ཨའེ་དབྱིན་སི་ཐན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨའེ་དབྱིན་སི་ཐན།
ཨའེ་དབྱིན་སི་ཐན། ཡིའུ་ཐའེ་པ་ཡིན། དེང་རབས་ཀྱི་དངོས་ལུགས་རིག་པའི་གསར་གཏོད་མཁན་དང་། གྲུབ་འབྲས་ཅན། རྨང་གཞི་འཛུགས་མཁན་བཅས་ཡིན། ལྟོས་བཅས་སྨྲ་བའི་ལྟ་བ་དང་བྱེད་ཐབས་དེས་དངོས་ལུགས་རིག་པའི་གཞུང་ལུགས་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། གཞན་དངོས་ལུགས་རིག་པའི་ཕྱོགས་དང་ལྷག་པར་དུ་འོད་གློག་ནུས་པའི་གཏན་སྲོལ་གསར་རྙེད་བྱུང་བས། སྤྱི་ལོ1921ལོར་ཨའེ་དབྱིན་སི་ཐན་ལ་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尔伯特•爱因斯坦
ཕྱི་ཡིག་གི་མིང་།
Albert Einstein
མཚན་ཧྲིལ་བོ།
ཨ་ཨེར་པོ་ཐུ•ཨའེ་དབྱིན་སི་ཐན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1879.3.14--1955.4.18)
རྒྱལ་ཁབ།
སུའེ་ཙེར། ཨ་མེ་རི་ཁ།
མི་རིགས།
ཡིའུ་ཐའེ་པ།
ལས་རིགས།
དངོས་ལུགས་རིག་པ་བ། མཚན་ཉིད་པ། རྩིས་རིག་པ་བ། ཆབ་སྲིད་པ།
འཐུས་ཚབ་བརྩམས་ཆོས།
《འགུལ་གཟུགས་ཀྱི་གློག་ཤུགས་སྨྲ་བའི་རིག་པ》 《གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བ》
བྱས་རྗེས་གཙོ་བོ།
བལྟོས་བཅས་སྨྲ་བ་དང་གློག་ནུས་པའི་གཏན་སྲོལ་གསར་རྙེད་བྱུང་བ།
གཟི་བརྗིད་གཙོ་བོ།
སྤྱི་ལོ1921ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་པ།
1  ལོ་རྒྱུས་བསྡུས་པ།

ཁོང་ནི་འཛམ་གླིང་སྟེང་དངོས་ལུགས་རིག་པའི་ཕུལ་བྱུང་ཅན་བཅུ་ཡོད་པའི་ནང་གི་གཅིག་ཡིན་ཞིང་། དེང་རབས་ཀྱི་དངོས་ལུགས་རིག་པའི་གསར་གཏོད་མཁན་དང་། གྲུབ་འབྲས་ཅན། རྨང་གཞི་འཛུགས་མཁན་བཅས་ཡིན། དུས་རབས་ཉི་ཤུ་བའི་ནང་ལ་ཡིའུ་ཐའེ་དངོས་ལུགས་རིག་པའི་གདོང་ལེན་པ་ཡིན་པས། ཨའེ་དབྱིན་སི་ཐན་གྱིས་ལྟོས་བཅས་སྨྲ་བའི་རིག་པ་གསར་སྐྲུན་བྱས་པ་སྟེ། དེང་རབས་དངོས་ལུགས་རིག་པའི་ཕྱོགས་ཆེན་པོ་གཉིས་ཡོད་པའི་ནང་གི་གཅིག་ཀྱང་ཡིན། ཕྱོགས་གཞན་ཅིག་ནི་རྡུལ་ཕྲན་ནུས་ཤུགས་རིག་པ་ཡིན་ལ། དེའི་རྒྱུ་སྤུས་གྲུབ་ཚད་ནི E = mc2 ལས་འཛམ་བུ་གླིང་ལ་མིང་དུ་གྲགས་པ་མ་ཟད། དངོས་ལུགས་རིག་པའི་གཞུང་ལུགས་ལ་ཕྱག་རྗེས་ཆེན་པོ་མཛད་ཡོད་ཅིང་། ཁྱད་པར་དུ་འོད་འགུགས་གློག་ཤུགས་ཕན་ནུས་ལ་ཤེས་རྟོགས་གསལ་བོ་ཐོབ་པ་ལས། སྤྱི་ལོ1921ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ།

ཨའེ་དབྱིན་སི་ཐན་གྱིས་ཚན་རིག་སྐོར་གྱི་ཆེད་རྩོམ300 དང་ཚན་རིག་མ་ཡིན་པའི་རྩོམ་ཡིག150 སྤེལ་མྱོང་། འཛམ་གླིང་གི་གཟེངས་རྟགས་དང་བྱ་དགའ་ཁ་ཤས་ལ་ཨའེ་དབྱིན་སི་ཐན་གྱི་མཚན་བཟང་བཀོལ་ཡོད་ལ། ཨའེ་དབྱིན་སི་ཐན་གྱི་བྱས་རྗེས་རྗེས་དྲན་བྱེད་ཆེད་འཁོར་སྐར་གྱི་མིང་དུ་ཡང་བཏགས་ཡོད།

སྤྱི་ལོ1900ལོར་སུའུ་ལི་ཧྲི་མཉམ་འབྲེལ་རང་བྱུང་ཚན་རིག་དང་བཟོ་ལས་ཚན་རིག་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན། 

སྤྱི་ལོ1905ལོར་སུའུ་ལི་ཧྲི་སློབ་ཆེན་གྱི་ཚན་ཉིད་རིག་པའི་འབུམ་རམས་པའི་ཐོབ་ཐང་བླངས།

སྤྱི་ལོ1911ལོར་ཕུ་རག་འཇར་མན་རྒྱལ་ཁབ་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་གཞུང་ལུགས་ཀྱི་སློབ་དཔོན་ཆེན་མོ་ཞལ་བཞེས་མཛད།

སྤྱི་ལོ1912ལོར་མ་ཡུམ་སློབ་གྲྭ་སུའུ་ལི་ཧྲི་ལྷན་འབྲེལ་རང་བྱུང་ཚན་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཞལ་བཞེས་མཛད།

