བསྟན་པ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྟན་པ་རྒྱལ་མཚན།
བསྟན་པ་རྒྱལ་མཚན་ནི་ཡུལ་ཤུལ་ཁུལ་དུ་སྐྱེས་པའི་གླིང་སྒྲུང་སྨྲ་བ་གྲགས་ཅན་ཞིག་ཡིན། ཁོས་སྒྲུང་སྣ་མི་གཅིག་པ་ཉིས་སྟོང་ཉིས་བརྒྱ་གྱ་གཉིས་ཤེས་ཟེར་ཡོད་ཀྱང་། སྒྲུང་དཔེའི་ཁ་བྱང་བཀོད་པ་ནི་སུམ་བརྒྱ་སུམ་ཅུ་ཡོད་ཟེར། ཁོང་ནི་ཐོག་མ་བབས་སྒྲུང་གི་སྒྲུང་བ་དང་རྗེས་སུ་པྲ་སྒྲུང་གི་སྒྲུང་བར་གྱུར་སྐད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹巴尖参
མི་རིགས།
བོད་རིགས།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
1973ལོ།
སྐྱེས་ཡུལ།
མཚོ་སྔོན་ཡུལ་ཤུལ།
སྒྲུང་པའི་རིགས།
བབས་སྒྲུང་དང་པྲ་སྒྲུང་སྒྲུང་པ།
1 ​མི་སྣའི་ངོ་སྤྲོད།

སྤྱི་ལོ2009ལོའི་ཟླ8པའི་ཚེས4ཉིན་ཁོ་བོ་ཀྲུང་གོའི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲི་ཅིན་དང་བཅས་པར་ལྷན་དུ་ཟི་ལིང་གྲོང་ཁྱེར་ནས་རྒྱང་རིང་ཡུལ་ཤུལ་ཁུལ་དུ་བསྐྱོད་པ་ལགས། དེར་ལམ་ཐག་རིང་བའི་ཁར་བགྲོད་ལམ་ཡང་ཀྱག་ཀྱོག་ལ་ཐུར་ཆེ་སྟབས་ལམ་བར་དུ་ཆུ་ཚོད14འགོར་འགྱངས་སུ་སོང་། ཡུལ་ཤུལ་དུ་བསྡོམས་པས་ཉིན་གསུམ་ལ་བརྟག་དཔྱོད་དང་ཀོང་ཇོའི་ལྷ་ཁང་། སྐྱེ་རྒུ་དགོན། གེ་སར་རྒྱལ་པོའི་ཟངས་སྐུ་ཆེན་མོ་བཅས་པས་ངེད་རྣམས་ལ་སྤྲོ་བ་ཤིན་ཏུ་རྒྱས་པ་བཏང་མོད། འོན་ཀྱང་དེ་དག་ལས་ཀྱང་ངོ་མཚར་བ་དང་ཧ་ལས་སུ་བཅུག་པ་སྟེ། པྲ་སྒྲུང་གི་རིགས་སུ་གཏོགས་པའི་འབའ་ཐང་གི་སྒྲུང་པ་བསྟན་པ་རྒྱལ་མཚན་གྱི་ལོ་རྒྱུས་དང་སྒྲུང་བའི་ལམ་དུ་བགྲོད་པའི་བརྒྱུད་རིམ། གྱེར་ལེན་བགྱིས་པའི་སྒྲུང་བཅས་པ་དེ་ཡིན། 

ཁོང་གིས་བཤད་པ་ལྟར་ན། ཁོས་སྒྲུང་སྣ་མི་གཅིག་པ་ཉིས་སྟོང་ཉིས་བརྒྱ་གྱ་གཉིས་ཤེས་ཟེར་ཡོད་ཀྱང་། སྒྲུང་དཔེའི་ཁ་བྱང་བཀོད་པ་ནི་སུམ་བརྒྱ་སུམ་ཅུ་ཡོད་ཟེར། ཁོང་ནི་ཐོག་མ་བབས་སྒྲུང་གི་སྒྲུང་བ་དང་རྗེས་སུ་པྲ་སྒྲུང་གི་སྒྲུང་བར་གྱུར་སྐད། གང་ལྟར་ཡིན་ཡང་། ཁོང་གིས་ངེད་རྣམས་ཀྱི་རེ་འདུན་ལྟར་བཤད་པའི《ཤན་འདན་ནང་འཁྲུག》དང《འདན་མ་ནས་རྫོང》《ཨ་སྟག་ལྷ་མོ》བཅས་པའི་སྒྲུང་གི་ཚན་པ་རེ་དང་མ་འགོག་བཟའ་དམྱལ་བར་ལྷུང་བའི་རྒྱུ་མཚན་དག་བཤད་པའི་སྐབས་སུ་ཁོང་ནི་སྒྲུང་མཁན་ངོ་མཚར་བ་ཞིག་དང་སྒྲུང་སྣ་མི་མཚུངས་པ་མང་པོ་ཤེས་པ་དངོས་སུ་རྟོགས་བྱུང་།

