དཔའ་དགའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔའ་དགའ།
སྒྲུང་བ་གྲགས་ཅན་དཔའ་དགའ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་གྱི་སྒྲུང་པ་ཞིག་ཡིན་ལ། ཁོས་སྒྲུང་སྣ་མི་གཅིག་པ55བློར་བཤད་ཤེས་ཤིང་། དེ་དག་ལས《སྟག་གླིང་གཡུལ་འགྱེད》དང《སྟག་གཟིག་ནོར་འགྱེད》《རྟ་རྒྱུག་རྒྱལ་འཇོག》《ཚུར་འཁོར་བཀྲ་ཤིས་མེ་ཏོག》བཅས་འོད་སྡེར་སྟེང་ཕབ་ནས་འགྲེམས་སྤེལ་བྱས་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白嘎
མི་རིགས།
བོད་རིགས།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1970ལོ།
སྐྱེས་ཡུལ།
བོད་ལྗོངས་ནག་ཆུ་རྫོང་།
སྒྲུང་པའི་རིགས།
བབས་སྒྲུང་སྒྲུང་པ།
1 མི་སྣའི་ངོ་སྤྲོད།

དེ་ཡང་སྤྱི་ལོ2009ལོའི་ཟླ8པའི་ཚེས26ཉིན་བསྡུས་པའི་རྒྱལ་ཡོངས་ཀྱི་གེ་སར་སྒྲུང་རིག་གཞུང་དཔྱད་གླེང་གྲོས་ཚོགས་སྟེང་དུ་ནག་ཆུའི་གེ་སར་ཟློས་གར་ཚོགས་པའི་སྒྲུང་པ་དགུ་གདན་འདྲེན་ཞུས་འདུག   བཤད་པ་ལྟར་ན་སྒྲུང་པ་དགུ་པོ་ནི་ནག་ཆུའི་སྒྲུང་བ60ལྷག་མཆིས་པ་ལས་རྒྱུགས་བླངས་པ་དང་། ཡང་ཡང་འདེམ་གསེས་བྱས་ཏེ་ཡོང་པ་ཡིན་པར་བཤད། སྒྲུང་པ་དགུ་ལས་ཀྱང་སྒྲུང་པ་གྲགས་ཅན་ཚེ་རིང་དགྲ་འདུལ་དང་དཔའ་དགའ། ངག་དབང་དཔལ་ལྡན། མར་དིལ་བཅས་བཞི་ནི་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་གེ་སར་སྒྲུང་གི་རྒྱུན་འཛིན་པའི་ཐོབ་ཐང་རེག་མཁན་ཡིན། དེའི་ཕྱིར། སྒྲུང་བ་བཞིར་བཅར་འདྲི་བགྱིས་ཏེ་ཁོང་རྣམ་པའི་ལོ་རྒྱུས་དང་སྒྲུང་བའི་ལམ་དུ་ཅི་ལྟར་བགྲོད་པའི་བརྒྱུད་རིམ་སོགས་རྒྱུས་ལོན་བྱས། སྐབས་སུ་བབ་པའི་བརྗོད་བྱ་གཙོ་བོ་ནི་ནག་ཆུའི་སྒྲུང་མཁན་གྲགས་ཅན་དཔའ་དགའ་ཡིན་པར་བརྟེན། གཤམ་དུ་ཁོང་གི་སྒྲུང་བཤད་ཀྱི་ལོ་རྒྱུས་སོགས་འགོད་པར་བྱའོ།།