སྤྱི་ལོ1913ལོར་འཇར་མན་གྱི་ཝེ་ལེན་དཔོན་ཁྱིམ་དངོས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་དང་པེར་ལིན་ཧུང་པའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོའི་ཕྱག་འགན་བཞེས།

སྤྱི་ལོ1914ལོའི་ཟླ4བར་འཇར་མན་གྱི་ཚན་རིག་པ་ཚོས་གདན་ཞུ་ལྟར་པེར་ལིན་གྲོང་ཁྱེར་ལ་གནས་སྤོར་བྱས། ལོ་དེའི་ཟླ8པའི་ནང་འཛམ་གླིང་དམག་འཁྲུག་ཐེངས་དང་པོ་མགོ་བརྩམས་རྗེས་སུ་ཨའེ་དབྱིན་སི་ཐན་གསང་བའི་ངང་ནས་འཁྲུག་རྒོལ་བྱ་འགུལ་ལ་ཞུགས།

སྤྱི་ལོ1916ལོར་སྤྱི་བསྡོམས་རང་བཞིན་གྱི་དཔྱད་རྩོམ《གོ་དོན་རྒྱས་པའི་ལྟོས་བཅས་སྨྲ་བའི་རྨང་གཞི 》ཅེས་པའི་མཇུག་བསྡོམས།

སྤྱི་ལོ1921ལོར་འོད་གློག་ནུས་པའི་གཏན་སྲོལ་གསར་རྙེད་བྱུང་བས་དངོས་ལུགས་རིག་པའི་ནོ་པེར་བྱ་དགའ་ཐོབ།

སྤྱི་ལོ1933ལོའི་ཟླ་བ1པར་ན་ཙི་ཏང་གིས་འཇར་མན་རྒྱལ་ཁབ་ཀྱི་སྲིད་དབང་འཕྲོག་རྗེས། ཨའེ་དབྱིན་སི་ཐན་ནི་ཚན་རིག་ཁག་གི་གནོད་འཚེ་ཐེབས་ཡུལ་ཐོག་མར་གྱུར། འོན་ཀྱང་ཁོང་གིས་སྐབས་དེར་ཨ་རུ་ནས་སློབ་གཉེར་བྱེད་བཞིན་མཆིས་པས་གནོད་འཚེ་གཏོང་མ་ཐུབ། 

སྤྱི་ལོ1936ལོ་ནས་བཟུང་དབྱིན་ཧྥེ་ཨེར་ཏུ་དང་ཧུའོ་ཧྥུའུ་མན་གཉིས་ལ་མཉམ་འབྲེལ་བྱས་ཏེ་རྒྱས་པའི་ལྟོས་བཅས་རང་ལུགས་ཀྱི་འགུལ་སྤྱོད་གནད་དོན་ལ་ཞིབ་འཇུག་བྱས།

སྤྱི་ལོ1940ལོར་ཨ་རུའི་རྒྱལ་ཁོངས་ཐོབ།

སྤྱི་ལོ་1941ལོར《ཚན་རིག་དང་ཆོས་ལུགས》ཞེས་པའི་དཔྱད་རྩོམ་སོགས་སྤེལ།

སྤྱི་ལོ1945ལོར་ལས་འཁྱུར་ངལ་གསོ་བྱས་པ་རེད།

སྤྱི་ལོ1943ལོའི་ཟླ5བར་ཚན་རིག་བློ་འདྲི་ས་བྱས་ཏེ་ཨ་རིའི་མཚོ་དམག་བྱ་བར་ཞུགས།

སྤྱི་ལོ1947ལོར་མུ་མཐུད་དུ་འཛམ་གླིང་ཆབ་སྲིད་ཕྱོགས་ཀྱི་གཏམ་བརྗོད་མང་དུ་སྤེལ།

སྤྱི་ལོ1952ལོའི་ཟླ11པར་དབྱི་སི་རལ་སྲིད་གཞུང་གིས་ཨའེ་དབྱིན་སི་ཐན་རབས་གཉིས་པའི་ཙུང་ཐུང་ལ་འདུག་རྒྱུའི་རེ་བ་བཏོན་ཀྱང་ཁོང་གིས་དང་ལེན་མ་བྱས། ཨའེ་དབྱིན་སི་ཐན་གྱིས་བཤད་རྒྱུར་ཙུང་ཐུང་གི་ཕྱག་འགན་ལྷུར་བཞེས་བྱེད་རྒྱུ་དེ་སླ་མོ་ཞིག་མ་རེད། དེ་ལས་མཉམ་བྱ་རྩིས་ཕྲེང་ནི་ང་ལ་མཚོན་ན་ལྷག་ཏུ་གལ་ཆེན་རེད། ཆབ་སྲིད་ནི་གནས་སྐབས་ཁོ་ན་ཡིན་པས། མཉམ་བྱ་རྩིས་ཕྲེང་ནི་དུས་གཏན་དུ་གནས་ཐུབ་པ་ཞིག་རེད་ཅེས་གསུངས། 

སྤྱི་ལོ1955ལོའི་ཟླ4བའི་ཚེས18ཉིན་ལ་ཨའེ་དབྱིན་སི་ཐན་སྐུ་གཤེགས། དགུང་གྲངས76ཡིན་ལ། ཨའེ་དབྱིན་སི་ཐན་གྱི་སྐུ་ཚེ་གང་པོ་གྲུབ་འབྲས་ཁྱད་པར་དུ་འཕགས་ཤིང་གཟི་བརྗིད་འོད་སྟོང་འབར་པས། ཁོང་གི་མཚན་བཟང་དེ་ལྷན་སྐྱེས་ཀྱི་ཤེས་རབ་ཞེས་བྱ་བའི་མིང་ཚིག་གི་ཚབ་བྱེད་དུ་གྱུར་ཡོད།