སྒྲུང་བ་གྲགས་ཅན་འབའ་ཐང་བསྟན་པ་རྒྱལ་མཚན་ནི་ཡུལ་ཤུལ་ཁུལ་འབའ་ཐང་རྒྱལ་གཉེར་ཕྱུགས་རའི་ཕྱུགས་རྫི་ཡིན། དགུང་ལོ34(1973ལོར་སྐྱེས་པ)སོན་འདུག  ཁྱིམ་མི་སྟེ། ཁོང་གི་ཕ་རྒན་དང་ཆུང་མ་བྱིས་པ་ཆེ་ཆུང་གསུམ་མཆིས།  མ་རྒན་ལོ་བདུན་གྱི་སྔོན་ལ་ཚེ་ལས་འདས་ཟེར།  ཁོང་གི་ཆུང་མའི་མིང་ལ་ལྷ་སྐྱིད་ཟེར་ཞིང་།  ལས་ལ་བརྩོན་ཞིང་བྱམས་སེམས་ལྡན་པ་ཞིག་ཡིན་ལ། ཁོ་མོས་བསྟན་པ་རྒྱལ་མཚན་གྱི་སྒྲུང་བཤད་པ་ལའང་མཐུན་རྐྱེན་མང་པོ་བསྐྲུན་གྱི་ཡོད་སྐད། སྒྲུང་བ་བསྟན་པ་རྒྱལ་མཚན་གྱིས་བཤད་མི་ཤེས་ལ། ཡི་གེ་ཡང་ཤེས་མཁན་གཅིག་ཀྱང་མེད་ཟེར། འོ་ན་ཁོང་ནི་ཇི་ལྟར་པྲ་སྒྲུང་གི་སྒྲུང་པ་ཞིག་ཏུ་གྱུར་བ་ཡིན་ཞེ་ན། ཁོང་གིས་བཤད་རྒྱུར། ང་རང་ལོ་བརྒྱད་ལ་ལོན་པའི་ཉིན་ཞིག་གི་མཚན་མོར། རྨི་ལམ་ངོ་མཚར་བ་ཞིག་རྨིས་པ་སྟེ།  མགོ་ལ་རྨོག་དང་ལུས་ལ་ཁྲབ། སྐེད་ལ་སག་འཁོར་གསུམ་བཏགས་པའི་དཔའ་རྒོད་མཐོང་ན་འཇིགས་སུ་རུང་བ་ཞིག་ཆིབས་པ་རྐྱང་དམར་ཞིག་ལ་བཅིབས་ཏེ་ངའི་གམ་དུ་ཕེབས་ནས། ཁྱེད་ཀྱིས་ཁྱེད་རང་གི་སྐྱེ་བ་སྔོན་མ་ཨེ་དྲན། ད་ལྟ་སྐྱེ་བ་འདིར་ཁྱེད་ནི་རྣམ་ཐར་སྤེལ་མི་ཞིག་རེད། ཁྱེད་ཀྱི་ཨེ་ཤེས་སམ། ཁྱེད་ཀྱིས་ངའི་རྣམ་ཐར་སྤེལ་དགོས་གསུངས་པའི་རྗེས་སུ། ང་གཉིད་ལས་སད་དེ་ནམ་ཡང་ལངས་བྱུང་།  ཉིན་དེ་ནས་བཟུང་གློ་བུར་དུ་སྒྲུང་བཤད་ཤེས་པ་དང་། ད་དུང་སྲིད་པ་ཆགས་ལུགས། གཏམ་རྒྱུད། གཏམ་དཔེ་བཅས་པ་བཤད་ཤེས་པར་གྱུར་ཟེར། ཁོང་རང་ལོ་བརྒྱད་ནས་བཟུང་ཡི་གེ་རང་སྦྱོང་བྱེད་པའི་འགོ་ཡང་བརྩམས་པ་ཡིན་ཞིང་། དགུང་ལོ་བརྒྱད་ནས་ཉེར་གཅིག་བར་དུ་བློ་སྒྲུང་བཤད་པ་དང། དགུང་ལོ་ཉེར་གཅིག་ནས་བཟུང་པྲ་སྒྲུང་ཕབ་པའི་འགོ་བརྩམས་ཟེར། འོ་ན་ཁོང་གིས་པྲ་སྒྲུང་ཕབ་པའི་སྐབས་སུ་ཤོག་སྟོང་དཀར་བོ་ཞིག་གི་སྟེང་ལ་བལྟས་ནས་བཤད་ན་ཡི་གེ་མཐོང་ཐུབ་བམ་ཞེ་ན།  ཁོང་གིས་ཤོག་བུ་སྟེང་དུ་ཡི་གེ་ཤར་བ་མ་ཟད། སྒྲུང་གང་བཤད་འདོད་ན་དེ་ཤར་བ་དང་། ཡང་སྒྲུང་གསར་བ་ཞིག་ཤར་ཡོང་ཟེར། སྒྲུང་གྲངས་བརྒྱ་སྟོང་མང་པོ་བཤད་ཤེས་ཤིང་། དལ་འབྱོར་གྱི་ལུས་འདི་མ་འཛད་ན་སྒྲུང་ཁག་འཛད་རྒྱུ་མི་འདུག་ཟེར། ཤོག་བུ་སྟེང་དུ་སྒྲུང་སྣ་མང་པོ་ཤར་ཐུབ་པ་ལས་གཞན་སྒྲུང་གི་ཁ་བྱང་དང་སྒྲུང་གླུའི་དབྱངས་རྟ་བཅས་པ་ཡང་ཕབ་ཐུབ་སྐད། ཤོག་བུ་སྟོང་བའི་སྟེང་ཤར་ནུས་པ་ཡིན་ཟེར། ད་ལྟ་སྒྲུང་ཡོལ་དང་སེན་མོའི་སྟེང་དུ་ཡང་ཤར་ནུས་པ་ཡིན་ཟེར།

ད་ལྟ་སྒྲུང་པ་བསྟན་པ་རྒྱལ་མཚན་གདན་འདྲེན་ཞུས་ནས། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་གླིང་སྒྲུང་དང་རི་བཤད་ས་བཤད་བཅས་པ་སྒྲ་ཕབ་བཞིན་མཆིས།  ཟླ་རེར་གླ་ཕོགས་སྒོར600སྤྲོད་ཀྱིན་ཡོད།  ད་ལྟ་བཤད་དེ་སྒྲ་ཕབ་ཟིན་བྲིས་ལ་བཀོད་པའི་ཤོག་གྲངས400ལྷག་ཡོད་ཟེར། ད་དུང་ཀོང་ཇོའི་གཏམ་རྒྱུད་ལེའུ15དང་། ཇོ་མོ་གླང་མའི་གནས་བསྟོད་ལེའུ17། སྟོད་ཙ་རིའི་གནས་བསྟོད་པ་ལེའུ4། རྨ་ཆུའི་བཤད་པ་ལེའུ9། འབྲི་ཆུའི་བཤད་པ་ལེའུ9། རྫ་ཆུའི་བཤད་ལེའུ9བཅས་པ་སྒྲ་ཕབ་ཟིན་ཞིང་།  ད་ལྟ་ཟིན་བྲིས་སུ་འགོད་པ་དང་དག་སྒྲིག་བྱེད་བཞིན་འདུག

