག་རིན་ཐང་གང་ཡང་མེད་པའི་དངོས་ཟོག་རྫུན་མ་ཞིག་ཡིན་པ་གཞི་ནས་ཤེས། བརྗོད་གཞི་འདི་རིགས་ཀྱི་བརྩམས་ཆོས་ད་དུང《རྟར་བཅིབས་པ》དང་། 《ཉི་གདུགས》《ཤུལ་བཞག》《གཟེངས་རྟགས་ལག་ཏུ་སོན་པ》ཞེས་སོགས་ཡོད།

《བུད་མེད་གླ་པ་ཞིག་གི་སྒྲུང་གཏམ》ཞེས་པར་ཞིང་པའི་བུད་མེད་མགོ་སྐོར་འོག་ཚུད་ནས་མི་གཞན་གྱིས་རང་འདོད་ལྟར་བཀོད་པ་གཏོང་བའི་གནས་བབ་བཀོད་འབྲི་བྱས་ཡོད་པ། 《ཞི་མེང་གི་ཨ་ཕ》ཞེས་པའི་ནང་མགར་པ་ཧྥེ་ལི་ཕུའུ་ཡིས་མི་རྣམས་ཀྱིས་མཐོང་ཆུང་བྱ་ཡུལ་དུ་གྱུར་པའི་བྱིས་ཕྲུག་ཞི་མེང་ལ་སྲུང་སྐྱོབ་བྱེད་ཆེད་རང་འགུལ་ཐོག་ནས་ཞི་མེང་གི་ཨ་མ་དང་གཉེན་སྒྲིག་བྱས་པའི་སྐོར་བཀོད་འབྲི་བྱས་ཡོད་པ།《རྒན་པོ》ཞེས་པར་མི་རབས་གཉིས་ཀྱི་སྤྲོ་སྣང་མེད་པའི་འབྲེལ་བ་དང་དོན་དངོས་ཁེ་ཕན་གལ་ཆེར་འཛིན་པའི་ཞིང་པའི་སེམས་ཁམས་བཀོད་འབྲི་བྱས་པ་སོགས་སོ།།

རིགས་བཞི་པར་བརྩེ་དུང་དང་གཉེན་སྒྲིག་སྐོར་བྲིས་ནས་རྣམ་དག་དང་བབ་ཆགས་ཀྱི་བརྩེ་དུང་ལ་བསྔགས་བརྗོད་བྱས་ཡོད། དཔེར་ན། 《སྲས་མོ་མུ་ཏིག་མ》ཞེས་པར་བརྩེ་དུང་དང་བདེ་སྐྱིད་མ་ཐོབ་པའི་བུད་མེད་བྱིས་ཕྲུག་ཅིག་བཀོད་འབྲི་བྱས་ཡོད་པ་དང་། 《འབོལ་གདན་རྐུབ་བཀྱག་བཟོ་བཅོས་བྱེད་མཁན་གྱི་བུད་མེད》ཅེས་པར་བརྩེ་སེམས་ཀྱིས་ཕྱུག་པའི་བུད་མེད་རྒས་མོ་ཞིག་བཀོད་འབྲི་བྱས་པ། 《ཟླ་འོད》ཅེས་པར་ཟླ་འོད་འོག་ཏུ་བརྩེ་གྲོགས་ལ་སེམས་འགུལ་ཐེབས་ནས་བརྩེ་དུང་ལ་ངོ་རྒོལ་བྱེད་པ་ནས་བརྩེ་དུང་ལ་འདུན་པ་འཆང་མཁན་ཞིག་ཏུ་གྱུར་བའི་ཆོས་ཁང་གི་བགྲེས་སོང་ཞིག་བཀོད་འབྲི་བྱས་ཡོད་པ་སོགས་སོ། །