2 ལོ་རྒྱུས་རྒྱས་པ།
2_1 མི་ཚེའི་བརྒྱུད་རིམ།

ཨའེ་དབྱིན་སི་ཐན་ནི་སྤྱི་ལོ1879ལོའི་ཟླ3པའི་ཚེས14ཉིན་ལ་འཇར་མན་རྒྱལ་ཁབ་ཀྱི་ཝུའུ་ཨེར་མུའུ་གྲོང་ཁྱེར་དུ་འཁྲུངས་ཤིང་། ཁོང་གི་ཡབ་ཧུ་ཨེར་མན•ཨའེ་དབྱིན་སི་ཐན Hermann Einstein ཞེས་པ་ནི་ཚོང་པ་ཞིག་ཡིན་པ་དང་། ཁོང་གི་ཡུམ་ཆེན་པེར་ལིན•ཁུ་ཁུ Pauline Koch ཞེས་པ་ནི་རོལ་མོ་པ་ཞིག་ཡིན། ཨའེ་དབྱིན་སི་ཐན་ཁྱིམ་ཚང་གང་པོ་ནི་ཡིའུ་ཐའེ་ཆོས་ལུགས་ལ་དད་མོས་མེད་ཅིང་བརྩི་སྲུང་མི་བྱེད་པའི་ཡིའུ་ཐའེ་པ་ཡིན།

ཨའེ་དབྱིན་སི་ཐན་ཆུང་དུས་ནས་སྐྱེས་ཐོབ་ཀྱི་དཔལ་འབར་བ་ཞིག་མ་ཡིན་པར་སྐད་ཆའི་ཕྱོགས་ནས་དེ་འདྲའི་མཚར་པོ་ཞིག་མིན་ནའང་རང་བྱུང་ཚན་རིག་ཕྱོགས་ནས་ཧ་ཅང་རྩེར་སོན་པ་ཞིག་ཡིན།

ཨའེ་དབྱིན་སི་ཐན་ཚན་རིག་གི་རིག་གནས་ཁྱབ་གདལ་དུ་གཏོང་དགོས་པའི་སྐོར་ཀྱི་དཔེ་ཆ་ཀློག་རྒྱུར་དགའ་བས་ཐབས་བརྒྱ་ཇུས་སྟོང་གིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལྡན་པའི་དཔེ་ཆ་ལག་ཏུ་ཚུད་པར་བྱས། ཁྱད་པར་དུ་ཡཱ་ལུང.པེ་སི་ཐན་ཀྱིས་བརྩམས་པའི《རང་བྱུང་ཚན་རིག་གི་སྟབས་བདེའི་ཀློག་དེབ》ཅེས་བྱ་བ་ལས་ཁོང་ལ་སྤྲོ་བ་ཆེན་པོ་ལྡན་ཞིང་། ཕྱིས་སུ་ཁོང་གི་མི་ཚེའི་བཞུད་ལམ་རིང་མོའི་སྟེང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།

སྤྱི་ལོ1888ལོར་ཁོང་ལུའུ་དབྱི་པོ་ཏུ་རིག་གནས་སློབ་འབྲིང་དུ་ཞུགས་ཤིང་། སྤྱི་ལོ1894ལོར་ཨའེ་དབྱིན་སི་ཐན་གྱི་ཁྱིམ་ཚང་གང་པོ་དབྱི་ཐ་ལིར་གནས་སྤར་བ་རེད།  ཨའེ་དབྱིན་སི་ཐན་དགུང་གྲངས་བཅུ་དྲུག་སྤྱི་ལོ1895ལོར་སུའེ་ཙེར་སུའུ་ལི་ཧྲི་མཉམ་འབྲེལ་རང་བྱུང་ཚན་རིག་དང་བཟོ་ལས་ཚན་རིག་སློབ་གླིང་དུ་རྒྱུགས་སྤྲད་ཀྱང་མ་འཕྲོད། སློབ་གྲྭ་དེའི་སློབ་གཙོ་ཧེ་ཨར་ལིན་གྱིས་ཁོང་ལ་མཚམས་སྦྱོར་བྱས་ནས་སུའེ་ཙེརའི་ཨ་ལོ་ཀྲིག་སློབ་འབྲིང་དུ་ལོ་གཅིག་རིང་ལ་ཟབ་སྦྱོང་བྱེད་དུ་བཅུག ཨ་ལོ་ཀྲིག་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས་སུ་སྣང་བ་ཧ་ཅང་སྐྱིད། རྒྱུ་རྐྱེན་ནི་སློབ་སྦྱོང་གི་ཕྱོགས་ནས་ཁོང་གི་ཕུགས་བསམ་དང་མཐུན། སྤྱི་ལོ1896ལོའི་ཟླ་བཅུ་བར་ཨའེ་དབྱིན་སི་ཐན་གྱིས་སུའེ་ཙེར་སློབ་ཆེན་དུ Matura རྒྱུགས་སྤྲད་ནས་འཕྲོད།  སུའུ་ལི་ཧྲི་མཉམ་འབྲེལ་རང་བྱུང་ཚན་རིག་དང་བཟོ་ལས་ཚན་རིག་དགེ་ཐོན་སློབ་གླིང་དུ་རྒྱུགས་སྤྲད་ནས་འཕྲོད།   སྤྱི་ལོ1900ལོར་སློབ་མཐར་ཕྱིན་རྗེས་ཁྱིམ་ཚང་གི་སློབ་ཁྲིད་ལ་བསྟེན་ནས་འཚོ་བ་རོལ་ཐབས་བྱས།  སྤྱི་ལོ1901ལོར་ཨའེ་དབྱིན་སི་ཐན་ལ་སུའེ་ཙེར་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཐོབ། སྤྱི་ལོ1902ལོར་པོ་ཨེར་ཉི་སུའེ་ཙེར་གཅིག་དབང་ཁེ་གཉེར་ལས་ཁུངས་ཀྱིས་ལག་རྩལ་མི་སྣར་གདན་འདྲེན་བྱས་ནས་དེར་ལག་རྩལ་གསལ་འབྱེད་བྱ་བ་བསྒྲུབས། སྤྱི་ལོ1908ལོར་ཨའེ་དབྱིན་སི་ཐན་གྱིས་པོ་ཨེར་ཉི་སློབ་གྲྭ་ཆེན་མོའི་གདན་ཞུའི་སློབ་ཁྲིད་དགེ་རྒན་གྱི་འགན་བཞེས། སྤྱི་ལོ1909ལོར་གཅིག་དབང་ཁེ་གཉེར་ལས་ཁུངས་ལས་བྲལ་ནས།  སྤྱི་ལོ1911ལོར་ཕུ་རག་འཇར་མན་རྒྱལ་ཁབ་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་གཞུང་ལུགས་ཀྱི་སློབ་དཔོན་ཆེན་མོ་ཞལ་བཞེས་མཛད་ཅིང་། སྤྱི་ལོ1912ལོར་མ་ཡུམ་སློབ་གྲྭ་སུའུ་ལི་ཧྲི་ལྷན་འབྲེལ་རང་བྱུང་ཚན་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཞལ་བཞེས་མཛད།

