སུན་ཀྲུང་ཧྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུན་ཀྲུང་ཧྲན།
སུན་ཀྲུང་ཧྲན། མཚན་གཞན་ལ་ཀྲུང་ཧྲན་ཡང་ཟེར་ཞིང་། དབྱིན་ཡིག་གི་མཚན་ལ Sun Yat-Sen ཟེར། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་ཞང་ཧྲན་རྫོང་གི་མི་ཡིན། སྲིད་ཏང་ནི་ཀྲུང་གོའི་གོ་མིན་ཏང་ཡིན་ཞིང་། ཀྲུང་གོའི་ཆབ་སྲིད་པ་དང་། སྨན་པ་འབུམ་རམས་པ། གསར་བརྗེ་པ། ཀྲུང་ཧྭ་མི་རིགས་རིང་ལུགས་པ་བཅས་ཡིན། ཀྲུང་གོའི་གོ་མིན་ཏང་གི་ཙུང་ལི་དང་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་སྐབས་འཕྲལ་ཙུང་ཐུང་ཆེན་མོ་སོགས་ཀྱི་ཕྱག་འགན་བཞེས་མྱོང་། མི་སེར་དོན་གསུམ་རིང་ལུགས་དགོངས་པའི་གསར་སྐྲུན་མཁན་ཡང་ཡིན། སྤྱི་ལོ1940ལོར་གོ་མིན་སྲིད་གཞུང་གིས་རྒྱལ་ཡོངས་ལ་ཁོང་ཉིད་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་ཡབ་ཆེན་གྱི་མཚན་སྙན་གཟེངས་སུ་བསྔགས་ནས་ཁྱབ་བསྒྲགས་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孙中山
ཕྱི་ཡིག་གི་མིང་།
Sun Yat-Sen
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1866.11.1-1924.3.12)
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
ལས་རིགས།
གསར་བརྗེ་པ།
དད་མོས།
ཡེ་ཤུའི་ཆོས་ལུགས།
བརྩམས་ཆོས།
《མི་སེར་དོན་གསུམ་རིང་ལུགས》དང། 《སུན་ཝུན་གཞུང་ལུགས》 《ཐོག་མའི་དམངས་དབང》
བྱས་རྗེས་གཙོ་བོ།
ཀྲུང་གོའི་མནའ་འབྲེལ་ཚོགས་པ་དང་ཀྲུང་ཧྭ་གསར་བརྗེ་ཏང་བཙུགས་པ། ཧོང་ཕུའུ་དམག་དོན་སློབ་གྲྭ་དང་ཀྲུང་ཧྲན་སློབ་ཆེན་བཙུགས་པ།
1 མི་སྣ།

སུན་ཀྲུང་ཧྲན།  ཀོང་ཏུང་ཞིང་ཆེན་ཞང་ཧྲན་རྫོང་གི་མི་ཡིན།    དགུང་ལོ14ཐོག་ཞང་ཧྲན་རི་བོ་ནས་སློབ་སྦྱོང་བྱས། སྤྱི་ལོ1881ལོར་སློབ་གྲྭ་ལས་མཐར་ཕྱིན།  ཨོའུ་མེ་རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་།  དཔལ་འབྱོར།  ཞིང་ལས།  ཡང་ན་གནམ་རྩིས་ས་གཤིས་ཤེས་བྱ་སོགས་ལ་ཡང་ཧ་ཅང་བྱང་ཆུབ་པས། ཀུན་གྱིས་གནམ་འོག་མཁྱེན་པ་ཞེས་བསྟོད་བསྔགས་བྱེད་བཞིན་འདུག སྤྱི་ལོ1894ལོའི་ཟླ6པར་སུན་ཀྲུང་ཧྲན་ཐེན་ཅིན་ཏུ་ཕེབས་ནས་ལི་ཧོང་ཀྲང་ལ་ཕྱག་ཡིག་ཕུལ་ཏེ།  སྲིད་དོན་བཅོས་སྒྱུར་བྱེད་དགོས་པའི་དགོངས་འཆར་ཞུས་ཀྱང་ཁ་ཡ་མ་བྱས།  ཕྱིས་སུ་ཐན་ཞང་རི་བོ་སོགས་ལ་ཕྱག་ཕེབས་པ་དང་ལོ་ངོ་བཅུ་དྲུག་རིང་ལ་ཕྱི་རྒྱལ་དུ་འཁྱམ་ནས་ཕྱི་སྡོད་རང་མིའི་ནང་དུ་གསར་བརྗེ་དྲིལ་བསྒྲགས་བྱས་ཤིང་རྩ་འཛུགས་བྱས།