ཁོང་གིས་གླིང་སྒྲུང་མང་པོ་བཤད་ཤེས་པ་མ་ཟད། གླིང་སྒྲུང་གི་དབྱངས་རྟ228བཤད་ཤེས་པ་དང་། ལྷ་འདྲེའི་སྒྲུང258བཤད་ཤེས། གཏམ་དཔེ188བཤད་ཤེས། གླུ་གཞས80བཤད་ཤེས། གཏམ་དཔེ188བཤད་ཤེས། རྨི་ལམ་ལ་བརྟག་ཚུལ188ཤེས།  རྟའི་བཤད་པ60ཤེས། ལུག་བཤད70བཤད་ཤེས།  ར་བཤད70བཅས་པའི་གནས་བཤད་དང་སྲོག་ཆགས་ཀྱི་བཤད་པ། ལྷ་ཀླུ་གཉན་གསུམ་གྱི་བཤད་དང་སྲོག་ཆགས་ཀྱི་བཤད་པ།  ལྷ་ཀླུ་གཉན་གསུམ་གྱི་བཤད་པ་སོགས་མང་པོ་ཤེས་ཟེར། ད་དུང་འདབ་ཆགས་ཁོ་ནའི་སྒྲུང་ཡང170བཤད་ཤེས་ཟེར།  ཡིན་ནའང་དུས་ཚོད་ཀྱི་དབང་གིས་ཁོང་གི་བློར་མཆིས་པའི་གྲངས་ལས་འདས་པའི་སྒྲུང་དང་བཤད་པ་གནས་བསྟོད་རེ་རེར་ཞིབ་འཇུག་བྱེད་མ་ཐུབ་ཡང་སྒྲུང་སྣ་མི་གཅིག་པ་གསུམ་དང་སྒྲུང་གི་ཁ་བྱང་།  སྒྲུང་ནང་གི་རྩོད་གླེང་མཆིས་པའི་གནད་དོན་འགར་བཅར་འདྲི་དང་གླེང་མོལ་བྱས་པ་ལགས།  ཁོང་གི་བཤད་པའི་སྒྲུང་དང་སྒྲུང་གླུའི་ལྟ་བ་དག་འཆད་པའི་སྐབས་སུ། ངག་བརྗོད་ཧ་ཅང་མྱུར་བ་དང་བདེ་བ་ཞིག་ཡིན་ཞིང་བརྗོད་པའི་དོན་གསལ་ལ་གོ་བདེ་བ། གནད་ལ་ཕོག་པ་ཞིག་རེད། ད་དུང་སྒྲུང་བཤད་པའི་མཚམས་ཀྱང་ཕ་རོལ་བས་མ་བཀག་ན་མཚམས་མི་འཇོག་གོ །

ཁོང་ལ་ཁྱེད་ཀྱིས་གསོལ་འདེབས་དང་མཆོད་བཀུར་བྱེད་ཡུལ་གཙོ་བོ་དེ་གང་ཡིན་ནམ་ཞེས་དྲིས་པ་ན།  ཁོང་གིས་བསམ་བློ་ཅུང་ཙམ་བཏང་རྗེས། ངའི་མཆོད་ཡུལ་གཙོ་བོ་སྟེ།  སློབ་དཔོན་པད་མ་འབྱུང་གནས་ཡིན། ཁོང་ནི་རིག་གསུམ་མགོན་པོའི་རྣམ་སྤྲུལ་དང་གེ་སར་རྒྱལ་པོའི་བླ་མ་ཡིན། ཁོང་ལ་ཟློག་ཏུ་མེད་པའི་གསོལ་འདེབས་མཆོད་བཀུར་བགྱིས་ན། ད་གཟོད་གེ་སར་སྒྲུང་ལེགས་པོ་བཤད་ཐུབ་ཟེར།

2 སྒྲུང་དང་སྒྲུང་བཤད་ཀྱི་ཁྱད་ཆོས།

(1)ཁོང་གིས་བློ་སྒྲུང་ངམ་ཡང་ན་པྲ་སྒྲུང་གང་བཤད་ན་ཐོག་མར་གེ་སར་རྒྱལ་པོའི་གསོལ་མཆོད་ངེས་པར་དུ་འདོན་དགོས། ཡིན་ནའང་མཆོད་པ་ཆ་རྐྱེན་ཡོད་ན་འབུལ་པ་དང་རི་ཡུལ་དུ་ཆ་རྐྱེན་མེད་ན་མ་འབུལ་ཡང་ཁྱད་མེད་ཟེར།

(2)བློ་སྒྲུང་འབབ་པའི་སྐབས་སུ། མགོར་སྒྲུང་ཞྭ་དང་ལུས་ལ་ཁྲབ་གོན་པ་དང་། པྲ་སྒྲུང་ཕབ་པའི་སྐབས་སུ། མགོ་ལ་སྒྲུང་ཞྭ་དང་ལུས་ལ་ཁྲབ་གོན་མི་དགོས། ལག་ཏུ་ཤོག་བུ་སྟོང་བ་ཞིག་མཆིས་ན་བཤད་ཆོག་ཟེར།

(3)བློ་སྒྲུང་དང་པྲ་སྒྲུང་གང་བཤད་པའི་དུས་སུ་འཁྲབ་ཆོས་ཏེ་མདའ་གཞུ། རལ་གྲི་སོགས་ཡོད་ཀྱང་མེད་ཀྱང་གཅིག་མཚུངས་ཡིན། ཁྱད་པར་དུ་པྲ་སྒྲུང་ཕབ་པའི་སྐབས་སུ་འཁྲབ་ཆས་བཀོལ་མི་དགོས་ཞེས་སྐད།