སྤྱི་ལོ1914ལོར་མར་ཁེ་སིས་གདན་འདྲེན་བྱས་པ་ལྟར། ཨའེ་དབྱིན་སི་ཐན་ཕྱིར་འཇར་མན་རྒྱལ་ཁབ་དུ་ལོག་ནས་སྤྱི་ལོ1933ལོའི་བར་ལ་ཝེ་ལེན་དཔོན་ཁྱིམ་དངོས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་དང་པེར་ལིན་ཧུང་པའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོའི་ཕྱག་འགན་གཅིག་ལྕོགས་ཀྱིས་ལྷུར་བཞེས་མཛད། སྤྱི་ལོ1920ལོར་ཧུ་ལན་ལེ་ཧྥུན་སློབ་གྲྭའི་ཆེད་ཞུའི་སློབ་དཔོན་ཆེན་མོའི་འགན་བཞེས། སྤྱི་ལོ1933ལོའི་ཟླ་བ1པར་ན་ཙི་ཏང་གིས་འཇར་མན་རྒྱལ་ཁབ་ཀྱི་སྲིད་དབང་འཕྲོག་རྗེས། ཨའེ་དབྱིན་སི་ཐན་ནི་ཚན་རིག་ཁག་གི་གནོད་འཚེ་ཐེབས་ཡུལ་ཐོག་མར་གྱུར། འོན་ཀྱང་ཁོང་གིས་སྐབས་དེར་ཨ་རུ་ནས་སློབ་གཉེར་བྱེད་བཞིན་མཆིས་པས་གནོད་འཚེ་གཏོང་མ་ཐུབ་པ་དང་། སྤྱི་ལོ1939ལོར་ཨའེ་དབྱིན་སི་ཐན་གྱིས་རྡུལ་ཕྲན་འགྱུར་ལྡོག་དང་དེའི་འབྲེལ་ཕྱོགས་ཚོར་བ་ཤེས་སུ་རྟོགས་ནས། དངོས་ལུགས་རིག་པའི་མཁས་དབང་ཞི་ལཱ་ཏུ་སྐུལ་འདེད་བྱས་འོག ལུའོ་སི་ཧྥུའུ་ཙུང་ཐུང་ལ་འཕྲིན་ཡིག་ཕུལ་ནས། རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་བྱས་ནས་གསར་སྐྲུན་བྱེད་དགོས་པའི་རེ་བ་ཞུས་ཏེ། འཇར་མན་རྒྱལ་ཁབ་གྱིས་གདོང་དྲངས་ནས་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་ལ་འཕྲོག་རྩོད་བྱེད་པར་སྔོན་འགོག་བྱས། འཛམ་གླིང་དམག་འཁྲུག་ཐེངས་གཉིས་པ་མཇུག་མ་རྫོགས་པའི་སྔོན་ལ་ཨ་རུས་འཇར་པན་ཀོང་ཏའོ་ས་ཁུལ་ལ་མཁའ་ལམ་བརྒྱུད་ནས་རྡུལ་ཕྲན་འཕུར་མདའ་འཕངས་པར་ཨའེ་དབྱིན་སི་ཐན་ཧ་ཅང་མ་དགའ་བའི་བསམ་པ་མཚོན། དམག་འཁྲུག་མཚམས་བཞག་རྗེས་སུ་ཨའེ་དབྱིན་སི་ཐན་གྱིས་རྡུལ་ཕྲན་དམག་འཁྲུག་ལ་ངོ་རྒོལ་དང་ཨ་རུ་རྒྱལ་ནང་གི་གཡས་ཕྱོགས་པར་ངོ་རྒོལ་བྱེད་པར་ཞུམ་པ་མེད་པའི་འཐབ་རྩོད་བྱས་པ་རེད། སྤྱི་ལོ1940ལོར་ཨ་རུའི་རྒྱལ་ཁོངས་ཐོབ་ཅིང་། སྤྱི་ལོ1945ལོར་ལས་འཁྱུར་ངལ་གསོ་བྱས་པ་རེད།

སྤྱི་ལོ1955ལོའི་ཟླ4བར་ཨའེ་དབྱིན་སི་ཐན་ལ་འཕར་རྩའི་སྐྲན་ནད་ཀྱི་ནད་རྟགས་ངོས་འཛིན་བྱས་ཤིང་། ཚེས18ཉིན་གྱི་ནམ་གུང་གཉིད་ལམ་གྱི་ངོགས་སུ་དབུགས་ལེན་པར་དཀའ་བར་གྱུར་ནས་འཕར་རྩའི་སྐྲན་ནད་གས་ཏེ། ཕུའུ་ལིན་སི་ཏུན་ནས་དགོངས་པ་ཞི་བའི་དབྱིངས་སུ་རྫོགས། དགུང་གྲངས76ཡིན།