མོ་པོ་སང་གི་སྒྲུང་ཐུང་གིས་དུས་རབས་བཅུ་དགུ་པའི་དུས་སྨད་ཀྱི་ཧྥ་རན་སེའི་སྤྱི་ཚོགས་འཚོ་བའི་ཡངས་ཤིང་རྒྱ་ཆེ་བའི་དཔེ་རིས་ཤིག་མངོན་པར་བྱས་ཡོད་ཅིང་། དེའི་བསམ་བློའི་གཏིང་ཚད་ཐད་ཕྱོགས་གསུམ་ནས་སྔོན་རབས་པ་ཚོ་ལས་བརྒལ་ཡོད་པ་སྟེ། གཅིག  མི་དམངས་མང་ཚོགས་ནི་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་མཁན་གྱི་གཙོ་ཤུགས་ཡིན་པར་ཁས་ལེན་བྱས་ཡོད། གཉིས། འབྱོར་ཆུང་གྲལ་རིམ་པ་རྣམས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོར་བཞག་ནས་གཅིག་ནས་ཁོ་ཚོའི་ཆག་སྒོར་གདུང་སེམས་མཉམ་སྐྱེ་དང་གཉིས་ནས་ཁོ་ཚོའི་ཉེས་མཚང་ཐེར་འདོན་ཡང་བྱས་ཏེ་ཡང་དག་པའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕར་རྩར་ཚོད་འཛིན་བྱས་ཡོད་པ་མ་ཟད། རྩོམ་རིག་གི་སྤྱི་ཚོགས་འཚོ་བའི་དཔེ་རིས་རྒྱ་ཆེར་བཏང་ཡོད། གསུམ། གཏིང་ཟབ་པོའི་སྒོ་ནས་ཞིང་པའི་འཚོ་བ་དང་བསམ་བློ་བཀོད་འབྲི་བྱས་ཏེ་ཁོ་ཚོའི་སྐྱོ་གདུང་དང་ཆག་སྒོ་མངོན་མཚོན་བྱེད་པ་ཕུད། ད་དུང་ཁོ་ཚོའི་བརྩེ་སེམས་ཀྱི་འཇིག་རྟེན་དང་རིན་ཐང་གི་ལྟ་བ་ཡང་མངོན་པར་བྱས་ཡོད།

2_2 《ལུག་ཚིལ་རྡོག་པོ》

《ལུག་ཚིལ་རྡོག་པོ》ནི་མོ་པོ་སང་གི་སྒྲུང་ཐུང་རྩ་ཆེན་ཞིག་ཡིན། སྒྲུང་གཏམ་ནང་ཕུའུ་ལུའུ་ཧྲི་དམག་དཔུང་གིས་ལུ་ཨང་གྲོང་ཁྱེར་བཙན་བཟུང་བྱས་རྗེས་གྲོང་མི་བཅུ་མཉམ་དུ་སྤྱི་སྤྱོད་ཤིང་རྟ་གཅིག་ནང་བསྡད་ནས་ཏུའོ་ཏུ་གྲོང་རྡལ་བརྒྱུད་དེ་ལུ་ཨ་ཧྥུར་མཚོ་ཁུག་ཏུ་བྲོས་བྱོལ་ལ་འགྲོ་བའི་སྐོར་བྲིས་ཡོད། མི་བཅུའི་ཁྲོད་ནས་གཅིག་གི་མཚང་མིང་ལ་ལུག་ཚིལ་རྡོག་པོ་ཞེས་པའི་སྨད་འཚོང་མ་སྟེ་དམའ་རིམ་མི་སྣ་ཞིག་ཡིན་པ་ཕུད། གཞན་དགུ་པོ་ངོ་སོ་ཆེ་བའི་མི་སྣ་ཤ་སྟག་ཡིན། ཐེར་གེ་རྡོག་ཐོན་བྱས་རྗེས་མི་སྣ་དགུ་པོས་ལུག་ཚིལ་རྡོག་པོ་ལ་ཁྲེལ་བགོད་དང་སྣ་ཤུ་རྒྱག་པས་མོ་སྐྲག་སྣང་ཁོ་ནས་གཡོལ་ཁོམ་ཡང་མ་བྱུང་། འོན་ཀྱང་། གངས་འཁྱག་གིས་ལམ་བཀག་ནས་འགྲོ་སྐྱོད་འགོར་འགྱངས་བྱེད་དགོས་ཐུག་པས།  རྒྱགས་ཆས་ཁྱེར་མེད་པའི་མི་དགུ་པོ་བཀྲེས་ལྟོགས་ཀྱིས་ཚད་མེད་མནར་སྐབས་མོས་རང་ཉིད་ཉིན་གསུམ་རིང་འདང་རྒྱུ་ཡིན་པའི་བཟའ་བཅའ་སློ་མ་གང་ཁོ་ཚོར་སྦྱིན་པས་འཁྱུག་ཙམ་རིང་ལ་གཙང་མ་གཙང་དག་བཟོས།  དགྲ་བོས་བཙན་བཟུང་བྱས་པའི་ཏོ་ཐུའི་གྲོང་རྡལ་བརྒྱུད་དེ་འགྲོ་སྐབས་ལུག་ཚིལ་རྡོག་པོ་ཡིས་ཕུའུ་ལུའུ་ཧྲི་དམག་དཔོན་ལ་དབུ་འཁོར་མ་ཞུས་པས་བཀག་ཉར་བྱས། མི་དེ་དག་གིས་ལྐོག་ཇུས་བཤམས་ནས་ཁ་མཁས་ཚིག་སྙན་གྱིས་བསླུས་ཙང་མོས་ཁ་ལ་ཉན་ཏེ་དམག་དཔོན་དང་མཉམ་དུ་ཉལ།   