(4)པྲ་སྒྲུང་ཕབ་སྐབས་སུ་ལག་པས་ཕྱག་རྒྱ་ཅུང་ཟད་སྟོན་པ་དང་གདོང་ཡང་གཏམ་རྒྱུད་ཀྱི་འགྱུར་བ་ལྟར་འགྱུར་བཞིན་ཡོད།

(5)སྒྲུང་བཤད་པའི་སྐད་གདངས་མཚམས་མཚམས་སུ་མཐོ་བ་དང་མཚམས་འགར་དམའ་བ།  ཡར་མཚམས་མཚམས་སུ་མིག་བཙུམ་པ་དང་མཚམས་མཚམས་སུ་ཕྱེ་བ། མིག་བཙུམ་ཡང་མ་བཙུམ་ཡང་མིག་ཟུང་གིས་ཤོག་བུ་སྟེང་ལ་བལྟས་འདུག

(6)སྒྲུང་གླུའི་དབྱངས་རྟ་མང་པོ་མཆིས་ཏེ། གེ་སར་རྒྱལ་པོ་དང་དཔའ་རྟུལ་གང་ཡིན་ཡང་སྒྲུང་རྟ་མི་འདྲ་བ་འགའ་ལེན་ཐུབ། ཁོང་གི་སྐད་ངག་དེ་འདྲ་ཡག་པོ་མིན་ཡང་བརྗོད་པའི་དོན་གྱི་ཚིག་གསལ་བོར་གོ་ཐུབ།

(7)བློ་སྒྲུང་དང་པྲ་སྒྲུང་གང་བཤད་པའི་སྐབས་སུ་དུས་ཚོད་ཀྱི་དབང་གིས་མཚམས་བཞག་ཀྱང་རྗེས་སུ་མཐུད་ན་ཚིག་དང་དོན་ལ་འགལ་བ་སྤུ་ཙམ་ཡང་མེད་ཟེར།

ཁོང་གིས་གླིང་སྒྲུང་ལས《ཤན་འདན་ནང་འཁྲུག》དང《འདན་མ་ནས་རྫོང》 《ཨ་སྟག་ལྷ་མོ》གསུམ་གྱི་ཚན་པ་གཙོ་བོ་རེ་བཤད་ཚར་རྗེས། ཁོང་ལ《དམྱལ་གླིང་རྫོགས་པ་ཆེན་པོ》ཡི་ཚན་པ་ཞིག་ཤོད་ཟེར་པས་ན། ཁོང་གིས《དམྱལ་གླིང་རྫོགས་པན་ཆེན་པོ》ནི་མ་ཡུམ་འགོག་བཟའ་དམྱལ་བ་ལྷུང་བའི་ལོ་རྒྱུས་ཡིན་པས་བཤད་མི་རུང་ཞིང་། གལ་སྲིད་སྒྲུང་བས་བཤད་པ་ན་ཚེ་ཐག་མི་རིང་ཟེར་ནས་མ་བཤད།

འོ་ན་ཡུམ་འགོག་བཟའ་གེ་སར་རྒྱལ་པོའི་མ་ཡུམ་ཡིན་པས་དམྱལ་བ་ལྷུང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ནམ་ཞེས་དྲིས་པ་ན། ཁོང་གིས་མ་ཡུམ་འགོག་བཟའ་ལ་ཉེས་པ་དང་སྡིག་སྒྲིབ་ཆེ་བ་མིན་ཏེ། གཙོ་བོ་གེ་སར་གྱིས་རྒྱལ་ཁམས་བདེ་ལ་བཀོད་ཕྱིར་དམག་མི་མང་པོ་བསད་པས་བུའི་སྡིག་པ་མས་འཁུར་དགོས་པ་བྱུང་། གཏམ་དཔེར། བུ་སྡིག་པ་ཅན་གྱི་རྣམ་སྨིན་ལ། མ་འགོག་མོ་དམྱལ་བ་ལྷུང་བ་རེད། ཟེར་བ་ལྟར་རོ། ། གཞན་ཡང་མ་འགོག་བཟའ་དམྱལ་བ་མ་ལྷུང་ན་དམྱལ་ཡུལ་གྱི་ཤི་བོ་དུང་ཕྱུར་བཅོ་བརྒྱད་ཀྱི་རྣམ་ཤེས་དག་པའི་ཞིང་ལ་འདྲེན་པའི་གོ་སྐབས་ཀྱང་མེད་ཟེར་རོ། །

2_1 སྒྲུང་པ་བསྟན་པ་རྒྱལ་མཚན་གྱི་སྒྲུང་སྣ་གསུམ།

འོ་ན་ཁོང་གི་བཤད་པའི་སྒྲུང་ལ་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་གང་དག་ཡོད་ཅེ་ན། གཤམ་དུ་ཁོས་བཤད་པའི་སྒྲུང་སྣ་གསུམ་དགོད་པར་བྱ་སྟེ།