2_2 ཚན་རིག་ཞིབ་འཇུག

ཁོང་གིས་བྱ་བའི་ཞོར་ལ་ཚན་རིག་ཞིབ་འཇུག་དར་སྤེལ་བྱས་ནས། སྤྱི་ལོ1904ལོར་དངོས་ལུགས་རིག་པའི་ཕྱོགས་རིགས་མི་གཅིག་པའི་སློབ་གཞི་གསུམ་གྱི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། ཁྱད་པར་དུ་ཁྱབ་རྒྱ་ཆུང་བའི་ལྟོས་བཅོས་སྨྲ་བའི་འཛུགས་སྐྲུན་དང་འོད་གློག་ནུས་པའི་གཏན་སྲོལ་བཏོན་པ་ལས། དངོས་ལུགས་རིག་པའི་གཞུང་ལུགས་ཀྱི་གསར་བརྗེ་ཆེན་པོར་གྱུར་ཏོ།། དེའི་ཕྱི་ལོའི་ཟླ1ཚེས15ཉིན་ལ《གྲུབ་ཆའི་ཆེ་ཆུང་གི་ཚོད་དཔག་བྱེད་ཐབས་གསར་བ》ཞེས་པའི་རྩོམ་ཡིག་ལ་བརྟེན་ནས་སུའུ་ལི་ཧྲི་སློབ་ཆེན་གྱི་འབུམ་རམས་པའི་ཐོབ་ཐང་བླངས། སྤྱི་ལོ1904ལོར་ཨའེ་དབྱིན་སི་ཐན་གྱིས་ལོ་རྒྱུས་ཀྱི་དུས་རབས་རང་བཞིན་གྱི་རྩོམ་ཡིག་དྲུག་སྤེལ་བ་སྟེ། 《འོད་ཀྱི་གྲུབ་ཚུལ་དང་འགྱུར་ལྡོག་གི་ཞིབ་བཤེར་རང་བཞིན་དང་ལྟ་བའི་སྐོར》《གྲུབ་ཆའི་ཆེ་ཆུང་གི་ཚོད་དཔག་བྱེད་ཐབས་གསར་བ》《ཚ་བའི་རང་བཞིན་གྱི་གྲུབ་ཆའི་འགུལ་བསྐྱོད་སྨྲ་བའི་གྲགས་འགུལ་མེད་པའི་གཤེར་གཟུགས་ནང་དུ་གྲུབ་ཆའི་འདེགས་འགྱོགས་འགུལ་བསྐྱོད་ལ་ཞིབ་འཇུག་བྱས་པའི་སྐོར》《འགུལ་གཟུགས་ཀྱི་གློག་ཤུགས་སྨྲ་བའི་རིག་པ》《དངོས་གཟུགས་ཀྱི་རང་བཞིན་དང་དེའི་ནུས་ཤུགས་མཚོན་པའི་བར་ལ་འབྲེལ་བ་ཡོད་དམ་མེད》《པུའུ་ལིང་འགུལ་བསྐྱོད་ཀྱི་འཚོལ་ཞིབ་འགའ》ཞེས་བྱ་བ་སོགས་རེད། དེ་བས་ལོ་དེ་ནི་ཨའེ་དབྱིན་སི་ཐན་གྱི་ཁྱད་མཚར་གནམ་ལོ་ཞིག་ཏུ་གྲགས་སོ།། དེ་ནས་ལོ100ཡི་རྗེས་སུ་སྤྱི་ལོ2004ལོར་དོན་དག་དེའི་དབང་གིས་འཛམ་གླིང་གི་དངོས་ལུགས་གནམ་ལོར་གཏན་ལ་ཕབས།

སྤྱི་ལོ1905ལོར་འཇར་མན་རྒྱལ་ཁབ་ཀྱི་དངོས་ལུགས་ལོ་དེབ་ལས《འོད་ཕྲན་གྲུབ་ཚུལ་དང་འགྱུར་ལྡོག་གི་ཞིབ་བཤེར་རང་བཞིན་དང་ལྟ་བའི་སྐོར》འགྲེམ་སྤེལ་བྱས་ཏེ། འོད་ཕྲན་འཚེར་བ་ནི་འགལ་ཟླའི་གྲུབ་ཆ་ལས་གྲུབ་ཅིང་། ཨའེ་དབྱིན་སི་ཐན་གྱིས་འགྲེལ་བཤད་བྱས་པའི་འོད་ཕྲན་འཚེར་བ་དེ་ཡང་ནུས་ཤུགས་ཐོར་བུ་ཆུང་བ་ལས་འོད་ཟེར་འཚེར་བ་གྲུབ་པར་སེམས། དེ་བས་ཀྱང་འོད་ཀྱི་གྲུབ་ཆ་ཐོར་བུར་གྱུར་བ་ལས་འགུལ་བསྐྱོད་བྱས་པ་དང་གཅིག་འདྲ་ཡིན་པར་འདོད། འོད་ཕྲན་འཚེར་བའི་རིག་པའི་གཞུང་ལུགས་ནི་སྤྱི་ལོ1900ལོར་ཕུའུ་ལང་ཁུས་གསར་སྐྲུན་བྱས་པའི་ནུས་ཤུགས་སྨྲ་བ་དེར་ཤུགས་ཆེན་གྱིས་མདུན་དུ་གོམ་པ་ཆེན་པོ་ཞིག་སྤོས་ཤིང་། བདེན་འཛིན་གཞན་རོགས་འཇིག་རྟེན་གྱི་ཆེས་རྩ་བར་གྱུར་བའི་ཁྱད་ཆོས་མཚོན་ཡོད་པ་སྟེ། གྲུབ་ཆ་གཅིག་ཕྱོགས་གཉིས་སུ་འགུལ་བསྐྱོད་བྱས་པ་དེ་རེད།

སྤྱི་ལོ1905ལོའི་ཟླ5བའི་ཚེས11ཉིན་ལ་འཇར་མན་རྒྱལ་ཁབ་ཀྱི་དངོས་ལུགས་ལོ་དེབ་ལས་པུའུ་ལིང་འགུལ་བསྐྱོད་ཀྱིས་དངོས་ལྡོག་ཆུང་བ་དེ་གར་མེད་མི་རུང་པའི་གནས་ཚུལ་སྐོར་ཀྱི་རྩོམ་ཡིག་སྤེལ་ནས《ཚ་བའི་གྲུབ་ཆ་འགུལ་བསྐྱོད་སྨྲ་བའི་གྲགས་འགུལ་མེད་པའི་གཤེར་གཟུགས་ནང་དུ་གྲུབ་ཆའི་འདེགས་འགྱོགས་འགུལ་བསྐྱོད་ལ་ཞིབ་འཇུག་བྱས་པའི་སྐོར》ཅེས་བྱ་བར་འགྲེལ་བཤད་བྱས་ཏེ། པུའུ་ལིང་འགུལ་བསྐྱོད་ཀྱིས་རྒྱུན་དུ་འགུལ་བསྐྱོད་བྱས་ནས་ག་ས་གར་ཁྱབ་ཀྱི་གནས་ཚུལ་འདི་དག་ལ་གསར་སྐྲུན་རང་བཞིན་གྱི་ཞིབ་འཇུག་བྱས་པ་རེད།

