ནོར་བུ་གླིང་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནོར་བུ་གླིང་ག
ནོར་བུ་གླིང་ག་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། དེ་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུ་བའི་ནང་ཐོག་མར་བཞེངས་མགོ་ཚུགས་པ་ཡིན། ནོར་བུ་གླིང་གའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ལྷག་ཡོད། དེ་ནི་ལྗོངས་ཁུལ་དང་ཕོ་བྲང་སྟེ་ཁག་ཆེན་པོ་གཉིས་སུ་དབྱེ་བ་དང་། ནོར་བུ་གླིང་གའི་བཟོ་སྐྲུན་གཙོ་བོ་ནི་སྐལ་བཟང་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗布林卡
གནས་ཡུལ།
ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
བོད་ལྗོངས་ལྷ་ས།
བྱེད་ནུས།
ཏཱ་ལའི་སྐུ་ཕྲེང་རིམ་བྱོན་གྱི་དབྱར་གནས།
འཛུགས་སྐྲུན་ཁྱད་ཆོས།
སྐལ་བཟང་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་།
དོན་སྙིང་དང་པོ།
བོད་མིས་བཟོས་པའི་གཞི་རྒྱ་ཆེས་ཆེ་བ་དང་ཡུལ་ལྗོངས་ཆེས་མཛེས་པ།
དོན་སྙིང་གཉིས་པ།
གནའ་ཤུལ་ཆེས་མང་བའི་གླིང་ག
ཡུལ་སྐོར་དུས་ཚིགས།
དུས་བཞི།
མཛེས་ལྗོངས་གྲགས་ཆེན།
ལྷུན་འགྲུབ་དགའ་ཚལ།
1 ངོ་སྤྲོད།

ནོར་བུ་གླིང་ག་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། དེ་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུ་བའི་ནང་ཐོག་མར་བཞེངས་མགོ་ཚུགས་པ་ཡིན།  ནོར་བུ་གླིང་གའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ལྷག་ཡོད།  དེ་ནི་ལྗོངས་ཁུལ་དང་ཕོ་བྲང་སྟེ་ཁག་ཆེན་པོ་གཉིས་སུ་དབྱེ་བ་དང་།  ནོར་བུ་གླིང་གའི་བཟོ་སྐྲུན་གཙོ་བོ་ནི་སྐལ་བཟང་ཕོ་བྲང་དང་སྤྱན་བསལ་ཕོ་བྲང་།  རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ཡིན་ལ།  ཕོ་བྲང་དེ་དག་ནི་ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་གྱི་ཕོ་བྲང་གཙོ་བོ་ཁག་ཡིན།  སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ལོ་རབས་ལྔ་བཅུའི་སྔོན་དུ་ད་ལྟའི་ནོར་བུ་གླིང་གའི་ཆགས་ཡུལ་འདི་ལྗོན་ཤིང་གླ་བ་སོགས་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེངས་པའི་ལྷོ་ནུབ་གླ་བའི་ཚལ་ཞེས་པའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡིན།  ནོར་བུ་གླིང་ག་ཞེས་པའི་ཐ་སྙད་བྱུང་ཚུལ་ཐད་ལ་སྔར་གྱི་དུས་ཤིག་གི་ཚེ་ན་ལྷོ་ནུབ་གླ་བའི་ཚལ་གྱི་མཁའ་དབྱིངས་སུ་གློ་བུར་དུ་འབྲུག་ལྡིར། འཇའ་ནོར་བུ་འདྲ་བ་ཞིག་ཤར་བས་མི་ཁ་ཅིག་གིས་ནོར་བུ་གླིང་ག་ཞེས་འབོད་པར་བརྟེན་ནས་རིམ་བཞིན་ཐ་སྙད་དེ་རྒྱུན་འབྱམས་སུ་ཐོགས་པར་བཤད།

གནའ་བོའི་དུས་སུ་ད་ལྟའི་ནོར་བུ་གླིང་ག་ཆགས་སའི་གནས་འདི་ནི་ལྗོན་ཤིང་དང་མཚེའུ་ཡོད་ཅིང་བྱ་ཚོགས་ཀྱི་སྐད་སྙན་ལྷང་ལྷང་སྒྲོག་པའི་དབེན་གནས་ཉམས་དགའ་བ་ཞིག་ཡིན་པས།  ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་དབྱར་དུས་སུ་གནས་དེར་དབུ་གུར་ཕུབ་ནས་ཆབ་ཞུགས་སྤྲོ་བསང་ལ་བྱོན་མྱོང་བ་དང་།  ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་འབྲས་སྤུངས་སུ་བཞུགས་སྐབས་གནས་དེར་ཆབ་ཞུགས་འཕྲོད་བཞེས་གནང་གི་ཡོད་པས།  ཁོང་གིས་སྲིད་དབང་བཟུང་རྗེས་སྐུ་ཚེའི་སྨད་དུ་ཞབས་ལ་འབམ་གྲུམ་གྱི་སྙུན་གཞི་ཕོག་པར་བརྟེན།  དེར་ཆབ་ཞུགས་དང་ཆབ་རྫིང་བཟོ་སྐྲུན་བྱས་ནས་ཆབ་བཞེས་ཐེངས་མང་གནང་བས་སྙུན་གཞི་ཇེ་བདེར་སོང་།  རབ་བྱུང་བཅུ་གསུམ་པའི་ཤིང་ཕག་སྤྱི་ལོ1755ལོར་ཆབ་ཞུགས་མཛད་ཡུལ་གྱི་ཤར་ངོས་སུ་ཕོ་བྲང་ཐོག་ཚད་གཉིས་ཡོད་པ་ཞིག་གསར་སྐྲུན་མཛད་པར་རྒྱལ་བའི་མཚན་དེ་ཕོ་བྲང་ལ་ཐོགས་ནས་བསྐལ་བཟང་ཕོ་བྲང་དུ་གྲགས།  དེ་ནི་ནོར་བུ་གླིང་དུ་ཕོ་བྲང་བསྐྲུན་པ་ཐོག་མ་ཡིན།  དུས་དེ་ནས་བཟུང་དབེན་ཞིང་ཉམས་དགའ་བའི་ནོར་གླིང་དེ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐུ་ན་ཆུང་ངུའི་སྐབས་གསན་བསམ་མཛད་ཡུལ་དང་སྲིད་དབང་བཞེས་རྗེས་ཀྱི་དབྱར་དུས་ཀྱི་བཞུགས་གནས་སུ་གྱུར།

ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་སུ་བསྐལ་བཟང་ཕོ་བྲང་བྱང་ངོས་ཀྱི་ཆོས་ར་དང་མཚོ་དཀྱིལ་ཕོ་བྲང་ཀླུ་ཁང་དང་བཅས་པ།  ནུབ་ངོས་ཀྱི་གྲུ་འཛིན་ཕོ་བྲང་།  ཕོ་བྲང་མཐའ་སྐོར་གྱི་ལྕགས་རི་དང་བཅས་པ་གསར་སྐྲུན་གནང་ཞིང་།  ར་བའི་ནང་དུ་མེ་ཏོག་དང་ཤིང་སྣ་འབོར་ཆེན་འདེབས་འཛུགས་གནང་བ་བཅས་ཀྱིས་ནོར་གླིང་འདི་ཉིད་ཡིད་དུ་འོང་བའི་སྐྱེད་ཚལ་ཞིག་ཏུ་གྱུར།  དེའི་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐབས་སུ་ཉམས་གསོ་མཛད།  རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐབས་ཏེ་སྤྱི་ལོ1922ལོ་ནས་དབུ་འཛུགས་ཀྱིས་ནོར་བུ་གླིང་གའི་ནུབ་ངོས་སུ་སྤྱན་གསལ་ཕོ་བྲང་དང་བསྐལ་བཟང་ཕོ་བྲང་།  བསྐལ་བཟང་བདེ་འཁྱིལ་ཕོ་བྲང་མ་ལག་དང་བཅས་པ་རྒྱས་སྐྲུན་དང་གསར་སྐྲུན་མཛད་པར་མ་ཟད།  ཁོར་ཡུག་གི་ལྕགས་རི་ཆེན་མོ་ཡང་ལེགས་པར་བསྐྲུན་ཏེ་གཞི་ཁྱོན་སྔར་བས་ཆེ་བ་དང་ལྷག་པར་ཕུན་སུམ་ཚོགས་པར་གྱུར།  སྤྱན་གསལ་ཕོ་བྲང་ཞེས་པའི་མཚན་དེ་ནི་ཕོ་བྲང་འདིའི་ཨར་པོའི་དོ་དམ་པ་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལམ་སྤྱན་གསལ་ཀུན་འཕེལ་ཞེས་འབོད་པ་དེ་ཡིན་པས།  ཕོ་བྲང་གི་མཚན་ལ་སྤྱན་གསལ་ཕོ་བྲང་ཞེས་མིང་ཐོགས་པ་ཡིན།  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་རྒྱལ་བ་བསྟན་འཛིན་རྒྱ་མཚོས་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱས་སྐྲུན་གནང་བ་དང་། སྤྱི་ལོ1954ལོ་ནས1956ལོའི་བར་དུ་རྟག་བརྟན་མི་འགྱུར་ཕོ་བྲང་མ་ལག་དང་བཅས་པ་གསར་སྐྲུན་མཛད་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པའི་གླིང་ག་ཉམས་དགའ་བ་འདི་གྲུབ།  ནོར་བུ་གླིང་གར་ལྕགས་རི་ཕྱི་ནང་གཉིས་ཡོད་པ་དང་ཕྱོགས་བཞིར་སྒོ་མོ་ཆེ་བཞི་དང་།  གཞུང་སྒོའི་གཡས་གཡོན་དུ་རྡོའི་སེང་གེ་བརྗིད་ཉམས་ལྡན་པ་གཉིས་ཡོད།  ནོར་བུ་གླིང་གའི་ཕྱིའི་ལྕགས་རི་དཀར་པོ་དང་།  ནང་གི་ལྕགས་རི་སེར་པོའི་ནང་དུ་མཛེས་བཀོད་ལེགས་པོའི་ཕོ་བྲང་ཁག་ཁྲ་ལམ་མེར་གནས་ཡོད་པ་དང་།  ལྕགས་རིའི་ཕྱི་ནང་སོ་སོའི་ནང་རོལ་ཏུ་ངོས་འཇམ་པའི་རྡོ་གཅལ་བཏིངས་ཡོད་ལ།  ལམ་གྱི་གཡས་གཡོན་དུ་དྲི་ངད་ལྡན་པའི་མེ་ཏོག   ལྷ་ཤིང་ཤུག་པ།  སྨྱུག་མ།  འབྲས་ལྡན་ཤིང་སྣ་ཚོགས་བཙུགས་ཡོད།   བསྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ནི་ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་གྱི་ཕོ་བྲང་གཙོ་བོ་ཁག་ཡིན།  བསྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ཁྱད་ཆོས་ཐོག་བརྩེགས་གསུམ་ལྡན་ཡིན་པ་དང་།  ཐོག་བརྩེགས་གཉིས་ལྡན་གྱི་རྟག་བརྟན་མི་འགྱུར་ཕོ་བྲང་ནི་བཞེངས་པའི་དུས་ཚོད་ཅུང་འཕྱི་བས་བོད་ལུགས་བཟོ་བཀོད་བཟོ་སྐྲུན་ལག་རྩལ་བསྡུ་ལེན་གང་ལེགས་བྱས་ཏེ་བསྐྲུན་པ་ཞིག་ཡིན་པས།  དེར་ཕོ་བྲང་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ལྡན།  ཕོ་བྲང་དེ་དག་གི་ནང་དུ་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་དང་སྐུའི་ཉེར་ཆས།  ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་སོགས་ཆ་ཚང་ཡོད་པར་མ་ཟད།  ལོ་རྒྱུས་དུས་སྐབས་སོ་སོར་བསྐྲུན་པའི་ནང་རྟེན་རིག་དངོས་རྩ་ཆེན་དང་།  ལོ་རྒྱུས་དང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ལྡེབས་རིས་གསོན་ཉམས་ལྡན་པ་སོགས་ཡོད།  ད་དུང་རིག་དངོས་རྩ་ཆེན་འབོར་ཆེན་ཉར་ཚགས་བྱས་ཡོད། དེའི་ནང་ལྷ་སྐུ་དང་། སྐུ་ཐང་། བསྟན་བཅོས། ཐམ་ག འཇའ་ས། སྨྱུག་ཤིང་བ་སོ་བརྐོས་མ། གཡུ་རྩིའི་ཅ་ལག གཡུ་ཆས། དཀར་ཆས། ཚོན་རྩིའི་ཡོ་བྱད། ཡིག་ཚང་ཡོ་བྱད། གྱོན་ཆས། ཁྱིམ་ཆས། འགྲིམ་འགྲུལ་ཡོ་བྱད་སོགས་ཆ་ཚང་ཞིང་ཕུན་སུམ་ཚོགས་པས་ཕོ་བྲང་པོ་ཏ་ལ་ཕུད་པའི་ རིག་གནས་སྒྱུ་རྩལ་བང་མཛོད་གཞན་ཞིག་ཏུ་འགྱུར་ཡོད་པ་རེད། ནོར་གླིང་ནང་གི་རིག་དངོས་རྣམས་སྤྱིའི་ཆ་ནས་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག་པ་དང་། གཅིག་ནི་བོད་རང་ནས་བཟོས་པའི་ཆོས་ལུགས་རིག་དངོས་དང་། རིགས་གཞན་ཞིག་ནི་ཀྲུང་དབྱང་སྲིད་གཞུང་དང་གོང་མ་རིམ་བྱོན་གྱིས་བོད་ཀྱི་ས་གནས་ཁག་གི་གོང་རིམ་ལ་སྤྲད་པའི་གཅེས་ནོར་སྣ་ཚོགས་ཡིན་ཞིང་། རིག་དངོས་དེ་དག་སོ་སོར་རང་སོའི་ཁྱད་ཆོས་ལྡན་ཞིང་བཟོ་བཀོད་སྒྱུ་རྩལ་སྤུས་ལེགས་དང་ངོ་མཚར་ཅན་ཤ་སྟག་ཡིན།

