ཞི་ཨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་ཨན།
ཞི་ཨན་ལ་གནའ་དུས་ཁྲང་ཨན་ཞེས་འབོད་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན། ཞི་ཨན་ནི་ཀོན་ཀྲུང་བདེ་ཐང་གི་དཀྱིལ་རྒྱུད་དུ་ཆགས་ཡོད། བྱང་ཕྱོགས་ཝེ་ཧོ་ཆུ་བོ་དང་ཉེ་ཞིང་། ལྷོ་རྒྱུད་ཆིན་ལིན་རི་བོ་དང་འབྲེལ་ཡོད། ཞི་ཨན་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པར་མ་ཟད། ཀེ་རི་སེའི་ཡ་ཏེན་དང་ཨེ་ཅིབ་ཀྱི་ཁེ་རོ། དབྱི་ཐ་ལའི་རོ་མ་བཅས་གྲོང་ཁྱེར་བཞི་ལ་འཛམ་གླིང་གི་གནའ་བོའི་རྒྱལ་ས་གྲགས་ཅན་བཞི་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西安
ཕྱི་ཡིག་གི་མིང་།
Xi'an,Chang'an,เมืองซีอัน,서안,शीआन,Місто Сіань,مدينة شيآن,Сиан
མིང་གཞན།
ཁྲང་ཨན་དང་ཞི་ཅིང་། ཏ་ཞིང་སོགས།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
མངའ་ཁོངས།
མཁར་ཁུལ་གསར་བ་སོགས།
སྲིད་གཞུང་གནས་ཡུལ།
ཝེ་དབྱང་ཁུལ་ཧྥེང་མཁར་སྲང་ལམ་བརྒྱད་པའི་ཝེ་དབྱང་ཐང་ཆེན།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
029
སྦྲག་སྲིད་ཨང་རྟགས།
710000
གནས་ཡུལ།
ཀོན་ཀྲུང་བདེ་ཐང་གི་དཀྱིལ་དབུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ10108
མི་གྲངས།
ཁྲི846.78(སྤྱི་ལོ2010ལོར)
སྐད་རིགས།
ཞི་ཨན་སྐད།
གནམ་གཤིས།
ཚ་ཁུལ་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
དུར་རྫས་རྫ་བཟོས་གྱད་རྟ། ཅོང་རྔ་མཁར། ཏཱ་ཡན་ཐའི་མཆོས་རྟེན་སོགས།
གནམ་གྲུ་ཐང་།
ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་ས་ཚིགས།
ཞི་ཨན་ས་ཚིགས། ཞི་ཨན་བྱང་ཚིགས་དང་ལྷོ་ཚིགས།
1 ངོ་སྤྲོད།

ཧྲན་ཞི་ཞིང་ཆེན་ནི་རྨ་ཆུའི་བར་རྒྱུད་དང་ཧན་ཧྲེའུ་གཙང་བོའི་སྟོད་རྒྱུད་ཀྱི་གཡས་གཡོན་ན་ཆགས་ཡོད། བྱང་ཕྱོགས་ནི་ཧྲའན་པེ་ས་སེར་མཐོ་སྒང་དང་དཀྱིལ་དབུས་ནི་ཀོན་ཀྲུང་བདེ་ཐང་། ལྷོ་ཕྱོགས་ནི་ཆིན་ལིང་རི་རྒྱུད་བར་གྱི་ལུང་ཁོག་ཡིན། ལུང་ཁོག་དེ་དག་གི་བར་དུ་ཧན་ཀྲུང་དང་། ཨན་ཁང་སོགས་གཤོངས་ས་ཡང་ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ་བདུན་ནས་བཅུ་དྲུག་གི་བར་ཡིན་པ་དང་། ལོ་རེའི་ཆར་འབབ་ཚད་ཧའོ་སྨི400ནས1000བར་ཡིན།  ཧྲན་ཞི་ཞིང་ཆེན་དུ་གནའ་བོའི་ཁྲང་ཨན་མཁར་དང་ཆིན་ཧྲི་ཧོང་གི་བང་སོ། ཆིན་གྱི་རྫ་བཟོས་གྱད་མི་སོགས་གནས་སྐོར་བྱེད་ས་ཤིན་ཏུ་མང་ངོ་།།

