སྐྱེར་བ་དཀར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེར་བ་དཀར་པོ།
སྐྱེར་བའི་ཤིང་ནི་ཚེར་མ་ཅན། །སྐྱེར་བ་དཀར་བོ་ཞེས་ཀྱང་བྱ། །ཉིན་སྲིབ་གཉིས་ཀའི་མཚམས་སུ་སྐྱེ། །པགས་པ་དངུལ་མདོག་སྙིང་བོ་སེར། །མེ་ཏོག་སེར་ལ་འབྲས་བུ་དམར་བ་ཡིན། །ཤིང་ནགས་ཀྱི་གསེབ་དང་གྲོང་གི་ཉེ་འགྲམ། ལམ་ཟུར་སོགས་སུ་སྐྱེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小檗
ཕྱི་ཡིག་གི་མིང་།
Berberis thunbergii DC.
མིང་གཞན།
བ་ལ་ཏ་ལ། ངྷི་ཤ་རི། ཛི་བྱེད་ཏ། ཧ་རི་ཧ། དྷཱ་ཏུ། ཧ་ལ་དྷཱ། གསེར་ཤིང་། ཚེར་རྣོན། འབྲས་སྐྱུར། ལྤགས་སེར། གསེར་ཤུན་ཞེས་ཟེར།
སྨན་དུ་སྦྱར་བྱ།
བར་ཤུན་དང་ཡལ་ཕྲན།
སྡེ་ཁོངས།
བར་ཤུན་དང་མེ་ཏོག་གི་སྡེ།
1 སྐྱེ་དབྱིབས།  

《འཁྲུངས་དཔེ》ལས།  སྐྱེར་བའི་ཤིང་ནི་ཚེར་མ་ཅན། །སྐྱེར་བ་དཀར་བོ་ཞེས་ཀྱང་བྱ། །ཉིན་སྲིབ་གཉིས་ཀའི་མཚམས་སུ་སྐྱེ། །པགས་པ་དངུལ་མདོག་སྙིང་བོ་སེར། །མེ་ཏོག་སེར་ལ་འབྲས་བུ་དམར། །  ཞེས་དང་།  《བཻ་སྔོན》ལས།  སྐྱེར་བའི་མིང་དང་འཁྲུངས་དཔེ་སོགས་གོང་དུ་བརྗོད་པའི་འཁྲུལ་སོ་མེད་པ་དེའི་མེ་ཏོག་སེར་པོ་དང་འབྲས་བུ་དམར་པོ་འཁྲུ་བ་གཅོད།  ཅེས་དང་།  《ཤེལ་ཕྲེང》ལས།  དཀར་པོ་ལོ་མ་དང་སྡོང་བོ་ཆེ།  མེ་ཏོག་སེར་སྐྱ་ཕྱི་ལྤགས་དཀར་བ་ཤུན་པ་སེར་ལ་མཐུག་པ།  ཞེས་གསུངས་སོ། །                             

2 རིགས་དབྱེ།  

《ཤེལ་ཕྲེང》ལས།  དཀར་བོ་ལོ་མ་དང་སྡོང་བོ་ཆེ། །མེ་ཏོག་སེར་སྐྱ་ཕྱི་ལྤགས་དཀར། །བར་ཤུན་སེར་ལ་མཐུག   ཅེས་དང་།  《སྔོ་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་སྙེར》ལས།  ལྤགས་མདོག་གིས་དབྱེ་བའི་སྐྱེར་པ་དཀར་པོ།  སྐྱེར་པ་ནག་པོ་སྡོང་པོ་ཆུང་ངོ་། །   ཞེས་གསུངས་པ་ལྟར།  སྤྱིར་བཏང་སྐྱེར་པ་ལ་རིགས་དཀར་ནག་གཉིས་ཡོད་པ་ལས།  དཀར་པོ་ལོ་མ་དང་སྡོང་བོ་ཆེ་ལ་ཕྱི་པགས་དཀར།  མེ་ཏོག་སེར་སྐྱ།  བར་ཤུན་སེར་ལ་མཐུག  ནག་པོ་ཕྱི་པགས་ནག་ལ་ལོ་སྡོང་ཆུང་ཞིང་མེ་ཏོག་སེར་ཁ་ཆེ། 