2 ཞོལ་འདོད་དཔལ།

བོད་རང་ནས་བཟོ་བསྐྲུན་བྱས་པའི་ཆོས་ལུགས་རིག་དངོས་ནང་སྐད་གྲགས་ཆེ་ཤོས་ནི་ལི་མའི་སྐུ་འདྲ་ཡིན་པ་དང་། ནོར་བུ་གླིང་ག་ཐོག་མར་ཕྱག་བཏབ་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་གིས་གསར་བཞེངས་མཛད་པའི་བླ་ཁང་ནང་ལྷ་སྐུ་དང་ཆོས་ལུགས་ཡོ་བྱད་གསར་སྣོན་གནང་པའི་ཆེད་དུ་ཕོ་བྲང་པོ་ཏ་ལའི་གཤམ་ལ་ཞོལ་འདོད་དཔལ་ཞེས་པའི་ལག་ཤེས་བཟོ་གྲྭ་ཞིག་བཙུགས་གནང་བ་དང་། གསེར་དངུལ་ཟངས་ལྕགས་ཀྱི་བོད་ལུགས་མཁོ་ཆས་ཆ་མི་ཚང་བ་མེད་པ་བཟོ་སྐྲུན་བྱེད་ཐུབ་པའི་ལག་རྩལ་མི་སྣ་བརྒྱ་ཕྲག་ཁ་ཤས་དེ་གར་གཅིག་བསྡུས་བྱས་ནས་བཟོ་བཀོད་ཤིན་ ཏུ་ལེགས་པའི་སྐུ་འདྲ་དང་ཆོས་རྫས་སྣ་ཚོགས་བཟོ་བསྐྲུན་གནང་ནས་ལྷ་ས་དང་ཉེ་འཁོར་ས་ཁུལ་གྱི་དགོན་སྡེ་ཁག་གི་དགོས་མཁོ་སྐོང་གི་ཡོད་པ་དང་། ནོར་གླིང་ཕྱག་བཏབ་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ལྷ་ཁང་ཚང་མའི་ནང་གི་སྐུ་འདྲ་ཆེ་ཆུང་ཡོད་དོ་ཅིག་ཞོལ་འདོད་དཔལ་གྱི་ལག་ཤེས་མི་སྣ་དམིགས་འཛུགས་བྱས་ཏེ་བཞེངས་པ་ཡིན་ལ་། གཞན་ཡང་ནོར་གླིང་ནང་གི་མཆོད་གཤོམ་དང་། ཆོས་ལུགས་ཡོ་བྱད། གསེར་ཟངས་རྒྱ་ཕིབས། ཡ་ཐེམ་མཛེས་སྒྲོས་སོགས་ཚང་མ་ཞོལ་འདོད་དཔལ་གྱི་ལག་ཤེས་མི་སྣས་བཟོ་སྐྲུན་གནང་བ་རེད། ཞོལ་འདོད་དཔལ་གྱི་སྐུ་འདྲ་བཞེངས་པའི་ལག་རྩལ་ལ་བཟོ་བསྐྲུན་ཞིབ་ཚགས་དང་། བསྡུར་ཚད་དོ་མཉམ་པ། ཚོན་མདོག་རྣམ་པར་བཀྲ་བ། སྐུའི་ཐོག་གསེར་ཆུ་མཐུག་པ་དང་གསེར་ཆུ་བྱུག་ངོས་འཇམ་ཚད་མཐོ་བ། ལྷའི་དབུ་རྒྱན་དང་། རྣ་རྒྱན། དཔུང་རྒྱན། ཕྱག་གདུབ། དར་དཔྱང་སོགས་རྒྱན་ཆ་ཚང་མ་གཡུ་ཡིས་ཕྲ་རྒྱབ་ཡོད། ཁྱད་ཆོས་མངོན་གསལ་ཅན་དེ་དག་གིས་དུས་རབས18པའི་དུས་དཀྱིལ་ནས་བཟུང་བོད་རང་གི་ལྷ་སྐུ་བཟོ་བསྐྲུན་ལག་རྩལ་དེ་རང་རྐྱར་འཕེལ་ནས་བྱང་ཆུབ་པའི་དུས་རིམ་ལ་སླེབས་པ་མཚོན་ཡོད།