སྒྲུང་བ་གྲགས་ཅན་དཔའ་དགའ་ནི་སྤྱི་ལོ1970ལོར་ཕ་ཚེ་རིང་མཐར་ཕྱིན་དང་མ་གཡང་བྱམས་གཉིས་ལས་སྐྱེས་ཤིང་། ཁོང་གི་ཕ་ཡུལ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་ཡིན། ཁོང་ལ་ཆུང་མ་དང་བུ་ཕྲུག་བཅས་ཡོད་ལ། ད་ལྟ་ཁོས་ནག་ཆུ་ས་ཁུལ་རིག་གནས་ཅུའི་ཁོངས་གཏོགས་མང་ཚོགས་སྒྱུ་རྩལ་ཁང་གེ་སར་ཟློས་གར་ཚོགས་པར་གེ་སར་གྱི་སྒྲུང་གྱེར་ལེན་བྱེད་བཞིན་མཆིས། ཁོང་གི་ཕ་རྒན་དེ་སྔ་ནག་ཆུ་རྫོང་གི་ཧྲུའུ་ཅི་དང་ནག་ཆུ་གྲོན་ཆུའི་ཀྲོན་ཡོན་གཞོན་པའི་ལས་འགན་ཁུར་མྱོང་། ད་ལྟ་ལས་ཁྱུར་ངལ་གསོ་བྱས་ནས་ལྷ་སར་བསྡད་འདུག དཔའ་དགའི་ཨ་མྱེས་ནི་ནག་ཆུ་ས་ཁུལ་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་སྒྲུང་མཁན་ཞིག་ཡིན་པས། མཐོ་བ་བླ་དཔོན་དང་། དམའ་བ་མི་སེར་ཀུན་གྱིས་བསྔགས་བརྗོད་བྱེད་པའི་ཡུལ་ཞིག་ཡིན། ཨ་མྱེས་ཀྱིས་བཤད་པའི་སྒྲུང་དག་གིས་དཔའ་དགར་ཡང་ཤན་ཤུགས་སམ་བག་ཆགས་གཏིང་ཟབ་མོར་བཞག་འདུག   དཔའ་དགའ་ད་དུང་སྤུན་ཆུང་གཉིས་མཆིས་ལ། ད་ལྟ་སྤུན་གཉིས་ཁྱིམ་གཅིག་ཏུ་ཡོད་ཅིང་འཚོ་བ་ལེགས་ཤིང་འབྱོར་ཕྱུག་ལྡན་པའི་ཁྱིམ་མིའི་གྲས་སུ་ཚུད་ཡོད། དཔའ་དགའ་འབྲོག་ཁུལ་ནས་ནག་ཆུ་གྲོང་རྡལ་དུ་ཡོང་ནས་བགྲང་བྱ13འདས་ཟིན། ཁོས་ལོ་འཁོར13ནང་དུ་གཙོ་བོ་གེ་སར་རྒྱལ་པོའི་སྒྲུང་གྱེར་ལེན་དང་འཁྲབ་སྟོན་བྱེད་བཞིན་འདུག

2 མཚན་སྙན།

འོ་ན་ཁོས་གེ་སར་རྒྱལ་པོའི་སྒྲུང་ཐོག་མར་ཅི་ལྟར་བཤད་ཤེས་པ་ཡིན་ནམ་ཞེ་ན། ཁོས་བཤད་རྒྱུར། ཁོ་རང་དགུང་ལོ16ལོན་པའི་ཉིན་ཞིག་གཉན་ཆེན་ཐང་ལྷའི་རུ་འདབས་སུ་ཕྱུགས་འཚོ་བའི་སྐབས་སུ། གཉིད་སོང་སྟེ་རྨི་ལམ་ངོ་མཚར་བ་ཞིག་རྨིས་པ་སྟེ། ས་བཅུ་པ་ཐོབ་པའི་ཨ་མྱེས་རྨ་ཆེན་གྱིས་དར་མདུང་བཟུང་སྟེ་གཟི་བརྗིད་ལྡན་པའི་ངང་ཁོའི་གམ་སུ་ཕེབས་ནས་ཁྱེད་ཀྱིས་འཛམ་བུ་གླིང་གི་རི་བཤད་རྒྱག་དགོས་ཞེས་གདམ་ངག་ཟློག་ཏུ་མེད་པ་གསུངས་ཚར་བ་ན། ཁོང་ཉིད་གློ་བུར་དུ་གཉིད་ལས་སད་བྱུང་། སྐབས་དེ་ནས་བཟུང་ཁ་ནས་སྔར་དང་མི་མཚུངས་པར་སྔོ་མི་ཐོགས་པར་གྱུར་ཏེ། མི་རྣམས་ཡ་མཚར་སྐྱེས་མོད། འོན་ཏེ་དཔའ་དགའ་རང་སྐབས་དེ་ནས་བཟུང་སྨྱོན་པ་ལྟ་བུར་གྱུར་ཏེ་རྒྱུན་ལྡན་གྱི་མི་དང་མི་མཚུངས་པར། ཁ་ནས་བཤད་པ་མཚམས་མི་འཇོག་ལ། ད་དུང་མི་སུས་བཤད་ཀྱང་ཁར་མི་ཉན་པར་གྱུར། དུས་དེར་ཁོང་ཕ་རྒན་སེམས་འཚབ་ནས་ཁོང་རང་ཁྲིད་ནས་ནག་ཆུའི་བླ་མ་སྤྲུལ་སྐུ་ཨ་བརྟན་ཕུན་ཚོགས་གམ་དུ་ཆས་ཏེ་ཁྲུས་དང་རབ་གནས་མཛད་དེ་ཆོས་ཀྱི་ཆོ་ག་རིམ་པ་མང་པོ་བསྒྲུབས། དེ་ནས་ཕྱིར་ཡོང་བ་ནས་བཟུང་དཔའ་དགའ་རིམ་གྱིས་རྒྱུན་ལྡན་གྱི་མི་དཀྱུས་མ་དང་མཚུངས་པར་ལག་ལས་ཀ་གཉེར་བ་མ་ཟད་བརྩོན་འགྲུས་ལྡན་པར་གྱུར་ཞིང་། ཁྱིམ་མི་ཚོས་བཤད་པར་ཁར་ཡང་ཉན་པར་གྱུར། ཁྱད་པར་དུ་ངོ་མཚར་བ་ཞིག་སྟེ་ཁ་ནས་སྒྲུང་སྣ་མི་གཅིག་པ་མང་པོ་བཤད་ཤེས་པར་གྱུར་ཏེ་ཁོར་ཡུག་གི་མང་ཚོགས་ཀྱིས་བསྔགས་བརྗོད་མཛད་མེད་བགྱིས། སྐབས་དེ་ནས་བཟུང་ནག་ཆུ་ས་ཁུལ་གྱི་ན་གཞོན་སྒྲུང་བ་ཚེ་རིང་དགྲ་འདུལ་དང་དཔའ་དགའ་གཉིས་ཀྱི་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྒྱན་དུ་གྱུར་པ་ལགས་ཞེས་བཤད།