སྤྱི་ལོ1904ལོའི་ཟླ8པར་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་སྲིད་ཏང་དང་པོ་སྟེ།     ཀྲུང་གོའི་མནའ་འབྲེལ་ཚོགས་པ་ཏུང་ཅིན་ནས་བཙུགས་ཤིང་།   སུན་ཀྲུང་ཧྲན་ཙུང་ལིས་ལ་བསྐོ་འཇོག་བྱས།  མནའ་འབྲེལ་ཚོགས་པའི་དམངས་གཙོའི་ཚགས་པར་སྟེང་དུ་སུན་ཀྲུང་ཧྲན་གྱིས་ཕྱག་ཡིག་སྤེལ་ནས་མི་རིགས་དང་།  དམངས་དབང་།  དམངས་ཀྱི་འཚོ་བ་སོགས་དམངས་གསུམ་རིང་ལུགས་ཏེ།   དམངས་གསུམ་རིང་ལུགས་ཀྱི་ཆབ་སྲིད་རྩ་འཛིན་ཐེངས་དང་པོ་གཏན་འབེབས་བྱས།

སུན་ཀྲུང་ཧྲན་གཙོ་བོར་མཛད་པའི་གསར་བརྗེའི་ཏང་མིས་ཧུར་ཐག་གིས་དྲག་ཆས་འོས་ལངས་སྐུལ་སློང་བྱས་ནས།  སུན་ཀྲུང་ཧྲན་གྱིས་ཐད་ཀར་འོས་ལངས་ལ་འགོ་ཁྲིད་གནང་པའི་འོས་ལངས་ནི་སྤྱི་ལོ1907ལོའི་ཟླ5པའི་ཧོང་ཀང་འོས་ལངས་དང་།     ཟླ10པའི་ཀྲེན་ནན་ཀོན་འོས་ལངས།   སྤྱི་ལོ1910ལོའི་ཟླ2པའི་ཀོང་ཀྲོའུ་དམག་གསར་འོས་ལངས་སོགས་དང་། སྤྱི་ལོ1900ལོར་སུན་ཀྲུང་ཧྲན་གྱིས་ལྕགས་ཕག་ལོའི་གསར་བརྗེའི་སྔོན་གྱི་འོས་ལངས་ཐེངས་བཅུར་འགོ་ཁྲིད་གནང་བ་རེད། འོས་ལངས་འདི་དག་ལ་ཕམ་ཁ་བྱུང་ནའང་ཀྲུང་གོའི་མི་དམངས་གཉིད་ལས་སད་པར་བྱས་ཏེ།  ཆིན་རྒྱལ་རབས་ཕམ་ནས་འཆི་ཁའི་ཅོང་བརྡ་བཏང་བ་རེད།

སྤྱི་ལོ1911ལོའི་ཟླ10པའི་ཚེས10ཉིན་ལ་ཝུའུ་ཁྲང་འོས་ལངས་སླངས་པས།  སུན་ཀྲུང་ཧྲན་གྱིས་ཨ་རུ་ནས་ཐོས་མ་ཐག་ཏུ་ཨོའུ་མེ་རྒྱལ་ཁབ་སོ་སོར་ཕྱི་འབྲེལ་བྱ་འགུལ་སྤེལ་ནས།  རྒྱལ་ཁབ་སོ་སོས་རྒྱབ་རོགས་བྱེད་པ་བརྩོན་ལེན་བྱས་པ་མ་ཟད། ལོ་དེའི་ཟླ12ཚེས24ཉིན་ལ་ཧྲང་ཧེར་ཕེབས་ཤིང་།  ཟླ12ཚེས29ཉིན་ལ་ནན་ཅིང་ནས་ཞིང་ཆེན་བཅུ་བདུན་གྱི་འཐུས་མི་ཚོགས་འདུ་འཚོགས་ཏེ། སུན་ཀྲུང་ཧྲན་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་སྐབས་འཕྲལ་ཙུང་ཐུང་ཆེན་མོར་བསྐོ་བཞག་བྱས།

སྤྱི་ལོ1914ལོར་ཏུང་ཅིན་ནས་ཀྲུང་ཧྭ་གསར་བརྗེ་ཏང་བཙུགས་ནས། སུན་ཀྲུང་ཧྲན་ཙུང་ལི་ལ་བསྐོ་བཞག་བྱས། སྤྱི་ལོ1914ལོའི་ཟླ10པའི་ཚེས24ཉིན་ལ་སུན་ཀྲུང་ཧྲན་དང་སུན་ཆིན་ལིན་གཉིས་འཇར་པན་ཏུང་ཅིན་ནས་གཉེན་སྒྲིག་བྱས།