གཅིག  ཁོང་གིས་བཤད་པའི《ཤན་འདན་ནང་འཁྲུག》གི་ཚན་པ་ཐུང་ཐུང་དེ་འདི་ལྟ་སྟེ། དེ་ནས་གྲུ་བཞི་ས་ཡི་གདན་ཐོག   ཁྲ་མོ་གླིང་གི་ས་ཆ་དེ་ན།  གླིང་རྗེ་གེ་སར་རྒྱལ་པོ་དེ་ཡིས། དགྲ་དང་པོ་ཡར་ཁམས་བྱང་ལ་གཏད། བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད། དགྲ་མགོ་གཉིས་པ་སེར་པོ་ཧོར་ལ་གཏད་ནས།  ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད། ཧོར་སྡིག་གཅོད་ཤན་པ་བཙོན་ལ་བཟུང་། དེ་ནས་སྨུག་པོ་འཇང་བཏུལ་པའི་དུས་ལ་བབས་པ་དང་། འཇང་ས་དམ་རྒྱལ་པོ་འདུལ་དགོས་ཚེ་ཐོག་མར་འཇང་ཕྲུག་གྲོགས་ལ་འགུག་དགོས་པས། དེ་བྱས་ཀྱི་ལས་འགན་ལྗིད་པོ་དེ་ཤན་པ་ཁོ་ལ་བབས། ཉི་མ་དེར་གླིང་ལས་གུར་མཐོང་བ་ཀུན་སྨོན་གྱི་སྒོ་དྲུང་དུ་ཤན་པ་ལྕགས་ཐག་གིས་བཀྱིགས་ཤིང་། ལྕགས་ཀྱི་ཕུར་བ་ཆེན་པོ་བྱིས་པ་ལོ་བཅོ་ལྔ་ཙམ་ཞིག་ལ་བཏགས་ནས་ཡོད་པར། ཁྲ་མོ་གླིང་གི་དཔའ་རྟུལ་དེ་དག་མང་པོ་ཡོད་པ་སྟེ། གླིང་གི་དཔའ་རྟུལ་སུམ་ཅུ། ཡང་རྟུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླང་སྤྱང་གསུམ། ལྷག་པར་དུ་ཚ་ཞང་འདན་མ་བྱང་ཁྲ་དེ་མི་སྔོ་ལ་རྨ་བྱ་བབས་འདྲ།  རྟ་སྔོ་ལ་ཁུ་བྱུག་འཕུར་འདྲ། གླིང་གི་གྲགས་ཆེན་མི་མང་པོ་བཞུགས་འདུག  དེའི་སྐབས་སུ་གླིང་གི་སྟག་རོང་དཔོནཔོ་ཁྲོ་ཐུང་དེས་གོས་ལེབ་རྒན་གྱི་གྱོན་པ་གོན། ལིང་ཕོ་བ་རིས་ཀྱི་སྐེ་རགས་བཅིངས་ནས། ཤན་པའི་མདུན་ནས་གཡས་འགྲོ་གཡོན་འགྲོ། ཁ་ནས་སྣ་དགོན་དི་རི་རི་ཁ་སྣ་གླང་སྣ་བརྫེ་བརྫེ། ཁྲོ་ཐུང་གིས་ཧ་ར་ཧུར་ཐུང་ལ་དྲངས་ནས་གླུ་འདི་ལྟར་བླངས་སོ། ། ལྷ་ཡར་མཁྱེན་རྟ་མགྲིན་དམར་པོ་མཁྱེན། དེ་རིང་ཨ་ཁུའི་ལེན་རོགས་མཛོད། ས་འདི་ས་ངོ་མ་ཤེས་ན། ཁྲ་མོ་གླིང་གི་དམག་གི་དཀྱིལ། ཤན་པ་ཁྱི་རྒན་འདོགས་ས་རེད། ད་ཉོན་དང་ཤན་པ་དམར་རྒྱ་བ། གྱོད་ཁ་མཆུ་གཉིས་ཀྱི་སྣ་འདྲེན་ཁྱོད། ཕོ་གྱོད་ཕ་བོང་སྒུལ་རྒྱུ་མེད། མོ་གྱོད་ཤུག་པ་རུལ་རྒྱུ་མེད། སྡེ་ཧོར་གླིང་འཁྲུག་པའི་ཉིན་མོ་ལ། ངའི་ཚ་བོ་བཅོ་ལྔའི་དུང་ཟླ་དེ།  གཟའ་ཁྱབ་པའ་ཉིན་མོ་ལ། ངའི་ཚ་བོ་བཅོ་ལྔའི་དུང་ཟླ་དེ། གཟའ་ཁྱབ་འཇུག་ནག་པོས་བཟུང་ད་བཞིན། ཤན་པ་ལག་དམར་ཁྱོད་ཀྱིས་བཀྲོངས། ཤ་ཤོར་ཤ་ལན་ལུས་ནས་ཡོད། དགྲ་ཤ་མ་ལོན་ད་ལྟ་ལུས། ཨ་ཁུ་ང་ཡིས་དགྲ་ལེན། གནའ་མོ་བོད་ཀྱི་གཏམ་དཔེ་ལ། དགྲ་ལན་ཡ་མེད་ན་ཝ་མོ་ཡིན། གཏམ་ཁ་ཡ་མེད་ན་ལྐུགས་པ་ཡིན། ད་རུང་དེ་ཡིས་ཅི་ལ་ཚད། རོང་ཚ་དམར་ལེབ་གྲི་ལ་བསྐྱོན། ཨ་ནུ་གཟིག་འཕེན་ཆུ་ལ་བསྐྱུར། སྣང་ངུ་གཡུ་སྟག་སད་ཀྱིས་བཅོམ། དེ་ཐམས་ཅད་སྣ་འདྲེན་ཤན་པ་ཡིན། ཁྱོད་དམར་རྒྱའི་ཡིད་ལ་དེ་འདྲ་ཞོག ། ཅེས་ཟེར་ནས་ཤན་པའི་ངོ་ལ་མཆིལ་མ་བཏབ། གདོང་ལ་ཐལ་བ་སྤར་གང་བཏབ་ནས་བྲང་ཁར་རྡོག་ཐོ་བརྒྱབ་ན་སོགས་ཤན་པའི་བཟོད་གླགས་མེད་པར་མ་ཁར་སོ་བཏབ་སྟེ་འདུག་གོ ། 