ཞོལ་འདོད་དཔལ་གྱིས་བཞེངས་པའི་སྐུ་འདྲའི་ནང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་གཉིས་སྐད་གྲགས་ཆེ་ཤོས་ཡིན་ཞིང་དེའི་ནང་གི་སྐུ་འདྲ་གཅིག་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྟོན་ཐེངས་མང་གནང་མྱོང་ཡོད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ནི་འགྲོ་ཀུན་ཐར་པའི་ལམ་དུ་འདྲེན་མཁན་ཡིན་པ་དང་། སྐུ་ཚད་ལ་ལི་སྨི78ཡོད་པ་དང་། པད་མའི་བཞུགས་ཁྲིའི་སྟེང་དུ་བཞེངས་ཤིང་ཕྱག་གཙོ་བོ་གཉིས་བྲང་ཁར་ཐལ་མོ་སྦྱར་ནས་ནོར་བུ་བསྣམས་ཡོད། ཕྱག་གཞན་པ་དྲུག་སོ་སོར་ཕྲེང་བ་དང་། འཁོར་ལོ། པད་མ། བུམ་པ། མདའ་གཞུ་སོགས་ཆོས་རྫས་བསྣམས་ཡོད། ཞལ་རས་བྱམས་སྙིང་རྗེ་དང་ལྡན་ཞིང་། སྐུ་ལུས་ཡོངས་རྫོགས་གཡུ་ཡིས་རྒྱན་པས་བཀྲག་མདངས་ཀྱིས་མིག་དབང་རབ་ཏུ་འཕྲོག ལག་ཤེས་མི་སྣས་ལྷ་སྐུ་དེ་བཞེངས་སྐབས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱམས་སྙིང་རྗེ་དང་མཐུ་ནུས་འབུར་དུ་མངོན་ཡོད་ཅིང་བརྒྱུད་རིམ་ ཚང་མར་བཀོད་སྒྲིག་ཞིབ་ཚགས་གནང་ཡོད་པས་ཕུལ་བྱུང་གི་ལག་ཤེས་ལ་བརྟེན་ནས་ལྷ་ སྐུའི་བཟོ་དབྱིབས་ཧྲིལ་པོ་ངོ་མཚར་ཆེ་ཞིང་ཡིད་དུ་འོང་བར་གྱུར་ཡོད། ནོར་གླིང་དུ་ད་དུང་སྒྲོལ་ལྗང་གི་བཞེངས་སྐུ་ཞིག་ཡོད་པ་དང་། གསེར་ཆུ་བྱུག་པའི་ལྷ་སྐུ་དེ་གསེར་འོད་ཆིམ་ཆིམ་དུ་འཕྲོ་བ་དང་། མཛེས་སྒྲོས་ཡང་དཔེ་ལེགས་ཤིང་ངོ་མཚར་ཆེ་ལ་སྒྲོལ་མའི་དབུ་རུ་མེ་ཏོག་ཐོད་རྒྱན་རྒྱན་པ་དང་། ཞལ་རས་མཛེས་ཤིང་ཡིད་དུ་འོང་བ། གཟུགས་དབྱིབས་མཆོར་སྒེག་གི་ཉམས་དང་ལྡན་པ། རྐེད་པར་སེ་མོ་དོའི་ཕྲེང་བས་རྒྱན་པ། སྐུ་སྨད་ལ་དར་སྲབ་གཡོགས་པ། སྐུ་འདྲར་བུད་མེད་ཀྱི་རྣམ་པ་མངོན་གསལ་དོད་པ། ཞི་དུལ་མཛེས་སྡུག་གི་ཉམས་དང་ལྡན་པ། སྒྲོལ་ལྗང་གི་བྱམས་སྙིང་རྗེ་ཆེན་པོ་དང་འགྲོ་ཀུན་སྡུག་བསྔལ་ལས་གྲོལ་བར་བྱེད་ པའི་གཟུགས་བརྙན་མངོན་ཡོད། སངས་རྒྱས་དང་དགྲ་བཅོམ་པའི་སྐུ་འདྲ་ཕུད། ཞོལ་འདོད་དཔལ་གྱི་ལག་ཤེས་མི་སྣས་ད་དུང་ཆོས་སྐྱོང་གི་སྐུ་འདྲ་མང་པོ་ཞིག་བཞེངས་ནས་ནོར་གླིང་དུ་ཉར་ཚགས་བྱས་ཡོད། ལྷ་སྐུ་དེ་དག་མང་ཆེ་བ་ནི་ཁྲོ་ཉམས་དང་ལྡན་པ་དཔེར་ན་འཇིགས་བྱེད་དང་། བདེ་མཆོག་གདུགས་དཀར་མོ། ནཱ་རོ་མཁའ་སྐྱོད་མ་སོགས་ཁྲོ་ཉམས་དང་ལྡན་རུང་ཆོས་སྐྱོང་གི་སྲུང་མ་ཐ་དག་ཡིན། ཆོས་སྐྱོང་དེ་དག་གིས་འགྲན་ཟླ་བྲལ་བའི་མཐུ་སྟོབས་དང་རྫུ་འཕྲུལ་གྱིས་བདུད་འདུལ་ཞིང་སྲི་གནོན་ཐུབ་ལ་འགྲོ་ཀུན་ཐར་པའི་ལམ་དུ་འདྲེན་ཐུབ། ལྷག་པར་དུ་འཇིགས་བྱེད་ཆེན་མོ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་སྐུ་ཡིན་པ་དང་དགེ་ལུགས་པའི་ཡི་དམ་དུ་བརྩིས་ནས་ཆོས་དད་མང་ཚོགས་ཀྱིས་དད་པ་ཚད་མེད་བྱེད་བཞིན་ཡོད།