སྤྱི་ལོ1917ལོའི་ཟླ9པའི་ཚེས1ཉིན་ལ་སུན་ཀྲུང་ཧྲན་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོར་བསྐོ་བཞག་བྱས།  སྤྱི་ལོ1918ལོའི་ཟླ5པའི་ཚེས4ཉིན་ལ་སུན་ཀྲུང་ཧྲན་གྱིས་དམིགས་བསལ་རྒྱལ་ཚོགས་ལ་ལས་ཁྱུར་དགོངས་ཞུ་བྱས་ནས་ཧྲང་ཧེར་ཕེབས།  དེར《སུན་ཝུན་གཞུང་ལུགས》དང་། 《རྒྱལ་ཁབ་འཛུགས་པའི་ཐབས་ཤེས》 《རྒྱལ་ཁབ་འཛུགས་པའི་རྩ་འཛིན》སོགས་གསུང་རྩོམ་ལེགས་གྲུབ་བྱུང་། སྤྱི་ལོ1919ལོའི་ཟླ10པར་སུན་ཀྲུང་ཧྲན་གྱིས་ཀྲུང་ཧྭ་གསར་བརྗེ་ཏང་དེ་ཀྲུང་གོའི་གོ་མིན་ཏང་ལ་བསྒྱུར། སྤྱི་ལོ1921ལོའི་ཟླ5པར་སུན་ཀྲུང་ཧྲན་གྱིས་ཀོང་ཀྲོའུ་ནས་དམིགས་བསལ་ཙུང་ཐུང་ཆེན་མོའི་ཕྱག་འགན་བཞེས་ནས་སྲིད་གཞུང་དངོས་སུ་བཙུགས། ཕྱིས་སུ་སུན་ཀྲུང་ཧྲན་གྱིས་ཀྲུང་གོའི་གུང་ཁྲན་ཏང་དང་སུའུ་ཨོའུ་ཡི་རྒྱབ་རོགས་དང་ལེན་བྱས་ཏེ།  ཨོའུ་འབྲེལ་དང་།  གུང་འབྲེལ། བཟོ་ཞིང་ལ་རོགས་རམ་བྱེད་པའི་སྲིད་ཇུས་ཆེན་པོ་གསུམ་འདོན་སྤེལ་བྱས་པ་དང་།  སྤྱི་ལོ1924ལོའི་ཟླ1པོར་སུན་ཀྲུང་ཧྲན་གྱིས་ཀོང་ཀྲོའུ་ནས་ཀྲུང་གོའི་གོ་མིན་ཏང་གི་རྒྱལ་ཡོངས་འཐུས་མི་ཆོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། ཏང་གི་རྩ་འཛིན་དང་།  སྒྲིག་ཡིག་གྲོས་མཐུན་བྱུང་བ་མ་ཟད།   དམངས་གསུམ་རིང་ལུགས་ལ་ཡང་བསྐྱར་གསལ་བཤད་བྱས།  དུས་མཚུངས་སུ་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་གསར་བརྗེ་དྲག་ཆས་ལས་བྱེད་པ་ཟབ་སྦྱོང་བྱས་པ་དང་བཅས་སོ།།

2 གསར་བརྗེའི་འཚོ་བའི་ལམ་བུ།

སྤྱི་ལོ1894ལོའི་ཟླ2པའི་ཚེས21ཉིན་ལ་ཀྲུང་ཧྭ་དར་རྒྱས་ཚོགས་པའི་སྤྱི་ཁྱབ་ཚོགས་པ་ཞང་ཀང་ནས་བཙུགས་ཤིང་།  སུན་ཀྲུང་ཧྲན་གྱིས་དྲུང་ཡིག་གི་འགན་ཁུར། ལོ་དེའི་ཟླ་བ11པར་སུན་ཀྲུང་ཧྲན་དོན་རྐྱེན་ཁ་ཤས་ཀྱི་དབང་གིས་འཇར་པན་དུ་བྲོས། སྤྱི་ལོ1896ལོར་བཟའ་ཟླ་དང་བྱིས་པ་ཁྲིད་ནས་ཞཱ་ཝའེ་དབྱི་ལ་སླེབས་ཤིང་། ཡང་བསྐྱར་ཨ་རུར་བསྐྱོད་ནས་ཨ་རུ་ཡུལ་སྐོར་བྱེད་པའི་ཕྱིར་སྡོད་རང་མིའི་ཁྲོད་དུ་ཀྲུང་ཧྭ་དར་རྒྱས་ཚོགས་པར་རྒྱབ་རོགས་གྲོན་དངུལ་བསྡུས།