བརྩམས་ཆོས་འདི་ཉིད་ཀྱིས་ཤུགས་དྲག་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཉམས་འགྱུར་གྱིས་ཕྱུག་པའི་ཐོག་ནས་ལུག་ཚིལ་རྡོག་པོའི་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་གཅེས་བསམ་པ་འབུར་དུ་མངོན་པར་བྱས་ཡོད། ཕུའུ་ལུའུ་ཧྲི་མི་རྣམས་ནི་རང་ཉིད་ཀྱི་མེས་རྒྱལ་ལ་བཙན་འཛུལ་དང་།  རང་མི་རིགས་ལ་ཐུབ་ཚོད་གཏོང་མཁན་ཞིག་ཡིན་པས་ཡང་ནས་བསྐྱར་དུ་དགྲ་སྡེའི་དཔོན་དམག་གི་འཁྲིག་བདེའི་འདུན་པ་ཁས་ལེན་མི་བྱེད་པ་མ་ཟད། སྤུན་ཟླ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་བྱེད་རྒྱུར་དགའ་བ་ཞིག་ཡིན་ཏེ།  རང་ཉིད་ནས་བློ་ཞིབ་མོས་འདེམས་ཉོ་བྱས་པའི་བཟའ་བཅའ་སློ་མ་གང་པོ་སེར་སྣའི་དྲི་ཙམ་ཡང་མེད་པར་བཀྲེས་ལྟོགས་ཀྱིས་མནར་བའི་འགྲུལ་རོགས་ཚོར་སྦྱིན།  ཐ་ན་སྤུན་ཟླ་ཐེར་གེ་གང་པོ་བདེ་བླག་ངང་དགྲ་བོའི་ས་མཚམས་ནས་སྒྲོལ་ཕྱིར་རང་ལུས་དགྲ་བོར་སྤྲོད་པ་སོགས་སོ། །

སྒྲུང་གཏམ་གྱི་བརྗོད་བྱ་བསམ་གཞིགས་བྱེད་ཚུལ་དམིགས་བསལ་ཅན་དང་། སྒྲིག་གཞི་བཀོད་སྒྲིག་བྱ་ཚུལ་མཁས་པོ་ཡིན་པ་སྟེ། སྒྲུང་གཏམ་ཧྲིལ་པོའི་ནང་དོན་ཐེར་གེ་གཅིག་དང་། འགྲུལ་པ་བཅུ།  ཡུལ་གཉིས(ཐེར་གེའི་ཐོག་དང་ཏོ་ཐུའི་འགྲུལ་ཁང)ལས་གྲུབ་ཅིང་། སྒྲིག་གཞི་བཀོད་སྒྲིག་ཐད་དེ་དོན་མཚོན་གྱི་བྲོ་བ་ལྡན་པ་སྟེ། ཐེར་གེའི་ཐོག་ནས--འགྲུལ་ཁང--སླར་ཐེར་གེའི་ཐོག་ཡིན། བཀྲེས་ལྟོགས་ཀྱི་དོན་རྐྱེན་ནས་འགོ་བརྩམས་ཤིང་སླར་བཀྲེས་ལྟོགས་ཀྱི་དོན་རྐྱེན་གྱིས་མཇུག་བསྡུས་པས། སྤྱིར་ན་རྙོག་འཛིང་ཆེ་བའི་སྒྲུང་གཏམ་ཞིག་མིན་ཡང་དོན་དངོས་ཐོག་དེ་ནི་སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་བསྡུས་གཟུགས་ཤིག་ཡིན།