ཚ་ཚ།

ཚ་ཚ་ནི་ལྡེར་བཟོ་ལག་རྩལ་གྱི་རིགས་གཞན་ཞིག་ཡིན་པ་དང་། བཟོ་རྩལ་དེ་ཉིད་དང་ཐོག་གནའ་བོའི་རྒྱ་གར་ནས་དར་བ་དང་། དེ་རྗེས་སངས་རྒྱས་ཆོས་ལུགས་དང་མཉམ་དུ་བོད་ལ་དར་བ་རེད། ཚ་ཚའི་བཟོ་བཀོད་ནང་མཆོད་རྟེན་དང་། བསྟན་བཅོས། སྐུ་འདྲ། མ་ཎི་ཡིག་དྲུག་སོགས་ཡོད་པ་དང་། མང་ཆེ་བ་མཆོད་རྟེན་གྱི་རྟེན་རྫས་སམ་དགོན་སྡེ་དང་ཁྱིམ་ཚང་ནང་བཤམས་ཀྱི་ཡོད། ནོར་གླིང་དུ་ཉར་ཚགས་བྱས་པའི་ཚ་ཚར་དོན་སྙིང་དམིགས་བསལ་ལྡན་ཡོད་པ་དེ་ཚང་མ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནོར་གླིང་ནང་སྒོམ་བཞུགས་གནང་སྐབས་བྱིན་གྱིས་རླབས་པ་ཡིན་ཞིང་། ཚ་ཚ་ཚང་མའི་རྒྱབ་ཏུ་རྡོ་རྗེ་འཆང་སྔགས་ཞེས་པའི་གསེར་ཕྱེའི་ཕྱག་བྲིས་ཡོད་ལ་ དེས་ཚ་ཚ་དེ་རྣམས་ལ་བླ་ན་མེད་པའི་བྱིན་རླབས་ལྡན་པ་མཚོན་ཡོད་ཅིང་། ཐུན་མིན་གྱི་སྒྱུ་རྩལ་རང་བཞིན་གྱིས་ཕྱུག་པའི་ཚ་ཚ་དེ་དག་ནོར་གླིང་རིག་དངོས་ཉར་ཚགས་ནང་གི་བླ་མེད་ཀྱི་གཅེས་ནོར་ཞིག་ཏུ་འགྱུར་ཡོད། དཔེར་ན། ཤཀྱྰ་མུ་ནེ་དང་། ཚེ་ལྷ་རྣམ་གསུམ། མགོན་པོ་ཕྱག་དྲུག ཁྱུང་ཆེན་བཅས་ཚང་མ་ནི་ཚ་ཚའི་ནང་གི་བཟོ་བཀོད་ཕུལ་བྱུང་ཅན་ཤ་སྟག་ཡིན།

3 མཆོད་རྟེན།

ལྡེར་བཟོའི་རིགས་གཞན་ཞིག་ནི་མཆོད་རྟེན་ཡིན་པ་དང་། སྔ་དུས་ཀྱི་མཆོད་རྟེན་མང་ཆེ་བའི་ནང་སངས་རྒྱས་ཀྱི་རིང་བསྲེལ་བཞག་ཡོད་པས་རིང་བསྲེལ་མཆོད་རྟེན་ཡང་འབོད་ཀྱི་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་རྗེས་རིང་བསྲེལ་མཆོད་རྟེན་ལ་དཔེ་བལྟས་ནས་བོད་དུ་བཀའ་གདམས་མཆོད་རྟེན་བཞེངས་པ་དང་། ད་ལྟ་མཆོད་རྟེན་རིགས་དེ་གཉིས་ཀ་ནོར་གླིང་དུ་ཉར་ཚགས་བྱས་ཡོད་ལ། དེའི་ནང་རིང་བསྲེལ་མཆོད་རྟེན་ནི་ཆེས་རྩ་ཆེན་དུ་གྱུར་ཡོད་ལ་ཁྱོན་བསྡོམས་བརྒྱད་བཞུགས་ཡོད། རིང་བསྲེལ་མཆོད་རྟེན་དེ་བརྒྱད་པོ་བཟོ་བཀོད་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་དང་། ཆ་སྙོམས་མཐོ་ཚད་ལི་སྨི20ཡོད། མཆོད་རྟེན་སོ་སོའི་མཐའ་སྐོར་ལ་བོད་ཡིག་སྐོར་བ་གཅིག་བྲིས་ནས་མཆོད་གཤོམ་བརྒྱད་སོ་སོའི་ནང་བཞུགས་པའི་རྒྱ་གར་དང་བོད་ཀྱི་བླ་མ་སྐྱེས་ཆེན་གྱི་དབུ་རུས་རིང་བསྲེལ་དང་། སྐུ་རུས་རིང་བསྲེལ་གྱི་སྐོར་ངོ་སྤྲོད་ཞུས་ཡོད་པ་དང་། དེ་དག་ནི་སྔ་དུས་རྒྱ་གར་དང་བོད་ཀྱི་འབྲེལ་བ་དང་ཕན་ཚུན་བར་གྱི་རིག་གནས་སྤེལ་རེས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཤིན་ཏུ་ཆེ་བའི་དཔང་རྟགས་ཡིན། སྐུ་འདྲ་དང་མཆོད་རྟེན་ཕུད།