ད་ལྟ་ཁོས་སྒྲུང་སྣ་མི་གཅིག་པ55བློར་བཤད་ཤེས་ཤིང་། དེ་དག་ལས《སྟག་གླིང་གཡུལ་འགྱེད》དང《སྟག་གཟིག་ནོར་འགྱེད》《རྟ་རྒྱུག་རྒྱལ་འཇོག》《ཚུར་འཁོར་བཀྲ་ཤིས་མེ་ཏོག》བཅས་འོད་སྡེར་སྟེང་ཕབ་ནས་འགྲེམས་སྤེལ་བྱས་པ་དང་། ད་དུང《ནུབ་རིན་ཆེན་བྱུ་རུའི་སྡོང་བོ་ལེན་ས》ཡི་གེར་ཕབ་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ད་དུང་ཁོང་དང་ནག་ཆུ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་བ་གྲོང་གསེབ་ལགས་ཀྱིས་ཐེངས་མང་བསྐུལ་བའི་ངོར་སྒྲུང་དཔེར་འགོ་བརྗོད་ཐུང་ངུ་ཞིག་བྲིས་ནས་ཁོང་རྣམས་ལ་སྤྲད།

ཁོང་གིས་བཤད་པ་ལྟར་ན། གླིང་སྒྲུང་སྔར་ལས་ལེགས་པོ་བཤད་ཤེས་པའི་སླད་དུ་ཐེངས་མང་པོར་མཚམས་ལ་བཞུགས་མྱོང་ལ། ཁྱད་པར་དུ་བོད་ལྗོངས་ཀྱི་གནམ་མཚོ་ཕྱུག་མོ་རུ་ཉིན་ཉི་ཤུ་དང་བསམ་ཡས་མཆིམས་ཕུག་ཏུ་ཉིན་མཚན་བཅུ་ལྷག་ལ་མཚམས་སུ་བཞུགས་ཏེ་གུ་རུ་པད་མ་འབྱུང་གནས་དང་རིག་འཛིན་གེ་སར་རྒྱལ་པོ་སྒོམ་པ་ནས་བཟུང་གེ་སར་སྒྲུང་བཤད་པར་སྔར་ལས་ཇེ་ལེགས་སུ་མངོན་གསལ་དུ་སོང་བ་དང་། གཞན་ཡང་ཁོའི་རྨི་ལམ་ལ་བརྟག་རྒྱུ་གསལ་བོ་འདུག་ཟེར། དཔེར་ན། ཕྱི་ཉིན་ཅི་བྱ་རྨི་ལམ་ལ་ཤར་བ་དང་། རྨི་ལམ་ལྟར་གྲ་སྒྲིག་བྱས་ན་ཕྱི་ཉིན་རྨི་ལམ་ནང་བཞིན་ནོར་བ་ཆེན་པོ་མེད་གསུངས།