2 ཁོར་ཡུག

ཞི་ཨན་ལ་གནའ་དུས་ཁྲང་ཨན་ཞེས་འབོད་པ་དང་། ད་ལྟ་ཧྲན་ཞི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན། ཞི་ཨན་ནི་ཀྲུང་ཀོན་བདེ་ཐང་གི་བར་རྒྱུད་དུ་ཆགས་ཡོད། བྱང་ཕྱོགས་སུ་ཝེ་ཆུ་དང་ཉེ་ཞིང་།  ལྷོ་རྒྱུད་ཆིན་ལིང་རི་བོ་དང་འདབས་འབྲེལ་དུ་ཡོད། ཞི་ཨན་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད། ཀེ་རི་སེའི་ཡ་ཏེན་དང་ཨེ་ཅིབ་ཀྱི་ཁའི་ལུའོ། དབྱི་ཐ་ལིའི་རོ་མ་དང་འདྲ་བར་མཚན་སྙན་ཆེན་པོ་ཡོད་པས། འཛམ་གླིང་གི་རྒྱལ་ས་གྲགས་ཅན་བཞིའི་གྲས་ཡིན། ཐང་རྒྱལ་རབས་ཀྱི་སྐབས་སུ་ཞི་ཨན་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་ཤར་ནུབ་ཀྱི་རིང་ཚད་ལ་ཧ་ལམ་སྨི9700ལྷག་དང་། ལྷོ་བྱང་གི་རིང་ཚད་ལ་སྨི8600ཡོད། ད་ལྟའི་ཞི་ཨན་མཁར་རྙིང་གི་རྒྱ་ཁྱོན་གྱི་ལྡབ་བཅུ་ཡོད། ཁྲང་ཨན་མཁར་ནང་དུ་ལྷོ་བྱང་ལ་གཞུང་ལམ་བཅུ་གཅིག་དང་། ཤར་ནུབ་ལ་གཞུང་ལམ་བཅུ་བཞི་ཡོད་ཅིང་། དེ་དག་ཕན་ཚུན་བསྣོལ་ཏེ་མཁར་ཡོངས་སྒྲིག་བཀོད་གྲལ་འགྲིག་པའི་སྡོད་ཁུལ108དུ་ཕྱེ་ཡོད། ཞི་ཨན་ནི་གནའ་བོའི་གྲོང་ཁྱེར་ཡིན་པའི་སྒྲུབ་བྱེད་མང་པོ་འགོད་མི་དགོས་ཏེ། ཁྱེད་རང་ཞི་ཨན་ལ་གནས་སྐོར་དུ་སོང་ཚེ་ལོ་ངོ་སུམ་སྟོང་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ་མཐོང་ཐུབ་པས། ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ་ཞིག་བཀླགས་པ་དང་གཉིས་སུ་མེད། ཞི་ཨན་དུ་ཀྲོའུ་ནུབ་མ་ནས་བཟུང་སྔ་རྗེས་སུ་རྒྱལ་རབས་བཅུ་གསུམ་གྱི་རྒྱལ་ས་བྱས་མྱོང་བས། ཀྲུང་ཧྭ་གནའ་བོའི་ཤེས་རིག་གི་རྗེས་ཤུལ་མང་པོ་གནས་འདིར་བསྐྱུར་ཡོད། དེ་བས་གནས་འདི་ནི་རྔམས་སྟུག་པོའི་ཤེས་རིག་གི་འབྱུང་གནས་དང་། ཁྱད་མཚར་བའི་རང་བྱུང་གི་བཀོད་པ་ལྟ་ན་སྡུག་པའི་གནས་སྐོར་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གནས་འདིར་ལོ་ངོ་ཁྲི་བརྒྱད་ཅུའི་ཡར་སྔོན་གྱི་ལན་ཐེན་མིའི་རྗེས་ཤུལ་དང་། འཛམ་གླིང་གི་ངོ་མཚར་བརྒྱད་ཀྱི་ཡ་གྱལ་ཆིན་གྱི་རྫ་བཟོས་གྱད་མི། གནའ་བོའི་པན་ཕོའི་སྡོད་དམངས་ཀྱི་རྗེས་ཤུལ་ཏ་ཡན་མཆོད་རྟེན། ཆིན་ཧྲི་ཧོང་གི་བང་སོ། ཕོ་བྲང་ཨུ་ཕང་། ཀྲུང་གོའི་ལོ་རྒྱུས་ཀྱི་བསྡུས་གཟུགས་དངོས་མང་བཤམས་སྟོན་ཁང་། ད་ལྟའི་བར་འཛམ་གླིང་སྟེང་ཆེས་ཆེ་བའི་གོང་མའི་སྤྱི་གླིང་། གནའ་བོའི་རི་མོ་དང་ཡིག་གཟུགས་སོགས་སྐྱོན་བྲལ་ངང་ཉར་ཚགས་བྱས་ཡོད།