4 སྐུ་ཐང་།

སྐུ་ཐང་ནི་ནོར་གླིང་དུ་ཉར་ཚགས་བྱས་པའི་གཅེས་ནོར་གལ་ཆེན་གཞན་ཞིག་ཡིན། ནོར་གླིང་ནང་དུས་རབས18ནས20བར་གྱི་མེན་ཐང་དང་། མཁྱེན་བརྩེ། ཀརྨ་ཀ་ཁྲི་བཅས་ཀྱི་སྐུ་ཐང་འབོར་ཆེན་ཉར་ཚགས་བྱས་ཡོད། སྔ་དུས་ཀྱི་སྐུ་ཐང་གྲགས་ཅན་ནང་ཇོ་འབྲོམ་ཡབ་སྲས་དང་། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། ནཱ་རོ་པ་སོགས་ཡོད་པ་དང་། དེའི་ནང་ཇོ་འབྲོམ་ཡབ་སྲས་ཀྱི་སྐུ་ཐང་གི་ནང་དོན་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་པར་ཆོས་གསུངས་པའི་སྐོར་ཡིན་ལ་སྐུ་ཐང་དེའི་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དབུ་ཐོག་ཏུ་པཎ་ཞྭ་གྱོན་པ་དང་། སྐུ་ལུས་ལ་གཟན་བསྣམས་པ། ཕྱག་གཉིས་ཆོས་གསུངས་ཀྱི་ཕྱག་རྒྱ་བྱས་ཏེ་སྐུ་འགྲམ་དུ་བཞུགས་པའི་འབྲོམ་སྟོན་པ་ལ་ཆོས་གསུངས་བཞིན་ཡོད། འབྲོམ་སྟོན་པས་བོད་ལུགས་ཀྱི་ཕྱུ་པ་གྱོན་པ་དང་། རྡོ་རྗེ་སྐྱིལ་གྲུང་གིས་བཞུགས་ནས་ཇོ་བོ་རྗེའི་བཀའ་སློབ་ལ་ཉན་བཞིན་ཡོད། སྐུ་ཐང་གི་སྟོད་སྨད་གཉིས་སུ་དེ་བཞིན་གཤེགས་པ་དང་། སྨན་བླ། སྤྱན་རས་གཟིགས། སྒྲོལ་མ་སོགས་དང་སྦྱིན་བདག་སོ་སོའི་སྐུ་བརྙན་བྲིས་ཡོད། སྐུ་ཐང་དེ་ཉིད་ཀྱི་མི་སྣའི་གཟུགས་བརྙན་ལ་གསོན་ཉམས་ལྡན་པ་དང་། རྒྱབ་རིས་ལ་མཚལ་དམར་བྱུག་པ། གཟུགས་བརྙན་གྱི་སྐྱ་རིས་རྣམས་གསེར་ཐིག་གིས་བྲིས་ཡོད་ལ་དུས་རབས13པར་བྲིས་པའི་སྐུ་ཐང་དམར་པོ་དེ་འདྲ་བ་ད་ལྟ་ཤིན་ཏུ་མཐོང་དཀོན་པོ་ཡོད། གཞན་ཡང་ཉར་ཚགས་མང་བའི་ཀརྨ་ཀ་ཁྲིའི་སྐུ་ཐང་ནང་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ84 ཡི་སྐུ་ཐང་དེ་ཤིན་ཏུ་ཐུན་མོང་མ་ཡིན་པ་ཞིག་ཡིན། སྐུ་ཐང་དེ་དག་གི་རི་མོ་ནི་སྐུ་ཐང་གཞན་དང་མི་འདྲ་བར་རི་མོའི་མཚོན་བྱ་བཀོད་སྒྲིག་ཤིན་ཏུ་སྟབས་བདེ་བ་དང་ཚོན་གཞི་སྤམ་ཞིང་ཁམས་དྭངས་པོ་ཡོད། མི་སྣའི་གཟུགས་བརྙན་སྒྲོ་འདོགས་ཆེ་ལ་ཐུན་མིན་དང་བསྟན་བཤིག་ཚ་པོའི་གྲུབ་ཐོབ་ཆེན་པོའི་གཟུགས་བརྙན་མི་འདྲ་བ་རེ་རེ་མངོན་ཡོད། རྒྱུན་ལྡན་མ་ཡིན་པའི་རི་མོ་འབྲི་སྲོལ་ཀྱིས་བྲིས་པའི་སྐུ་ཐང་དེ་འདྲ་གཞན་དུ་མཐོང་དཀོན་པ་ཡིན།

5 སྨན་ཐང་།

ད་དུང་སྐུ་ཐང་རྣམ་པའི་རྒྱུད་བཞི་མུ་འབྲེལ་བཤམ་ཐང་ཞིག་ཡོད་པ་དེ་ཡང་ནོར་གླིང་དུ་ཉར་ཚགས་ཅུང་ཆ་ཚང་པོ་བྱུང་ཡོད། མུ་འབྲེལ་བཤམ་ཐང་དེ་འདྲ་བ་བོད་སྐད་དུ་སྨན་ཐང་དུ་འབོད་ལ། དེ་ནི་ཚོན་ལྡན་མུ་འབྲེལ་རི་མོའི་རྣམ་པའི་ཐོག་ནས་བོད་ལུགས་གསོ་བ་རིག་པའི་རྨང་གཞིའི་རིག་གཞུང་དང་། མི་ལུས་བཤགས་དཔྱད་གྲུབ་ཚུལ། ལུས་ཁམས་ཀྱི་ནུས་པ། ནད་བརྟག་ནད་བཅོས་བྱ་ཐབས། སྨན་རྫས་ཀྱི་རིགས་སྣ་ཚོགས། མིའི་རིགས་ཀྱིས་ལུས་ཟུངས་གསོ་ཐབས། བཟའ་བཏུང་སྡེབ་སྒྲིག་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་ཡོད་པ་དང་། སྨན་ཐང་དེ་ཆིང་རྒྱལ་རབས་སྐབས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ཆོས་སྲིད་ཀྱི་དབང་འཛིན་པའི་དུས་སུ་ལེགས་གྲུབ་བྱུང་བ་དང་། དང་ཐོག་སྐུ་ཐང79ཡོད་པ་དང་། སྤྱོ་ལི1916ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་ཀྱི་སྨན་པ་ གྲགས་ཅན་རིམ་བྱོན་གྱི་སྐུ་ཐང་ཞེས་པ་གཅིག་གསར་སྣོན་བྱེད་དགོས་པའི་བཀའ་བཏང་ བས་ད་ལྟ་བསྡོམས་པས80ཡོད་ལ། མུ་འབྲེལ་བཤམ་ཐང་དེ་ཉིད་ཚད་ལྡན་གྱི་མ་ཡིག་ཞིག་ཏུ་བརྩིས་ནས་ནོར་གླིང་དུ་ཉར་ཚགས་ཆ་ཚང་པོ་གནང་ཡོད།