སྤྱི་ལོ1905ལོའི་ཟླ6པའི་ཚེས11ཉིན་ལ་འཇར་མན་རྒྱལ་ཁབ་ཀྱི་དངོས་ལུགས་ལོ་དེབ་ལས《འགུལ་གཟུགས་ཀྱི་གློག་ཤུགས་སྨྲ་བའི་རིག་པ》ཞེས་བྱ་བའི་རྩོམ་ཡིག་འགྲེམ་སྤེལ་བྱས་ཏེ། བདེན་འཛིན་གཞན་རོགས་ཀྱི་ལྟོས་བཅོས་སྨྲ་བའི་རྩ་བའི་གཞུང་ལུགས་ཐེངས་དང་པོར་བཏོན་ཞིང་། རྩོམ་ཡིག་ལས་ཆེས་རྩ་བར་གྱུར་བའི་གཞུང་ལུགས་གཉིས་བཏོན་པ་སྟེ། འོད་ཕྲན་མྱུར་ཚད་མི་འགྱུར་བའམ་ལྟོས་བཅས་རང་བཞིན་གྱི་གཞུང་ལུགས་གཉིས་ཡིན་ནོ།།

སྤྱི་ལོ1905ལོའི་ཟླ9པའི་ཚེས27ཉིན་ལ་འཇར་མན་རྒྱལ་ཁབ་ཀྱི་དངོས་ལུགས་ལོ་དེབ་ལས་《དངོས་གཟུགས་ཀྱི་རང་བཞིན་དང་དེའི་ནུས་ཤུགས་མཚོན་པའི་བར་ལ་འབྲེལ་བ་ཡོད་དམ་མེད》ཅེས་བྱ་བ་འགྲེམ་སྤེལ་བྱས་ཏེ། དངོས་གཟུགས་སྤུས་ཚད་དང་དེའི་ནུས་ཤུགས་འདོན་ཚད་ལས་འདོན་ཐུབ་པས། དེར་བརྟེན་ནས E = mc2 ཡིན་པའི་སྤྱི་འགྲོས་བདམས།

སྤྱི་ལོ1919ལོའི་ཟླ11པའི་ཚེས10ཉིན་ལ《ཉིག་ཡའོ་སྐབས་དོན་གསར་འགྱུར》ལས་བལྟོས་བཅས་དོན་དངོས་སྨྲ་བར་ལྟ་ཞིབ་བྱས་པ་ཞེས་འཕྲིན་གསར་སྤེལ་ཞིང་། དེ་ནི་ཨའེ་དབྱིན་སི་ཐན་རིག་པའི་གཞུང་ལུགས་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་མཚོན་ཡོད།

སྤྱི་ལོ1914ལོར་ཨའེ་དབྱིན་སི་ཐན་གྱིས་གོ་དོན་རྒྱ་ཆེན་སྨྲ་བ་སྤེལ་ནས། ཁོང་གིས་བཏོན་པའི་འོད་ཐིག་གིས་ཉི་འོད་ཀྱག་ཀྱོག་ཏུ་བརྒྱུད་ནས་འོད་ཕྲན་འཚེར་ཤུགས་ཐོན་ཐུབ་པའི་སྔོན་དཔག་མཛད་པ་ལ། སྤྱི་ལོ1919ལོར་དབྱིན་ཇིའི་གནམ་གཤིས་རིག་པའི་མཁས་དབང་ཡ་པིས.སི་ཐན་ལི.ཨའེ་ཏེན་ཏུང་གིས་ཉི་མ་ཧྲིལ་བོར་གཟའ་འཛིན་བྱས་པར་བརྟག་པའི་མཇུག་འབྲས་ལས་ར་སྤྲོད་བྱུང་བ་རེད།  སྤྱི་ལོ1916ལོར་ཁོང་གིས་བཏོན་པའི་འོད་ཕྲན་འཚེར་ཤུགས་ལ། སྤྱི་ལོ1978ལོར་སླར་ཡང་ར་སྤྲོད་བྱུང་བ་རེད། ཨའེ་དབྱིན་སི་ཐན་དང་ལྟོས་བཅས་སྨྲ་བ་ལས་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཚང་མའི་ཤེས་གསལ་བྱུང་བའི་མིང་ཚིག་ཏུ་གྱུར་འདུག དུས་མཚུངས་སུ་འཇར་མན་རྒྱལ་ཁབ་དང་། ཧྲ་ཝུན་རིང་ལུགས། དམག་རྒྱལ་རིང་ལུགས། ཕེ་ཡུག་རིང་ལུགས་སོགས་ཀྱིས་གདུག་རྩུབ་ཆེ་བའི་ངོ་རྒོལ་ཀྱང་བྱས་པ་རེད།

སྤྱི་ལོ1917ལོར་ཨའེ་དབྱིན་སི་ཐན་གྱིས《འོད་ཕྲན་འཚེར་བའི་གྲུབ་ཆའི་རང་བཞིན་སྨྲ་བ》ཞེས་པའི་རྩོམ་ཡིག་ནང་དུ་འོད་ཕྲན་འཚེར་བའི་རིང་ལུགས་བཏོན་པ་དང་། སྐུད་འོད་ཀྱི་ཆེས་རྩ་བར་གྱུར་བའི་རིག་པའི་གཞུང་ལུགས་སུ་གྱུར་བ་རེད།