ཇི་མ་ཇི་བཞིན་གྱི་སྣང་བརྙན་བཀོད་འབྲི་དང་། རང་གཤིས་ཅན་གྱི་སྤྱི་ཚོགས་བཀོད་འབྲི་བྱེད་པ་ནི་སྒྲུང་གཏམ་གྱི་སྒྱུ་རྩལ་ཐོག་གི་ལེགས་འགྲུབ་བྱུང་ས་གཞན་ཞིག་ཡིན། དཔེར་ན། ལུག་གི་ཚིག་སྒོར་གྱི་ཕྱིའི་རྣམ་པ་བཀོད་འབྲི་བྱེད་ཚུལ་འདི་ལྟ་སྟེ། གཟུགས་བྱད་ཆུང་ཞིང་ལུས་ཀྱི་ཆ་ཤས་མཐའ་དག་སྒོར་མོ་ཡིན་པ།  པགས་པ་འཇམ་ཞིང་འོད་འཚེར་ལ་ཚགས་དམ་པ། ནུ་མ་ཆེ་བས་སྟོད་གོས་འོག་ཏུ་འགྱིང་ངེར་ལངས་པ། བཞིན་གྱི་དཀྱིལ་འཁོར་ནི་དམར་མདངས་འཕྲོ་བའི་ཀུ་ཤུ་ཞིག་དང་འདྲ།  གནག་ཅིང་སྣུམ་ལ་ཀེམ་ཀེམ་དུ་གཡོ་བའི་མིག་ཟུང་གི་མཐའ་འཁོར་དུ་སྨིན་པ་མཐུག་པོས་སྐོར། དམར་ཞིང་སྲབ་ལ་མི་རྣམས་འོ་བྱེད་པར་འདོད་པའི་མཆུ་སྒྲོས་དང་ལྡན་པའི་ཞལ་ཀྱི་ནང་ངོས་སུ་འོད་མདངས་རྣམ་པར་བཀྲ་ལ་གྲལ་འགྲིག་པའི་སོའི་ཕྲེང་བ་དང་ལྡན་པ།ཞེས་པའི་མི་སྣའི་ཕྱི་ངོས་ཀྱི་ཁྱད་ཆོས་དང་། མཚང་མིང་འདོགས་རྐྱེན། ལས་རིགས་ཀྱི་རྟགས་མཚན། དེ་བཞིན་ལང་ཚོ་དར་ལ་རྣམ་དག་ལྷག་མེད་ཀྱི་དགའ་བར་འོས་པའི་རྣམ་པ་དེ་དག་རེ་རེ་བཞིན་ཡིག་ཐོག་ཏུ་ཕབ་ཡོད། ཚིག་གཅིག་རང་གི་ཐོག་ནས་སྐུ་ཞབས་ཉེའུ་ལགས་ཀྱི་ཕྱིའི་རྣམ་པ་བཀོད་འབྲི་བྱས་ཡོད་པ་ནི་གཟུགས་པོ་ཤིན་ཏུ་ཆུང་ལ་ལྒང་བུ་དང་འདྲ་བའི་ལྟོ་བ་ཆེན་པོ་དེའི་ཐོག་ཏུ་རྣ་སྐྲ་སེར་པོ་གཉིས་པོའི་བར་དུ་གནས་པའི་གདོང་པ་ཁམ་མདོག་ཅན་ཁྱེར་བ། ཞེས་སྐབས་འཚོལ་ཚོང་པ་སྟེས་དབང་གིས་ཕྱུག་པོར་གྱུར་པའི་བློ་རྒྱ་ཆུང་བའི་སྣང་བརྙན་དེ་གསོན་འབྲི་བྱས་ཡོད། ཚིག་སྦྱོར་གྱི་བཀོད་འབྲིའི་ཁྲོད་ནས་ལུག་ཚིལ་རྡོག་པོའི་བྱིས་བློ་གསང་ཟོལ་མེད་ལ་བློ་རྒྱ་ཡངས་པ་དང་། དབང་སྒྱུར་གྲལ་རིམ་ཀྱི་ངོ་ཚ་ཁྲེལ་མེད་དང་བཟོད་པར་དཀའ་བའི་མ་རབས་ཐ་ཤལ། ཁེ་ལས་མཁས་ཅན་གྱི་ཕྱི་ཚུལ་རྫིག་ཉམས་ལ་ནང་སེམས་སྐྱུག་བྲོ་བ། དགེ་སྒྲུབ་རྒན་མོའི་མགོ་བདེ་གཡོ་ཟོལ་དང་དབང་ཡོད་རྒྱུ་ལྡན་པར་རྒྱབ་རྟེན་བཅོལ་ལུགས་སོགས་རང་གཤིས་རིགས་འདྲ་མིན་སྣ་ཚོགས་པ་དག་འོས་ཤིང་འཚམས་པའི་ཐོག་ནས་མངོན་པར་བྱས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།