6 བོད་རྒྱ་རིག་དངོས།

ནོར་གླིང་གི་གནས་བབ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྐྱེན་གྱིས་བོད་རང་ནས་བཟོ་སྐྲུན་བྱས་པའི་རིག་དངོས་ཉར་ཚགས་བྱས་པ་ཕུད། གཞན་ཡང་མིང་རྒྱལ་རབས་དང་། ཆིང་རྒྱལ་རབས་སྲིད་གཞུང་དང་གོང་མས་བོད་ས་གནས་སྲིད་གཞུང་གི་གོང་རིམ་ལ་གནང་བའི་དངོས་རྫས་མང་པོ་ཉར་ཚགས་བྱས་ཡོད། དཔེར་ན་མིང་རྒྱལ་རབས་ཀྱི་ཡུང་ལི་ཁྲི་ལོའི་དུས་སུ་རྒྱལ་པའོ་ཕོ་བྲང་ནས་བཞེངས་པའི་རྡོ་རྗེ་འཆང་གི་གསེར་ཟངས་ལྷ་་སྐུ་དང་། ཞོན་ཏི་ཁྲི་ལོའི་དུས་སུ་འཚེམ་དྲུབ་བྱུང་བའི་བྱམས་ཆེན་ཆོས་རྗེ་འཐག་དྲུབ་མའི་སྐུ་ཐང་དང་། རིགས་མི་འདྲ་བའི་དཀར་ཆས་བཅས་ཚང་མ་ནི་ཧ་ཅང་དཀོན་ཞིང་རྩ་ཆེ་བའི་གཅེས་ནོར་ཡིན་ལ་འདི་གར་དེའི་ཁྲོད་ཀྱི་རེ་གཉིས་བཏོན་ནས་ངོ་སྤྲོད་ཞུ་རྒྱུ།

མིང་རྒྱལ་རབས་ཧུང་ཝུའུ་ཁྲི་ལོའི་དུས་སུ(སྤྱི་ལོ1386ནས་སྤྱི་ལོ1398ལོའི་བར)སྤྲད་གནང་བའི་ཡུ་ལི་ཧུང(རྩི་དམར)ཤིང་པད་མའི་ཁྲ་རིས་ཅན་གྱི་བུམ་པ། བུམ་པ་དེ་ནི་བཟོ་དབྱིབས་བབ་ཆགས་ཤིང་ལྟ་ན་སྡུག་ལ་བཟོ་བཀོད་ཞིབ་ཚགས་ཤིང་ཤིན་ཏུ་མཐོང་དཀོན་པའི་དཀར་ཆས་ཞིག་ཡིན། ཡུ་ལི་ཧུང(རྩི་དམར)དཀར་ཆས་ནི་བསྲེག་བཟོ་བྱེད་དཀའ་ལ་ལེགས་གྲུབ་བྱེད་ཚད་ཤིན་ ཏུ་དམའ་པོ་ཡོད། མིག་སྔར་ནང་སར་དུའང་དཀར་ཆས་དེ་རིགས་ཉར་ཚགས་བྱེད་ཚད་ཤིན་ཏུ་དམའ་བས་བོད་ལྗོངས་སུ་དཀར་ཆས་དེ་ཉར་ཚགས་ལེགས་པོ་ལོ་ངོ600ལྷག་ཙམ་བྱུང་བ་དེ་ལས་སླ་པོ་ཞིག་ གཏན་ནས་མ་ཡིན།