3 སྐྱེ་གནས།  

རང་ས་གནས་དང་།  བལ་ཡུལ།  འབྲས་ལྗོངས།  རྒྱ་གར་ཀྱི་ཀུརྨའ་རི་རྒྱུད།  ཧི་མ་ལ་ཡའི་མངའ་སྡེ་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1230ནས3770བར་གྱི་རི་ཀླུང་གདགས་སྲིབ་གང་རུང་དང་།  ཤིང་ནགས་ཀྱི་གསེབ།  གྲོང་གི་ཉེ་འགྲམ།  ལམ་ཟུར་སོགས་སུ་སྐྱེ་བ་མང་། 

4 བཏུ་དུས་དང་ལས་སྣོན། 

སྤྱི་ཟླ་ལྔ་བ་དང་དྲུག་པར་མེ་ཏོག་འཐུ་སྒྲུབ་བྱས་ཏེ་བསིལ་སྐམ་བྱ་དགོས་པ་དང་།  རྩ་བ་དང་བར་ཤུན་གཉིས་དཔྱིད་ཀ་བཏུ་དགོས་པ་དང་།  འབྲས་བུ་སྤྱི་ཟླ་དགུ་བའི་ནང་བཏུས་ཏེ་མ་རུལ་བར་སྐམ་ནས་སྤྱོད་དགོས་པ་དང་།  བར་ཤུན་ནི་ཡལ་གའི་ཕྱི་པགས་དོར་ཏེ་ཤ་གདན་དང་ཕྱི་པགས་པ་སེར་ཞིང་དྭངས་པ་བཤུས་ནས་སྐམ་སྟེ་སྤྱོད་པ་དང་། རྩ་བ་གཙང་མ་འཀྲུས་རྗེས་གཏུབ་ནས་ཁཎྜ་བཟོ་དགོས།                

5 རོ་ནུས་ཞུ་རྗེས།  

རོ་ཁ་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རྩ་བ་དང་བར་ཤུན་གྱི་རོ་ཁ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་ལ་རྩུབ་པ།  མེ་ཏོག་གི་ཏོ་མངར་ལ་བསྐ་བ་དང་།   ཞུ་རྗེས་ཁ་བ།  ནུས་པ་བསིལ་བ།  འབྲས་བུའི་རོ་སྐྱུར་ལ་ཁ་བ།  ཞུ་རྗེས་སྐྱུར་བ།  ནུས་པ་བསིལ་བའོ། །

6 རྐྱང་བའི་ཕན་ཡོན། 

དུག་ནད་བྱེར་བ་བསྡུ་བ་དང་།  པགས་ནད་ཀྱིས་ཆུ་སེར་རྒྱས་པ།  མིག་སྤྲིན་ལ་གཉན་ཚད་རྒྱས་ནས་དམར་བོ་ཆགས་པ།  ཤ་མཛེར་དང་ལང་ཐོག་ཐོན་པ།  ཁའི་ནང་རྨ་ནང་སྐྱེས་པ།   གྲེ་བ་དང་གློ་མིག་ལ་གཉན་ཁ་རྒྱས་པ།  རྒྱུ་མར་གཉན་ཚད་རྒྱས་ནས་ཁོག་པ་བཤལ་བ།  ཁྲག་དང་གྲང་འཛག་ནས་གཅིན་ལམ་ལ་ཚ་ཤར་རྒྱག་པ།  མཁྲིས་ནད་སོགས་ལ་ཕན་པ་དང་།  མེ་ཏོག་དང་འབྲས་བུས་ཚད་འཁྲུ་གཅོད་པ་དང་།  དུག་ནད།  རིམས་རྙིང་བ།  མིག་ནད་ཐམས་ཅད་ལ་ཕན།

7 སྨན་སྦྱོར།

སྐྱེར་ཤུན་བརྒྱད་པ།  སྐྱེར་ཤུན་པི་ལིང་སྐྱུ་རུ་ཤིང་མངར་དང་།  གླ་རྩིའི་དྲིས་བསྒྱུར་སྐྱེར་ཤུན་ལྔ་བའི་སྟེང་།  གུར་གུམ་དོམ་མཁྲིས་རྒྱ་སྣག་བསྣན་པ་འདིས། ཆུ་བཙག་རྗེས་ལ་ཆུ་ཁ་ཚ་ཙག་བྱེད། སག་བོན་ཁྲག་བསྡོངས་འཛག་པའི་གཉེན་པོ་སྟེ།  ཁྲག་མཁྲིས་ལས་གྱུར་ཚ་འཛག་ནད་ཀུན་སེལ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།