ཁོང་གིས་མི་ཚེ་གང་ལ་དད་པ་བྱ་ཡུལ་ནི་སློབ་དཔོན་པད་མ་འབྱུང་གནས་ཡིན་ཞིང་། ཁོང་རང་གིས་ཤིན་ཏུ་དགའ་བསུ་བྱེད་པའི་སྒྲུང་བ་རྒན་རབས་ནི་རྒན་གྲགས་པ་དང་རྒན་བསམ་གྲུབ། རྒན་ངག་རིག་བཅས་ཡིན་ལ། སྒྲུང་བ་གཞོན་པ་ནི་ཚེ་རིང་དགྲ་འདུལ་དང་ཟླ་བ་གྲགས་པ་བཅས་ཡིན་སྐད།

ད་ལྟ་ཁོང་རང་ཁོམ་ལོང་སྤུ་ཙམ་ཡང་མེད་དེ། ནམ་རྒྱུན་གླིང་སྒྲུང་སྒྲ་ཕབ་པ་དང་འཁྲབ་སྟོན་བྱེད་པ་ལས་གཞན། ས་ཆ་སོ་སོའི་བླ་མ་དང་སྡེ་བ་སོགས་ཀྱིས་གདན་འདྲེན་ཞུས་ནས་སྒྲུང་བཤད་བཞིན་མཆིས། ཁྱད་པར་དུ་བྱང་ཐང་གི་རྟ་རྒྱུག་སྟེང་དུ་ཆད་པ་མེད་པར་སྒྲུང་བཤད་བཞིན་འདུག་པས། འབྲོག་པ་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་བྱེད་པ་རེད།

ཁོ་རང་སྤྱི་ལོ2004ལོར་པེ་ཅིན་ལ་ཆས་ནས་སྒྲུང་བཤད་འགྲན་སྡུར་ནང་ཞུགས་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གིས་བྱ་དགའ་གནང་།

སྤྱི་ལོ2007ལོར་མཚོ་སྔོན་དུ་བསྡུས་པའི་རྒྱལ་ཡོངས་གེ་སར་སྒྲུང་གྱེར་བཤད་ཚོགས་འདུ་དང་རིག་གཞུང་གྲོས་ཚོགས་ནང་ཞུགས་ནས་བྱ་དགའ་ཐོབ། སྤྱི་ལོ2005ལོར་ནག་ཆུ་མང་ཚོགས་སྒྱུ་རྩལ་ཁང་ནས་གཟི་བརྗིད་ལག་ཁྱེར་ཐོབ་པ་ཡིན། ད་དུང་བོད་ལྗོངས་བརྙན་འཕྲིན་ཁང་དུ་ཆེད་སྒྲིག་ལེ་ཚན་དུ་གླིང་སྒྲུང་མང་པོ་བཤད་དང་བཤད་བཞིན་མཆིས། ད་ལྟ་ནག་ཆུ་རྫོང་གི་སྲིད་གྲོས་ཨུ་ཡོན་དང་ནག་ཆུ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་མཚན་སྙན་ཡང་བཟུང་ཡོད།

3 སྒྲུང་བཤད་ཀྱི་ཁྱད་ཆོས།

གཅིག  དཔའ་དགས་ཐེངས་རེར་སྒྲུང་ཐོག་མ་བཤད་པའི་སྐབས་སུ། གུ་རུ་པད་མ་འབྱུང་གནས་ལ་གསོལ་མཆོད་ལེགས་པོ་བགྱིས་རྗེས།  གེ་སར་རྒྱལ་པོའི་བསང་མཆོད་འདོན་པ་དང་། གཞན་ཡང་ཡུལ་ལྷ་གཞི་བདག་སོགས་ལ་གསོལ་འདེབས་ཟློག་མེད་བགྱིས་ཚར་བ་ན། གླིང་སྒྲུང་བཤད་འགོ་རྩོམ་པའི་སྲོལ་ཆགས་འདུག