མིང་རྒྱལ་རབས་ཞོན་ཏི་ཁྲི་ལོའི་དུས(སྤྱི་ལོ1426ལོ་ནས་སྤྱི་ལོ1435ལོའི་བར)སུ་གནང་བའི་ཆིང་ཧྭ(མེ་ཏོག་སྔོན་པོའི)པད་འདབ་ཀྱིས་རྒྱན་པའི་གྲྭ་ཞྭའི་དབྱིབས་ཀྱི་བུམ་པ། བུམ་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དབུ་ཞྭར་ལད་ཟློས་བྱས་ནས་བཟོས་པ་ཡིན་པས་གྲྭ་ཞྭའི་དབྱིབས་ཀྱི་བུམ་པ་ཡང་ཟེར། བུམ་པ་ཧྲིལ་པོ་མེ་ཏོག་སྔོན་པོའི་ཁྲ་རིས་ཀྱིས་བརྒྱན་ལ་ལྟོ་བར་ཉིན་མོ་བཀྲ་ཤིས། མཚན་མོ་བཀྲ་ཤིས། ཉིན་དགུང་བཀྲ་ཤིས། ཉིན་མཚན་བཀྲ་ཤིས། དཀོན་མཆོག་གསུམ་པོ་བཀྲ་ཤིས་ཞེས་འཁོད་པའི་བོད་ཡིག་སྐོར་བ་གཅིག་བྲིས་ཡོད་ཀྱང་། བོད་ཡིག་ཡིག་འབྲུ་དེ་དག་ནང་ཡིག་ནོར་དང་གཅོད་མཚམས་ནོར་བའི་གནས་ཚུལ་ཐོན་ཡོད་པས་དེ་ནི་བོད་ཡིག་མི་ཤེས་པའི་རྒྱ་རིགས་ལས་ཤེས་མི་སྣས་བོད་ཡིག་ལ་ལད་ཟློས་བྱས་ནས་བྲིས་པ་ཤེས་ཐུབ། བུམ་པའི་ཞབས་ངོས་ལ་རྩྭ་རྩི་ཤིང་གི་ལོ་མས་བརྒྱན་ལ། བུམ་པའི་མཐིལ་ཀྱི་མེ་ཏོག་སྔོན་པོའི་བསྐོར་ཐིག་གཉིས་ཀྱི་ནང་མིང་རྒྱལ་རབས་ཆེན་མོ་ཤོན་བདེ་ཁྲི་ལོར་བསྲེག་ཅེས་པའི་རྒྱ་ཡིག་ཡིག་འབྲུ་དྲུག་བཀོད་ཡོད། ཤོན་བདེ་ཁྲི་ལོའི་སྐབས་བསྲེག་བཟོ་བྱས་པའི་ཆིང་ཧྭ་དཀར་ཆས་ནི་བཀོད་མཛེས་ཡིད་འོང་གི་བཟོ་དབྱིབས་དང་། ཚོན་མདངས་བཀྲ་བའི་རྩི་མདོག ཕུན་སུམ་ཚོགས་པའི་ཁྲ་རིས་བཅས་ཀྱིས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་ཡོད། ཤོན་བདེ་ཁྲི་ལོའི་སྐབས་སུ་བོད་དང་ནང་ས་བར་འབྲེལ་བ་དམ་ཟབ་ཡིན་པས་ཆིང་ཧྭ་དཀར་ཆས་འབོར་ཆེན་ཞིག་གོང་མའི་འབུལ་རྟེན་གྱི་ཆ་ནས་བོད་དུ་དར་ཁྱབ་བྱུང་ཡོད། བོད་ཀྱི་གོང་རིམ་གྱིས་དཀར་ཆས་དེ་དག་སྐྱོན་ཆག་མེད་པར་ཉར་ཚགས་ལེགས་པོ་ཐུབ་ཆེད་ལྕགས་རིགས་དང་པགས་པ་སོགས་ཀྱིས་དཀར་ཆས་ཉར་ཚགས་བྱེད་སའི་ཁུག་མ་བཟོས་ཡོད། དཀར་ཆས་བུམ་པ་དེ་ཉིད་བཟོ་དབྱིབས་དང་ཁྲ་རིས་ཀྱི་ཆ་ནས་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པས་གོང་མས་ཅིང་བདེ་གྲོང་རྡལ་གྱི་གཞུང་ཕྱོགས་ཀྱི་དཀར་ཆས་བསྲེག་ཁང་ནས་ཆེད་མངག་བོད་ཀྱི་གོང་རིམ་ལ་བསྲེག་བཟོ་བྱེད་དུ་བཅུག་པ་ཞིག་ཡིན་པ་སྨྲ་མི་དགོས་པ་ཞིག་རེད།

ཆིང་རྒྱལ་རབས་ཀྱི་སྐབས་སུ་བོད་ལ་གནང་བའི་འབུལ་རྟེན་དེ་བས་མང་བ་ཡོད་ལ། ལྷ་སྐུ་དང་། མཆོད་རྫས། དཀར་ཆས་བཅས་ཕུད་ད་དུང་རྩེད་སྤྱད་རྩ་ཆེན་དང་སྒྲིག་གཤོམ་མང་པོ་ཡོད། དཔེར་ན་ཆན་ལུང་སྐབས་སུ་བསྲེག་བཟོ་བྱས་པའི་རིགས་རྒྱུད་འཕེལ་བ་དང་ཚེ་རིང་མཚོན་པའི་གཡུ་རྩིའི་ཀ་བེད་བུམ་པ་དང་། གྲུབ་ཐོག་བརྒྱད་ཀྱིས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཁྲ་རིས་ཅན་གྱི་བུམ་པ། བརྟན་ལྷིང་བཀྲ་ཤིས་མཚོན་པའི་གཡུ་རྩིའི་སྤོས་ཕོར་རྐང་གསུམ་ཅན་བཅས་ཚང་མ་ནི་བཟོ་རྩལ་ཕུལ་དུ་བྱུང་བའི་གོང་མའི་སྤྱོད་ཆས་ཡིན། ད་དུང་ཙན་དན་དམར་པོའི་ཐོག་གཡུ་ཡིས་རྒྱན་པའི་ཡིད་བཞིན་ནོར་བུ་དང་། རྫུལ་དང་མ་ན་ཧོའོ་སྣ་རུ། བྱུར་རྫས་བརྐོས་མའི་ཤིང་ཏོག་བླུག་སྒམ་བཅས་ནི་གོང་མ་ཚང་དང་སྐུ་དྲག་ལ་མ་གཏོགས་མེད་པའི་སྒྲིག་གཤོམ་དང་རྩེད་ཆས་རྩ་ཆེན་ཡིན་ཞིང་གོང་མས་བོད་ཀྱི་གོང་ རིམ་ལ་སྤྲད་པའི་འབུལ་རྟེན་ཡང་ཡིན།

རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་སྤྱི་ལོ1849ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་ཕོ་བྲང་གསར་རྒྱག་བྱས་པ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་བ་དང་། ལྷ་མོ་འཁྲབ་སྟོན་ལ་གཟིགས་ནས་ནོར་གླིང་དུ་ཞོ་སྟོན་གཏོང་བའི་སྲོལ་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-16

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།