གཉིས། ཁོས་བཤད་པའི《འདན་མ་ནས་རྫོང》གི་ཚན་པ་དེ་འདི་ལྟ་སྟེ།དེ་ཡང་སྟེང་ཕྱོགས་མཆི་མེད་ལྷ་ཡི་ཞིང་ཁམས། བདེ་སྐྱིད་ཀྱི་གཞི་མ། ཡིད་སྨོན་གྱི་གནས་མཆོག   མེ་ཏོག་གི་ལྡིང་ཁང་། འཇའ་འོད་ཀྱི་གུར་ཁང་དེ་ནས་མ་ནེ་གནམ་སྨན་དཀར་མོ་དེས་སེང་གེ་དཀར་མོ་འོག་ལ་བཅིབས། གཡུ་འབྲུག་སྔོན་མོ་རོལ་ཏུ་ཁྲིད་ནས། མཁའ་འགྲོ་འབུམ་གྱིས་མཐའ་ནས་བསྐོར་ཏེ། ལག་གཡས་པའི་སྣང་སྟོང་གསལ་པའི་མེ་ལོང་བསྐོར་ཏེ། ལག་གཡས་པའི་སྣང་སྟོང་གསལ་པའི་མེ་ལོང་ཐོགས། གཡོན་པས་རྨོངས་མུན་གྱི་དྲ་བ་གཅོད་བྱེད་མདའ་དར་ཐོགས་ཏེ། གླིང་གི་ཇོ་རུ་བཞུགས་སའི་མདོ་སྨད་གཡུ་ལུང་སུམ་མདོར་ཕེབས་ཏེ་མགུར་གླུ་འདི་ལྟར་བླངས་སོ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། གླུ་ཐ་ལ་ལ་མོ་ཐ་ལ་ལེན། སྟེང་ནམ་མཁའི་དབྱིངས་ཀྱི་ཕོ་བྲང་ནས། མེ་ཏོག་སྦྲང་ཆར་འབབ་ས་ནས། མ་ཕག་མོ་རྡོ་རྗེ་གཡུ་སྒྲོན་མཁྱེན། དེ་རིང་ང་ཡི་གླུ་ལ་ལེན་རོགས་མཛོད། ས་འདི་ས་ངོ་མ་ཤེས་ན། རྨ་སྨད་གཡུ་ལུང་སུམ་མདོ་རེད།  བཙན་མ་མོ་གཉིས་ཀྱི་འགྲིམ་ལམ་རེད། རླུང་བསེར་བུ་གཡུག་སའི་གཞི་མདོ་རེད། དགུན་ལ་ཁ་བ་འབབ་ས་རེད།  ཁ་བ་དར་ལ་ཆགས་ས་རེད། དཔྱིད་ཀར་རླུང་དམར་འཚུབ་ས་རེད། རྡུལ་གྱི་མུན་པ་འཐིབས་ས་རེད། དབྱར་དགུན་མེད་པའི་མེད་པར་ཐལ་རླུང་འཕྱུར། རྨ་སྨད་འདྲེ་ལུང་སུམ་མདོར་འབོད། འདྲེ་ཨབ་བདུད་མང་པོའི་ཕ་ས་རེད། དེ་ནས་ཇོ་སྐྱིད་དམ་པ་ལགས། མགོ་སྔས་ལ་མ་འཇོག་ང་ལ་ལྟོས། སེམས་གཞན་ལ་མ་གཡེང་བླ་མ་སྒོམ། ཉི་མ་ད་ལོའི་གོང་བ་ལ། ཁྲ་མོ་གླིང་གི་ས་ཆ་ལ། སྔོན་མོ་ནས་ཀྱི་འབྲུ་གཡང་དེ། འདན་ཡུལ་སྟོད་དུ་ཕབ་དགོས་པས། མྱུར་མོར་ཨ་ཁུ་ཁྲོ་ཐུང་ལ། ལུང་བསྟན་གསལ་བརྡ་གནང་བར་མཁྱེན། གླུ་གོ་ན་རྣ་བའི་བདུད་རྩི་ལ། མ་གོ་གླུ་ལ་འགྲེལ་བ་མེད། ཇོ་རུའི་ཐུགས་ལ་དེ་འདྲ་ཞོག   ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། དེ་ནས་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིད་མགྱོགས་པ་ནམ་མཁའི་བྱ་ལྟར་ཕོ་རོག་སྙིང་རྫོང་གི་མཁར་ན་བཞུགས་པའི་ཨ་ཁུ་ཁྲོ་ཐུང་གི་ཕྱོགས་སུ་སོང་ངོ་། 

གསུམ། ཁོས་བཤད་པའི《དམྱལ་གླིང་མིན་པ་རང་གསལ》གྱི་ཚན་པ་འདི་ལྟ་སྟེ།དེ་ཡང་གླིང་གེ་སར་རྒྱལ་པོ་རྒྱ་ནག་ཇོ་རྫོང་འབེབ་པར་འགྲོ་བའི་དུས་སྐབས་སུ་མ་དཔའ་མོ་ཨ་སྟག་ལྷ་མོ་ལ་འཆི་བའི་ནད་ཆེན་པོ་ཐེབས་ཏེ། བདུན་བདུན་བཞི་ཅུ་ཞེ་དགུའི་མཚམས་སུ་དམྱལ་བའི་སར་ཐོན། མ་ཤི་གསོན་བྱེ་མའི་ལ་ཁ་ནས་བསམ་ལོང་དང་དྲན་ལོང་མེད་པར་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་ཐོན་པ་དང་།  གཤིན་རྗེ་རྒྱལ་པོས་ཨ་སྟག་ལྷ་མོའི་ངོ་ལ་ལྟ་བཞིན་མགུར་མ་འདི་གསུངས་སོ། གནས་གཤིན་རྗེ་རོལ་བའི་དུར་ཁྲོད་ནས། ལྷ་ཡི་དམ་རྡོ་རྗེ་འཇིགས་བྱེད་མཁྱེན། ས་འདི་ས་ངོ་མ་ཤེས་ན། ལྷོ་རིམ་པ་བདུན་གྱི་ས་འོག་རེད། རྡོ་རྗེ་གདན་གྱི་མར་ཞབས་རེད། གཤིན་རྗེ་གྲོང་ཁྱེར་སྨུག་པོ་རེད། མི་ང་དང་ང་ངོ་མ་ཤེས་ན། ལས་དགེ་སྡིག་དབྱེ་བ་འབྱེད་མི་ལ། ལས་རྒྱུ་འབྲས་ཞིབ་རྩིས་བྱེད་མི་ཡིན། མིང་བོས་ན་གཤིན་རྗེ་ཆོས་རྒྱལ་ཡིན། ད་ཉོན་དང་བུ་མོ་མཚར་འོང་མ། ཁྱོད་ས་ཆ་གང་གི་ཚེ་འདས་ཡིན། ཡུལ་དང་མིང་ལ་ཅི་ཞིག་ཟེར། ཆོས་དགོས་བའི་ཕན་ཡོན་ཨེ་བསྒྲུབ་ལགས། ཤི་དམྱལ་བ་ཟེར་བ་ཐོན་ཉིན་མོ། ཆོས་དགེ་བའི་རྫོང་བ་ཡོད་པས་ན། ཡང་དག་པའི་ཐར་ལམ་བཀོད་པས་ཆོག  ། དཔོན་ང་ཡི་བལྟས་ན་བུ་མོ་ཁྱོད། ལུས་མི་གཙང་སྡིག་སྒྲིབ་འཐིབས་ལེ་ཡོད། ཁ་མི་གཙང་དམར་དྲི་འཐུལ་ལེ་ཡོད། ལག་མི་གཙང་ཁྲག་ཞགས་ཆགས་ནས་ཡོད། ཁྱོད་ཁོག་སྟོད་བྱ་ནག་གཤོག་བསྐོར་འདྲ། ཁོག་སྨད་སྡིག་པའི་མུན་པ་འཐིབས། གཏམ་དང་གཡོ་སྒྱུ་བྱེད་ས་མེད། རྒྱུ་དང་ནོམ་པས་བསླུ་ས་མེད། བུ་དཔའ་བོའི་འཐབ་ར་འཛིན་ས་མེད། ང་གཤིན་རྗེ་རྒྱ་མ་དྲང་ཞིང་གསལ། ལས་མཁན་དགུ་བརྒྱ་སྙིང་རྗེ་མེད། ཆོས་ཅན་བདེ་འགྲོར་སྐྱེལ་མ་ཡིན། སྡིག་ཅན་ངན་འགྲོར་འཕེན་པ་ཡིན། གཏམ་དང་སྐད་ཆ་དྲང་གཏམ་གྱིས། བུ་མོའི་ཡིད་ལ་དེ་འདྲ་ཞོག ། ཅེས་གསུངས་ནས་བསྡད་པ་ན་ཨ་སྟག་ལྷ་མོའི་མིག་མཐར་མཆི་མ་འཁོར་ནས་ཁ་གྲགས་མ་ཐུབ་པར་ཇ་ཡུན་ཙམ་ལུས་སོ། །