གཉིས། ཁོང་གི་སྒྲུང་གླུའི་དབྱངས་རྟ་མང་པོ་ཤེས། ཁོང་གིས་གྱེར་ལེན་བྱས་པའི་སྒྲུང་གླུ་ལས་སྐྱིད་གླུ་དང་སྐྱོ་གླུ་དྲག་གླུ་མགུར་གླུ་བཅས་སོ་སོར་ཁྱད་ཆོས་མི་འདྲ་བ་ཡོད། དཔེར་ན། ལྷ་གླིང་གི་གདངས་ནི་མགུར་གླུའི་ཁྱད་ཆོས་དང་། དྲག་གླུའི་སྒྲ་གདངས་ཐུང་ཞིང་རྔམས་ཟིལ་ཆེ་བ། སྐྱོ་གླུའི་གདངས་ནི་ཡིད་སེམས་དེ་སྡུག་པའམ་སྐྱོ་བའི་ཉམས་འགྱུར་ལྡན་པ། སྐྱིད་གླུའི་གདངས་ནི་འགྱུར་ཁུགས་མང་ཞིང་སྣང་བ་སྤྲོ་བའི་ཁྱད་ཆོས་ཡོད། ད་དུང་རྒྱལ་ཕྲན་སོ་སོ་དང་དཔའ་རྟུལ་སོ་སོར་ཡང་དབྱངས་རྟ་མི་འདྲ་བ་རེ་མཆིས། 《སྟག་གཟིག་ནོར་རྫོང》ལས། གླིང་རྗེ་གེ་སར་རྒྱལ་པོ་འདི་ཉིད་ཀྱིས། རྒྱལ་པོའི་ཁྲོམ་ཆེན་ཟིལ་གནོན་དེ། ཁྲོམ་ཆེན་གོང་བ་གནོན་ཉིན་ལེན།  བྱུ་རུའི་བྱང་གླུ་རིང་མོ་འདི། ཆིང་ཨ་ཐིག་རྩེད་མོ་རྩེད་ཉིན་ལེན་ཞེས་བཀོད་པ་ལྟར་རོ། ཁོས་གྱེར་ལེན་ཤེས་པའི་སྒྲུང་རྟ་ཉུང་རྩིས་བྱས་ན་ཡང80ལྷག་ལེན་ཤེས་ཟེར།

གསུམ། སྒྲུང་བཤད་པའི་སྐབས་སུ་མགོ་སྒྲུང་ཞྭ་གྱོན་པ་དང་ལུས་ལ་འཁྲབ་ཆས་མནབས་འདུག   སྒྲུང་ཞྭ་མ་གྱོན་ནའང་སྒྲུང་བཤད་ཐུབ་མོད། འོན་ཀྱང་སྒྲུང་བཤད་ན་དེ་འདྲ་བདེ་བླག་ཅིག་འོང་མི་ཐུབ་ཟེར།

བཞི། སྒྲུང་བཤད་པའི་སྐབས་སུ་སྒྲུང་གི་གཏམ་རྒྱུད་ཀྱི་བརྒྱུད་རིམ་ལྟར། མཚམས་འགར་ལག་ཏུ་མདའ་གཞུ་བཟུང་ནས་འཁྲབ་སྟོན་བགྱིས་པ་དང་། མཚམས་ལར་རལ་གྲི་གཡུགས་ནས་འཁྲབ་སྟོན་བྱེད་པ། སྐབས་འགར་འུར་ཆའམ་འུར་རྡོ་བཟུང་ནས་འཁྲབ་སྟོན་བྱེད་པའི་ཁྱད་ཆོས་ངོ་མཚར་བ་མཆིས།

