ཀ་རཱཛ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀ་རཱཛ།
རྒྱ་མཚོའི་ཉེ་འགྲམ་གྱི་ཤིང་ནགས་དང་ཤིང་མ་ལྡུམ་གྱི་གསེབ་ནས་སྐྱེ་བའི་རྩྭ་རིགས་ཤིག་སྟེ། འབྲས་བུ་སྨན་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水黄皮
ཕྱི་ཡིག་གི་མིང་།
Pongamia pinnata (L.) Pierre
མིང་གཞན།
ཀ་རཱཛ། ལག་ཀྱེས། ཨ་ཙ་རས། ཀ་ར་ལག་པ། ཨ་ཐལ་མོ། ལག་པའི་ཐལ་མོ།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《ཤེལ་ཕྲེང》ལས། འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་། ངོ་བོ་ནི། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཤིན་ཏུ་ཁ་ལ་སྦུལ་གྱི་སྒོ་ང་ལྟ་བུ་ཞིག་འོངས་ལ། ཞེས་གསུངས་པ་ལྟར། དངོས་ནི་ཤིང་སྡོང་ཆེ་ཆུང་འབྲིང་ལ་རྒྱུན་ལྡན་མདོག་ལྗང་ཞིང་ཆེར་རྒྱས་ན་མི་ཊར18ཙམ་དང་། སྡོང་པོ་ལྗང་སྐྱ་ཡིན་པ་གང་ཞིག་སྨུག་ཤས་ཡོད་པ། ལོ་མ་སྒོང་དབྱིབས་ཅན་ལོ་འདབ་གསུམ་རེ་ཡོད་པ་དང་། མེ་ཏོག་ཟིང་དཀར་གང་བུ་མཐུག་ལ་ལེབ་མོ་མཁྲེགས་ཤིང་རྩེ་རྣོ་བ་དང་། གང་བུའི་ནང་འབྲས་བུ་རིལ་མོ་གཉིས་ཙམ་གྱི་སྟེང་སུལ་རིས་ཅན་ཡོད། རྒྱ་གར་བའི་ཕལ་སྐད་དང་ལེགས་སྦྱར་སྐད་དུ་ཀ་རཱཛ་ཞེས་འབོད།

2 རིགས་དབྱེ།  

འདི་ལ་བཞེད་པ་མི་མཐུན་པ་མང་ཡང་། 《ཤེལ་ཕྲེང》ལས།  འཇམ་འབྲས་རིགས་གཉིས་ལས།  ནང་འབྲས་ཁ་དོག་སྔོ་ཤས་ཆེ་བ་ཕྱིའི་གང་བུ་ཟླུམ་པོ་ནས་བྱུང་བ་ནང་གི་ཚི་གུ་རོ་འཇམ་པ་དེ་ལ་རྒྱ་སྐད་དུ་མཛ་ཕ་ལ། བོད་སྐད་དུ་འཇམ་པའི་འབྲས་བུའོ།། ཕྱིའི་གང་བུ་ཐལ་མོ་སྦྱར་འདྲའི་ནང་འབྲས་ཅུང་ཟད་ཁམ་ཞད་ཡོད་ལ། སྐྱེམས་པས་གསུངས་བཞིན་སུལ་རིལ་རིས་སྤུས་བྲིས་པ་ཙམ་ཟླུམ་འཁོར་དུ་མང་དུ་དོད་པ། ནང་ཚིག་རོ་གྱོང་རྩུབ་པ་དེ་ལ་རྒྱ་སྐད་དུ་ཀ་རཱཛ་ལི། བོད་སྐད་དུ་ལག་པའི་ཐལ་མོ་སྦྱོར་ཞེས་པའོ། ། སྔ་མ་ལས་ཕྱི་ན་དྲོད་ཆེ་བ་ཡིན། ཡལ་ལག་བརྒྱད་འགྲེལ་དུ། རིགས་གཉིས་གསུངས་པའང་དེའོ།། ཞེས་དང་། 《སྐྱེམས་འགྲེལ》ལས། ཀ་རཱཛ་རྣམ་པ་གཉིས་དང་ཞེས་པས། ཁམ་པ་རྡོག་མ་ཆེ་བ་ལ་ཀ་རཱཛ་དང་། སྔོན་པོ་སྦྲུལ་སྒོང་འདྲ་བ་ལ་འཇམ་འབྲས།  ཞེས་དང་། 《གསོ་རིག་རྒྱུད་བཞི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས།  འདི་ལ་ངོས་འཛིན་པ་དང་། མིང་གི་འདོགས་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་། བྲང་ཏིས། འཇམ་འབྲས་དང་ཀ་རཱཛ་གཅིག་པར་གཡུ་ཐོག་པས་གསུངས་ཞེས་དང་། 《བརྡ་སྤྲོད》ལས། ཀ་རཱཛ་སྦྲུལ་གྱི་སྒོ་ང་འདྲ། ཞེས་གསུངས། གཡུ་ཐོག་པ་དང་། ཟུར་མཁས་བ། བྲང་ཏི། སྐྱེམས་པ། དེའུ་དམར་བ་སོགས་བཞེད་དོན་མཐུན། སྙིང་པོ་བསྡུས་པའི་རང་འགྲེལ་དུ། ཀ་རཱཛ་རྣམ་པ་གཉིས་དང་། ཞེས་པ་རིགས་གཉིས་གསུངས་པ་ལས། གང་བུ་ཐལ་མོ་སྦྱར་འདྲའི་ནང་འབྲས་བུ་ཁམ་ཞད་ཅན་སུལ་རིས་ཟླུམ་འཁོར་མང་དུ་ཡོད་པ་དེ་ཡོངས་གྲགས་དངོས་ཡིན་ནོ། །དེ་ལྟར་ན་ཀ་རཱཛ་དང་འཇམ་འབྲས་གཉིས་རྐྱང་སེལ་ཐ་དད་དུ་གསུངས་པ་མིང་ཟློས་ཚུལ་དང་། ངོ་བོ་ངོས་འཛིན། མིང་དོན་སྒྲ་བཤད་སོགས་དངོས་དོན་དང་འབྱོར་བའི་ལེགས་བཤད་མེད་ཤེལ་་དུ་ཡོད་པས་དེར་གཟིགས་པར་འཚལ། ཞེས་དང་། 《ཁྲོག་སྨན་གྱི་འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང》ལས།  ཟུར་ལུགས་ཀ་རཱཛ (རང་ལུགས་རུང་མཐུན་དུ་བཞེད)ཞེས་གསུངས་སོ། ། 