2_2 སྒྲུང་སྣ་གསུམ་གྱི་ཁྱད་ཆོས།

གོང་དུ་བཤད་པའི་སྒྲུང་སྣ་གསུམ་གྱི་ཚིག་དང་དོན་ལ་གཞན་གྱི་སྒྲུང་བའི་སྒྲུང་དང་མི་མཐུན་པའི་ཁྱད་ཆོས་གཙོ་བོ་འགའ་ཡོད་པ་འདི་ལྟ་སྟེ།

གཅིག  བརྗོད་བྱའི་དོན་གྱི་ཐད་དུ་བལྟས་ན།《འདན་མ་ནས་རྫོང》ཞེས་པའི་སྒྲུང་གི་ནང་དོན་དང་དེ་སྔ་པར་སྐྲུན་བགྱིས་པའི་སྒྲུང་དཔེའི་ནང་དོན་དང་བསྡུར་ན། གཏམ་རྒྱུད་ཀྱི་གོ་རིམ་ཆེ་ཤས་ནི་མཐུན་ཡང་ཆུང་ཤས་ནི་རང་གི་ཁ་སྣོན་བྱས་པ་ཡང་ཡོད། གང་ལྟར་ཡང་ཁ་སྣོན་བྱས་པའི་དོན་དང་ཚིག་ཀྱང་བཟང་ཐོག་བཟང་བརྩིགས་ཀྱི་ནུས་པ་ཐོན་འདུག

གཉིས།  རྗོད་བྱེད་ཀྱི་ཚིག་ལ་ཁོ་རང་ཉིད་ཀྱི་ཚིག་གི་ཁྱད་ཆོས་ལྡན་ཞིང་། ད་དུང་ཚིག་སྙན་ཞིང་འཇེབས་ལ་གོ་བདེ་བ། སོ་སོ་རྒྱན་གྱིས་ཀུན་ནས་སྤྲས་ཤིང་གཏམ་དཔེ་དང་ལེགས་བཤད་སོགས་ཀྱི་ནུས་པ་འབུར་དུ་ཐོན་པ། གཞན་རབ་བཏགས་དང་ཕུལ་བྱུང་གི་རྒྱན་གྱིས་ཀྱང་ལེགས་པར་སྤྲས་འདུག  དཔེར་ན། ཉི་མ་དེར་གླིང་ལས་གུར་མཐོང་བ་ཀུན་སྨོན་གྱི་སྒོ་དྲུང་དུ་ཤན་པ་ལྕགས་ཐག་གིས་བཀྱིགས་ཤིང་། ལྕགས་ཀྱི་ཕུར་བ་ཆེན་པོ་བྱིས་པ་ལོ་བཅོ་ལྔ་ཙམ་ཞིག་ཆེ་ལ་བཏགས་ནས་ཡོད་པར། ཞེས་བཤད་པ་ལས། ཤན་པ་རྒྱལ་པོ་དེ་མཐུ་སྟོབས་ལྡན་པའི་དཔའ་རྒོད་ཅིག་ཡིན་པ་ཤེས་ཐུབ་ལ། ཁྱད་པར་ཕུར་བ་བྱིས་པ་ལོ་བཅོ་ལྔ་ཞེས་ཆེ་བརྗོད་དམ་རབ་བཏགས་ཀྱི་ལམ་ནས་བརྗོད་པ་ཤིན་ཏུ་འཚམ་པར་སྙམ། གཞན་ཡང་གླུ་ཚིག་ལས། རོང་ཚ་དམར་ལེབ་གྲི་ལ་བསྐྱོན། ཨ་ནུ་གཟིག་འཕེན་ཆུ་ལ་བསྐྱུར། སྣང་ཆུང་གཡུ་སྟག་སད་ཀྱིས་བཅོམ་ཅེས་པར་བརྗོད་པ་བོད་ཀྱི་སྲོལ་རྒྱུན་གྱི་ཚིག་དོན་སྦྱོར་ཐབས་དང་ཤིན་ཏུ་མཐུན་ནོ།