ཨའེ་དབྱིན་སི་ཐན་གྱིས་གློག་འོད་ཕན་ནུས་ཕྱོགས་ཀྱི་ཞིབ་འཇུག་ལ་སྤྱི་ལོ1921ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་པ་རེད། ཡིན་ནའང་སུའེ་ཙེར་ཚན་རིག་གླིང་གི་སྤྱི་བསྒྲགས་ནང་དུ་ལྟོས་བཅས་སྨྲ་བ་ཞེས་གླེང་ཡོད་པ་མ་རེད། རྒྱུ་མཚན་ནི་བལྟོས་བཅས་སྨྲ་བར་རྩོད་གླེང་ཆེན་པོ་འདུག་པ་རེད།

2_3 ཚན་རིག་གི་གྲུབ་འབྲས།
2_3_1 བལྟོས་བཅས་སྨྲ་བ།

བལྟོས་བཅས་སྨྲ་བ་ཞེས་བྱ་བ་བཏོན་པ་ནི་དངོས་ལུགས་རིག་པའི་ཁྱབ་ཁོངས་ནང་གི་གསར་བརྗེ་ཆེན་པོ་ཞིག་རེད། དེས་གསུང་རབ་ནུས་ཤུགས་རིག་པའི་ལྟོས་མེད་སྟོང་སེམས་ཁས་ལེན་མ་བྱས་པ་དང་། དུས་ཚོད་དང་བར་གསེང་གི་ངོ་བོའི་རང་བཞིན་ལ་འགྲེལ་བཤད་གསལ་བོ་བྱས་པས། དངོས་ལུགས་རིག་པ་འཕེལ་རྒྱས་སུ་བཏང་ནས་ཆུ་ཚད་གསར་བ་ཞིག་ལ་སླེབས་པ་རེད།

2_3_2 ནུས་ཚད་གཏན་གནས།

དངོས་པོ་མེད་པར་མི་འགྲོ་བའི་སྡོམ་ཚིག་ལས་དངོས་པོའི་སྤུས་ཚད་མེད་པར་མི་འགྲོ་བར་བཤད། ནུས་ཚད་དོ་མཉམ་དུ་སྲུང་ཐུབ་བའི་སྡོམ་ཚིག་ལས་དངོས་པོའི་ནུས་ཤུགས་དོ་མཉམ་དུ་སྲུང་འཛིན་བྱེད་ཐུབ་པར་བཤད་ཡོད།

རླབས་ཆེ་བའི་སྡོམ་ཚིག་འདི་གཉིས་བསྟུད་མར་མི་རྣམས་ཀྱིས་རྟོགས་ནའང་ཕྱོགས་འདི་གཉིས་ཀ་རྟ་མགོ་ནོར་ལ་མི་འོས་པའི་སྡོམ་ཚིག་རེད་སེམས་ནས། རང་སོ་སོས་གཅིག་མཚུངས་མིན་པའི་རང་བྱུང་ཆོས་ཉིད་གསལ་བཤད་བྱས་ཡོད། ཐ་ན་མི་ལ་ལས་དངོས་པོ་མེད་པར་མི་འགྲོ་བའི་སྡོམ་ཚིག་ནི་རྫས་འགྱུར་གྱི་སྡོམ་ཚིག་ཅིག་ཡིན་པ་དང་། ནུས་ཚད་དོ་མཉམ་དུ་སྲུང་ཐུབ་བའི་སྡོམ་ཚིག་ནི་དངོས་ལུགས་ཀྱི་སྡོམ་ཚིག་ཅིག་ཡིན་པས་དེ་དག་ནི་རེ་རེར་བཞིན་གཅིག་མཚུངས་མིན་པའི་ཚན་རིག་གི་ཁུངས་སུ་གཏོགས་པར་སེམས།

ཨའེ་དབྱིན་སི་ཐན་གྱིས་སེམས་ལ་དངོས་པོའི་སྤུས་ཚད་ནི་རང་བཞིན་གྱི་གྲངས་ཚད་ཡིན་ལ། ནུས་ཚད་ཀྱི་འགུལ་སྤྱོད་ནི་གྲངས་ཚད་ཡིན་པར་སེམས། ནུས་ཚད་དང་སྤུས་ཚད་ནི་ཕྱོགས་ཁེར་རྐྱང་ཞིག་མ་ཡིན་པར་ཕན་ཚུན་བར་ལ་འབྲེལ་བ་ཡོད་པས། ཁ་བྲལ་ཐབས་མེད། དངོས་གཟུགས་སྤུས་ཚད་ཀྱི་འགྱུར་ལྡོག་ལས་ནུས་ཚད་ལ་ཕྱོགས་མཚུངས་ཀྱི་འགྱུར་ལྡོག་བྱུང་ངེས་རེད་ཟེར། དེ་བས་དངོས་གཟུགས་ནུས་ཚད་ཀྱི་འགྱུར་ལྡོག་བྱུང་བའང་སྤུས་ཚད་ལ་ཕྱོགས་མཚུངས་ཀྱི་འགྱུར་ལྡོག་བྱུང་ངེས་རེད།

ཨའེ་དབྱིན་སི་ཐན་གྱིས་ཆེས་གསར་གཏོད་རང་བཞིན་གྱི་ངང་ནས་དངོས་པོ་མེད་པར་མི་འགྲོ་བའི་སྡོམ་ཚིག་དང་ནུས་ཚད་དོ་མཉམ་དུ་སྲུང་ཐུབ་བའི་སྡོམ་ཚིག་གི་ངོ་བོ་གསལ་བཤད་བྱས་ཤིང་། སྡོམ་ཚིག་གཉིས་ཀྱི་བར་དུ་གནས་པའི་འབྲེལ་བ་བསྟན་ཡོད་པས། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གོམ་གང་མདུན་སྤོས་ཀྱིས་ངོས་ཟིན་ཐོབ་པ་རེད།

2_3_3 འོད་གློག་ནུས་པ།

སྤྱི་ལོ1904ལོར་ཨའེ་དབྱིན་སི་ཐན་གྱིས་གལ་སྲིད་འོད་ཕྲན་འཕྲོ་སྲིད་པས་ན་ཞེས་གློག་འོད་རྒྱུ་བའི་སྐོར་ལ་འགྲེལ་བཤད་བྱས་པས། སྤྱི་ལོ1921ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ།