4 སྒྲུང་ཁག་གི་དཀར་ཆག

སྒྲུང་མཁན་དཔའ་དགས་བློ་ལས་བཤད་ཤེས་པའི་སྒྲུང་དཔེའི་དཀར་ཆག

1《སྲིད་པའི་ཆགས་གླིང་ཆེན་མོ》 2《ལྷ་གླིང་གབ་ཙེ་དགུ་སྐོར》 3《འཁྲུངས་གླིང་པད་མའི་སྡོང་བོ》 4《འཁྲུངས་གླིང་མེ་ཏོག་ར་བ》 5《ར་ལོ་གོན་སྨན་རྫོང》 6《འདན་མ་ནས་རྫོང》 7《ཕའི་གླིང་ཚ་རྫོང》 8《མངའ་རིས་གསེར་རྫོང》 9《རྟ་རྒྱུག་ནོར་བུ་ཆ་བདུན》 10《རྨ་ཤེལ་བྲག་གཏེར་སྒོ་ཕྱེ་བ》 11《འཛམ་གླིང་སྤྱི་བསང》 12《བདུད་གླིང་གཡུལ་འགྱེད》 13《ཧོར་གླིང་གཡུལ་འགྱེད 》14《འཇང་གླིང་གཡུལ་འགྱེད》 15《མོན་གླིང་གཡུལ་འགྱེད》 16《སྟག་གླིང་གཡུལ་འགྱེད》 17《ནུབ་རིན་ཆེན་བྱུ་རུའི་སྡོང་བོ་ལེན་ས》 18《སྟག་གཟིག་ནོར་འགྱེད》 19《ངམ་གླིང་གཡུལ་འགྱེད》 20《ཨ་གྲགས་གཟི་རྫོང》 21《བྱ་རོང་འབྲུ་རྫོང》 22《རི་ནུབ་དར་རྫོང》 23《མི་ནུབ་དར་རྫོང》 24《ཁ་གླིང་གཡུལ་འགྱེད》 25《སོག་གླིང་གཡུལ་འགྱེད》 26《སོག་སྟོད་རྟ་ཁྲ་རྒྱལ་པོའི་རྟ་རྫོང》 27《སོག་སྨད་རྡོ་རྗེ་རྒྱལ་པོའི་ཁྱི་རྫོང》 40《གངས་རིའི་ཤེལ་རྫོང》 41《ཨར་ཐག་མདའ་རྫོང》 42《ཁྱུང་གླིང་གཡུལ་འགྱེད》 43《རྒྱ་གར་ཆོས་རྫོང》 44《རྒྱ་ནག་ཆོས་རྫོང》 45《གཉའ་གླིང》 46《མཁར་བདུན་བསམ་པའི་དོན་གྲུབ》 47《ཚུར་འཁོར་བཀྲ་ཤེས་མེ་ཏོག》 48《འཇང་གླིང་གཡུལ་འགྱེད》 49《ཁམས་གསུམ་བདེ་བཀོད》 50《ཚ་བ་མདའ་རྫོང》 51《ལི་ཁྲི་རྟ་རྫོང》 52《ཨ་བསེ་བྲོ་རྫོང》 53《ཏིལ་དཀར》 54《གུར་གླིང་གཡུལ་འགྱེད》 55《སྟག་འདན་སྟོན་མོ》བཅས55བཤད་ཤེས་པ་ལགས།

གོང་ཞུས་པའི་སྒྲུང་སྣ56ལས་སྒྲུང་སྣ་གསར་བ་མི་གཅིག་པ་གཉིས་ཏེ། 《ནུབ་རིན་ཆེན་བྱུ་རུའི་སྡོང་བོ་ལེན་ས》དང《ཚུར་འཁོར་བཀྲ་ཤིས་མེ་ཏོག》ཅེས་པའི་ཚན་པ་ཐུང་ཐུང་རེ་ཁོང་ལ་བཤད་དུ་བཅུག་ཅིང་། ཁོང་གིས་བཤད་པའི་སྒྲུང་དཔེར་དཔྱད་པའང་བཏང་བ་ཡིན། དཔའ་དགའ་ཡིས་བཤད་པའི་སྒྲུང་ནི་སྤྱི་ཚོགས་སྟེང་ཁྱབ་མ་མྱོང་བའི་སྒྲུང་གསར་ཡིན་ལ། བརྗོད་དོན་ཆ་ཚང་ཞིང་དོན་ལྡན་ལ། གཏམ་རྒྱུད་ཀྱག་ཀྱོག་ལྡན་པར་མ་ཟད། རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་ལ་བློ་ཡིད་འགུག་ནུས་པའི་ཁྱད་ཆོས་ལྡན་པ་ཞིག་རེད། ཚོགས་ཞིགས་ཆེད་མཁས་པ་ཚོས་ཀྱང་གདེང་འཇོག་ལེགས་པོ་བགྱིས་པ་རེད།

ད་དུང་ཁོང་གིས་གེ་སར་རྒྱལ་པོའི་དགྲ་ལྷའི་གོ་མཚོན་སྣ་དགུའི་མིང་དང་གླིང་གི་ཁྲ་གླག་སྤྱང་གསུམ་གྱི་གོ་དོན་སོགས་འགྲེལ་བ་ལེགས་པོ་བརྒྱབ་པ་ལས་གཞན། བོད་ལྗོངས་ནག་ཆུའི་བྱང་ཐང་ས་ཁུལ་ནི་བདུད་ཀླུ་བཙན་རྒྱལ་པོའི་ཕ་ཡུལ་ཡིན་པའི་ལོ་རྒྱུས་དང་ཤུལ་རྟེན་ལ་སོགས་མང་པོ་གསལ་བྱེད་གང་ལེགས་བགྱིས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-09

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།