གསུམ།  རང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མི་སྣ་གང་ཡིན་ཡང་མི་སྣ་དེའི་སེམས་ཁམས་ཀྱི་འགྱུར་བ་རང་གཤིས་ཀྱི་ཁྱད་པར་མངོན་གསལ་དུ་མཐོང་ཐུབ། དཔེར་ན། ཨ་སྟག་ལྷ་མོའི་གཤིས་རྒྱུད་དང་སྡིག་སྒྲིབ་བཤད་པའི་སྐབས་སུ། དཔོན་ང་ཡིས་བལྟས་ན་བུ་མོ་ཁྱོད། ལུས་མི་གཙང་སྡིག་སྒྲིབ་འཐིབས་ལེ་ཡོད། ཁ་མི་གཙང་དམར་དྲི་འཐུལ་ལེ་ཡོད། ལག་མི་གཙང་ཁྲག་ཞགས་ཆགས་ནས་ཡོད། ཁྱོད་ཁོག་སྟོད་བྱ་ནག་གཤོག་བསྐོར་འདྲ། ཁོག་སྨད་སྡིག་པའི་མུན་པ་འཐིབས། ཞེས་བཤད་པ་ལས། ངེད་ཅག་གིས་གསལ་བོར་རྟོགས་ཐུབ་པ་སྟེ། མ་ཨ་སྟག་ལྷ་མོ་དེ་ལུས་སྡིག་སྒྲིབ་དག་ཐབས་དཀའ་བ་ཞིག་ཡིན་པ་མིག་ལམ་དུ་མངོན་དུ་བཅུག  འདི་ནི་མི་སྣ་ལེགས་བཞེངས་བྱས་པའི་གྲུབ་འབྲས་ཡིན། ད་དུང་ལྡོག་ཕྱོགས་ཀྱི་མི་སྣ་ཁྲོ་ཐུང་གི་གཟུགས་བརྙན་གསར་བཞེངས་སྐབས་སུ་ཡང་ཁྲོ་ཐུང་གི་གཤིས་རྒྱུད་དེ་གསལ་བོར་བཤད་ཡོད། དཔེར་ན། ཤན་པའི་མདུན་ནས་གཡས་འགྲོ་གཡོན་འགྲོ། ཁ་ནས་སྣ་དགོད་དི་རི་རི། ཁ་སྣ་གླང་སྣ་བརྫེ་བརྫེ། །ཞེས་བཤད་པ་ལས་ཀྱང་གསལ་བོར་མཐོང་ཐུབ། 

3 སྒྲུང་ཁག་གི་དཀར་ཆག

ཡུལ་ཤུལ་འབའ་ཐང་གི་སྒྲུང་བ་བསྟན་པ་རྒྱལ་མཚན་གྱིས་བཤད་ཤེས་པའི་རྫོང་ཆེན་རྫོང་ཆུང300ལྷག་ལས་ལེའུ་དང་པོའི་ཁ་བྱང་བློ་ནས་བཤད་པར་འདི་ལྟ་སྟེ།

1《ལྷ་གླིང་གབ་ཙེ་དགུ་སྐོར》 2《འཁྲུངས་གླིང་མེ་ཏོག་ར་བ》 3《རྟ་རྒྱུག་རྒྱལ་འཇོག》 4《བདུད་གླིང་གཡུལ་འགྱེད》 5《ཧོར་གླིང་གཡུལ་འགྱེད》 6《ཧོར་སུམ་པའི་ར་རྫོང》 7《འཇང་གླིང་གཡུལ་འགྱེད》 8《མོན་གླིང་གཡུལ་འགྱེད》 9《གྲུ་གུ་གོ་རྫོང》 10《སུམ་པའི་རྟ་རྫོང》 11《དྭགས་པོ་ཁྱི་རྫོང》 12《ཟི་ལིང་རྟ་རྫོང》 13《མི་ནུབ་དར་རྫོང》 14《སྒ་སྡེ་ཆོས་རྫོང》 15《ཟི་ལིང་གཡུ་རྫོང》 16《ཁྭ་ཏའི་འབྲས་རྫོང》 17《རྒྱ་གར་ཆོས་རྫོང》 18《ཤེལ་མོ་མདའ་རྫོང》 19《འདན་མ་ནས་རྫོང》 20《ཟི་ལིང་རྟ་རྫོང》 21《སྲིན་པོ་ཤ་རྫོང》 22《ཟི་ལིང་ཁྲོ་རྫོང》 23《ཞང་ཞུང་གཏར་གྱི་རྫོང》 24《མི་མིན་རྒྱལ་པོའི་གོ་ཁྲབ་རྫོང》 25《ཁུ་ནུ་འབྲས་རྫོང》 26《འབྲི་རྨ་ཆེན་རྒྱལ་པོའི་ཁྲབ་རྫོང》 27《མི་མིན་རྒྱལ་པོའི་ཁྲིམས་འདུལ་རྫོང》 28《སོག་པོ་རྒྱལ་པོའི་གཡུ་རྫོང》 29《སྟག་གཟིག་ནོར་རྫོང》 30《ཁ་ཆེའི་གཡུ་རྫོང》 31《སུམ་པོའི་མཛོ་རྫོང》 32《སོག་མ་ཡུམ་རྒྱལ་མོའི་ར་རྫོང》 33《མགོ་ར་ཆེན་རྒྱལ་པོའི་ར་རྫོང》 34《ཁམས་ཀྱི་ནོར་རྫོང》 34《ཡུམ་ཆེན་རྒྱལ་པོའི་གོ་ཁྲབ་རྫོང》 36《འབྲི་དཀར་རྒྱལ་པོའི་ནོར་བུའི་རྫོང》 37《རྟ་བོ་ཚྭ་རྫོང》 38《གོ་ཆ་ཐག་རྫོང》 39《ཤན་འདན་ནང་འཁྲུག》 40《དམྱལ་གླིང་མུན་པ་རང་གསལ》


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།