འོད་ཕྲན་དེ་ལྕགས་རིགས་སྟེང་ལ་འཕྲོས་པས་ན་དངོས་པོའི་ཐོག་གི་གློག་འོད་ལ་འགྱུར་ལྡོག་བྱུང་བ་རེད། འོད་ཕྲན་ལས་གློག་འོད་བྱུང་བའི་གནས་ཚུལ་ལ་མི་རྣམས་ཀྱིས་གློག་འོད་རྒྱུ་བ Photoelectric effect ཞེས་མིང་དུ་བཏགས།

འཇིག་རྟེན་གྱི་རྒྱུན་ཤེས་གྲངས་ཚད།

ཨའེ་དབྱིན་སི་ཐན་གྱི་བལྟོས་བཅས་སྨྲ་བ་བཏོན་པ་དུས་མཚུངས་སུ་འཇིག་རྟེན་གྱི་རྒྱུན་ཤེས་གྲངས་ཚད་ཅེས་བྱ་བ་ཞིག་ཀྱང་བཏོན་པ་རེད།

2_4 མི་སྣའི་བསམ་བློ།

ཨའེ་དབྱིན་སི་ཐན་གྱིས་རང་ཉིད་ནི་ཞི་བདེ་རིང་ལུགས་པ་དང་མི་ཆོས་རིང་ལུགས་པ་ཡིན་ཞེས་ཟེར་ཞིང་། ཁོང་གི་ཚེ་མཇུག་ལ་དམངས་གཙོའི་སྤྱི་ཚོགས་རིང་ལུགས་སུ་གྱུར་བ་རེད། རྡུལ་ཕྲན་ཚོད་ལྟ་དང་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལ་སྔོན་འགོག་བྱས་མྱོང་པ་རེད། 

2_4_1 ཆོས་ལུགས་ཀྱི་ལྟ་བ།

ཨའེ་དབྱིན་སི་ཐན་ནི་ཡིའུ་ཐའེ་མི་ཡིན་ནའང་ཡིའུ་ཐའེ་བའི་ཆོས་ལུགས་ལ་དད་མོས་མེད་པ་རེད། ཁོང་གིས་སེམས་ལ་ཆོས་ལུགས་ནི་ཧ་ཅང་དགོད་བྲོ་བའི་རྨོངས་དད་ཀྱི་སྤྲུལ་བ་ཡིན་པས། འཇིག་རྟེན་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བསྟོད་བསྔགས་བྱེད་པ་ཁོ་ན་རེད། སྤྱི་ལོ1954ལོའི་ཟླ3པའི་ཚེས24ཉིན་ལ་ཁོང་གིས་བཟོ་བ་ཚོར་བསྐུར་བའི་འཕྲིན་ཡིག་ནང་དུ་ཁྱོད་ཚོས་བཀླགས་ཟིན་པའི་ང་རང་ཆོས་ལུགས་ལ་དད་མོས་ཡོད་ཟེར་བ་དེ་ནི་རྫུན་གཏམ་ཞིག་ཡིན་ལ། ངས་འགྲོ་བ་མིའི་རིགས་ཀྱི་གཤིས་རྒྱུད་དང་མཐུན་པའི་གནམ་རྒན་མ་ཞིག་ཡོད་པར་ཡིད་ཆེས་མེད་པ་དང་། ངས་ཀྱང་སྔ་མོ་ནས་གཏན་དུ་དོན་དག་འདི་གསལ་བོར་བཤད་ཟིན་པ་ཡིན། གལ་ཏེ་ངའི་སེམས་པའི་ངོགས་སུ་ཆོས་ལུགས་ཟེར་བ་ཞིག་ཡོད་ན་དེ་ནི་ང་རང་ཚོའི་ཚན་རིག་ལས་གསལ་བོར་མཐོང་ཐུབ་པའི་འཇིག་རྟེན་འདིའི་གྲུབ་ཚུལ་གྱི་དད་གུས་བླ་ན་མེད་པ་དེ་ཡིན་ཞེས་གསུངས་བ་ཡིན།

2_4_2 ཆབ་སྲིད་ཀྱི་ལྟ་བ།

ཨའེ་དབྱིན་སི་ཐན་ནི་ཞི་བདེ་རིང་ལུགས་པ་དང་མི་ཆོས་རིང་ལུགས་པ་ཡིན་ཞིང་། ཁོང་གི་ཚེ་མཇུག་ལ་དམངས་གཙོའི་སྤྱི་ཚོགས་རིང་ལུགས་སུ་གྱུར། ཨའེ་དབྱིན་སི་ཐན་གྱིས་བཤད་རྒྱུར། ངས་བལྟས་ན་ཀན་ཏིའི་ལྟ་བ་ནི་ང་རང་ཚོའི་དུས་རབས་འདིའི་ཆབ་སྲིད་པ་ཚང་མའི་ནང་གི་ཆེས་སྤྱང་གྲུང་འཛོམས་པ་ཞིག་རེད། ང་རང་ཚོས་ཁོང་གི་དགོངས་པའི་ཁ་ཕྱོགས་སུ་འབད་བརྩོན་བྱེད་འོས་པ་སྟེ། དྲག་ཤུགས་ལ་བརྟེན་ནས་ང་རང་ཚོའི་དམིགས་ཡུལ་འགྲུབ་དགོས་པ་མ་ཡིན། ཨའེ་དབྱིན་སི་ཐན་གྱིས་གུང་ཁྲན་རིང་ལུགས་དང་། མར་ཁེ་སི་རིང་ལུགས། རིགས་རྒྱུད་རིང་ལུགས་སོགས་ལ་ངོ་རྒོལ་བྱས་པ་ཡིན་པས། ཁོང་ནི་འཇར་མན་རྒྱལ་ཁབ་ཀྱི་རང་མོས་དམངས་གཙོ་ཏང་གསར་དུ་འཛུགས་མཁན་ནང་གི་གཅིག་ཀྱང་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།