3 སྐྱེས་གནས།

རང་རྒྱལ་གྱི་ཧྭ་ཏུང་དང་།  ཞི་ནན། ཧུའུ་པེ། ཧུའུ་ནན། ཀན་སུའུ་སོགས་ས་ཁུལ་ཕལ་མོ་ཆེ་བའི་ནང་སྐྱེས་བའང་། རྒྱ་གར་ཀྱི་རྒྱ་མཚོ་དང་ཉེ་འགྲམ་གྱི་ཤིང་ནགས་དང་ཤིང་མ་ལྡུམ་གྱི་གསེབ་ནང་སྐྱེ་བ་མང་། འདེབས་འཛུགས་བྱས་ནས་སྐྱེ་བའང་ཡོད། 

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བཅུ་གཅིག་ནང་གང་བུ་འཐུ་སྒྲུབ་བྱས་ཏེ་འབྲས་བུ་ལེགས་པར་སྐམ་དགོས་པ་དང་།  བེད་སྤྱོད་སྐབས་འབྲས་བུ་བྱེ་མ་ཚ་པོའི་ནང་རྗེན་ངད་ཐོན་ཙམ་བརྔོས་ནས་པགས་ཤུས་ཏེ་སྨན་དུ་སྤྱོད་དགོས།

5 རོ་ཞུ་རྗེས་ནུས་པ།

རོ་ཁ་ལ་ཚ་བ།    ཞུ་རྗེས་ཁ་བ།    ངོ་བོ་དྲོད།

6 རྐྱང་བའི་ཕན་ཡོན།   

ཕོ་བའི་མེ་དྲོད་སྐྱེད་པར་བྱེད།

7 སྨན་སྦྱོར།  

ཀ་རཉྫ་དྲུག་པ།   ཀ་རཉྫ་ཞོ 5 ང་།   བཅའ་སྒ་ཞོ 3    ཙི་ཏྲ་ཀ་ཞོ 3    བྱི་དང་ག་ཞོ 3   ཨ་རུ་ར་ཞོ 4   པི་པི་ལང་ཞོ 3 བཅས་སྦྱར་བས་མ་ཞུ་སྦོ་སྒྲེག་འགྱིངས་བ་རྣམས་འཇོམས་ཤིང་། ཁྱད་པར་དུ་ཕོ་བའི་མེ་དྲོད་རྣམས་སྐྱེད་པའི་མཆོག་གོ (ཕྱི་རྒྱུད་ཕྱེ་མའི་སྡེ་ནས)  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-17

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།