3 བང་སོ།

ཆིན་ཧྲི་ཧོང་གི་བང་སོ་ནི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཤར་ཕྱོགས་ཀྱི་སྤྱི་ལེ35ཡི་མཚམས་ཀྱི་ལིང་ཐུང་ཁུལ་ལི་ཧྲན་རི་བོའི་བྱང་འདབས་སུ་ཡོད། ཆིན་ཧྲི་ཧོང་གི་བང་སོ་དང་གྱད་རྟ་ནི་འཛམ་གླིང་སྟེང་གི་བྱས་རྗེས་ཆེན་མོ་བརྒྱད་དང་། དུས་རབས་ཉི་ཤུ་བའི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་སྟེང་གི་གསར་རྙེད་གྲས་ཀྱི་གཅིག་ཡིན་ཞེས་བསྔགས་བརྗོད་བྱས་ཡོད། ཆིན་ཧྲི་ཧོང་གི་བང་སོ་ནི་སྤྱི་ལོ་སྔོན་གྱི་ལོ246ནསསྤྱི་ལོ་སྔོན་གྱི208བར་འཛུགས་སྐྲུན་བྱས་ཤིང་། ལོ་རྒྱུས་སུ་ཐོ་འགོད་བྱས་པ་ལྟར་ན་ཆིན་ཧྲི་ཧོང་གི་བང་སོ་བཞེངས་པར་བཟོ་བ་ཁྲི་བདུན་བསྡུས་ཏེ་ལོ་ངོ38རིང་འཛུགས་སྐྲུན་བྱས། ཆིན་ཧྲིན་ཧོང་གི་བང་སོ་ནི་བང་སོ་ཁག་དང་དུར་ས་ཁག་གཉིས་སུ་དབྱེ་ཡོད། བང་སོ་ཁག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱད་ཙམ་དང་། མཁར་ཕྱི་ནང་གཉིས་སུ་ཕྱེས་ཤིང་། ས་ཕུང་སྙུང་དབྱིབས་ཀྱིས་སྤུངས་ཡོད། ཆིན་ཧྲི་ཧོང་གི་བང་སོའི་ས་སྤུངས་དེའི་སྔོན་ཆད་ཀྱི་མཐོ་ཚད་ལ་ཕལ་ཆེར་སྨི115དང་། བང་སོའི་རྨང་སྨི་གྲུ་བཞི་མའི་དབྱིབས་དང་ཕལ་ཆེར་འདྲ་སྟེ། སྐས་དབྱིབས་ཅན་གྱི་ཤིང་གཞོང་ཞིག་ཁ་སྦུབས་སུ་ཡོད་པ་དང་མཚུངས།  བང་སོའི་སྟེང་བདེ་ཐང་ཡིན་ལ་སྐེད་སྐས་དབྱིབས་ཡིན། བང་སོ་དེའི་ད་ལྟའི་མཐོ་ཚད་ལ་སྨི76དང་ཤར་ནུབ་ཀྱི་རིང་ཐུང་ལ་སྨི345ཡོད། ལྷོ་བྱང་གི་ཞེང་ལ་སྨི350ཡོད་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-27

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།