སྤྱི་ལོ1900ལོར་རྒྱལ་ཁབ་བརྒྱད་ཀྱི་མནའ་འབྲེལ་དམག་དཔུང་སླེབས་པས། སུན་ཀྲུང་ཧྲན་གྱིས་ཀོང་ཀྲོའུ་དང་ཀང་ཏུང་ཞིང་ཆེན་གཉིས་ཀྱི་སྤྱི་ཁྱབ་ལྟ་ཞིབ་མཁན་ལི་ཧོང་ཀྲང་ལ་ལྷོ་ཕྱོགས་ཀྱི་ཞིང་ཆེན་འགའ་སྒེར་ཚུགས་བྱེད་དགོས་པའི་རེ་བ་བཏོན་ཀྱང་སྟོང་ཟད་དུ་གྱུར།

སྤྱི་ལོ1903ལོར།  སུན་ཀྲུང་ཧྲན་གྱིས་འཇར་པན་ནས་གསར་བརྗེ་དམག་དོན་སློབ་གྲྭ་བཙུགས་པ་ནས་བཟུང་སྟེ། ཡང་བསྐྱར་ཀླ་ཀློ་ཕར་བསྐྲོད་དང་། ཀྲུང་ཧྭ་སླར་གསོ།  མིན་གོ་གསར་འཛུགས།  ས་དབང་ཆ་སྙོམས་བཅས་བྱེད་པ་ནི་གསར་བརྗེའི་དམ་བཅའི་ཤིས་ཚིག་ཏུ་གྱུར།

སྤྱི་ལོ1904-1909 ལོའི་བར་དུ་སུན་ཀྲུང་ཧྲན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཕེབས་ནས་གསར་བརྗེའི་བྱ་འགུལ་སྤེལ།  སྡོམ་རྩིས་བྱས་པ་ལྟར་ན་སྤྱི་ལོ1894- 1899ལོའི་བར་དུ་གསར་བརྗེའི་འོས་ལངས་དོན་རྐྱེན་ཐེངས29བྱས།

སྤྱི་ལོ1911ལོའི་ཟླ12པའི་ཚེས20ཉིན་ལ་སུན་ཀྲུང་ཧྲན་ཧྲང་ཧེར་ཕེབས་ནས། ཚེས28ཉིན་ལ་ཀྲུང་ཧྭ་མིན་གོའི་སྐབས་འཕྲལ་ཙུང་ཐུང་ཆེན་མོར་བསྐོ་བཞག་བྱས་ཤིང་། སྤྱི་ལོ1912ཟླ1པའི་ཚེས21ཉིན་ལ་སུན་ཀྲུང་ཧྲན་ནན་ཅིང་དུ་ཕེབས་ནས་ལས་འགན་དང་ལེན་བྱས་པའི་དམ་བཅའ་བཞག་ཅིང་། ཀྲུང་ཧྭ་མིན་གོ་སྲིད་གཞུང་དངོས་སུ་བཙུགས་པ་དང་། རྩ་ཁྲིམས་རང་བཞིན་ལྡན་པའི《 ཀྲུང་ཧྭ་མིན་གོའི་སྐབས་འཕྲལ་སྡོམ་ཁྲིམས》ཁྱབ་བསྒྲགས་བྱས།  ཁྲིམས་འཛུགས་ཕྱོགས་ཁག་དང་ངན་ཤུགས་རྙིང་བས་ཡོན་ཧྲི་ཁེར་རྒྱབ་རོགས་བྱས་པའི་དབང་གིས་སྤྱི་ལོ1912ལོའི་ཟླ2པའི་ཚེས12ཉིན་སྐབས་འཕྲལ་ཙུང་ཐུང་ཆེན་མོའི་གོ་གནས་དེ་ཡོན་ཧྲི་ཁེ་ལ་སྤྲད་ནས་རང་གི་ལས་ཚབ་བྱས།   ཟླ3པའི་ཚེས8ཉིན་ལ་ཡོན་ཧྲི་ཁེས་པེ་ཅིན་ནས་ལས་འགན་དང་ལེན་བྱས་པའི་དམ་བཅའ་བཞག་ཅིང་། ཟླ4པའི་ཚེས1ཉིན་ལ་སུན་ཀྲུང་ཧྲན་ལ་ནན་ཅིང་ནས་དངོས་སུ་ལས་གནས་མེད་པར་བྱས།

སྤྱི་ལོ1915ལོའི་ཟླ12པར། ཡོན་ཧྲི་ཁེས་རྒྱལ་ཡོངས་མི་དམངས་ཀྱིས་ངོ་རྒོལ་བྱས་པར་མ་འཛེམས་པར་མངོན་སུམ་དུ་གོང་མའི་མཚན་དེ་སླར་གསོ་བྱས། ཡོན་ཧྲི་ཁེ་ཚེ་ལས་འདས་རྗེས་སུ་ཀྲུང་གོ་སྔར་བཞིན་རྙོག་འཛིང་གི་གནས་སུ་ལྷུང་ཡོད་པས། སྤྱི་ལོ1919ལོར་སུན་ཀྲུང་ཧྲན་སླར་ཡང་ཙུང་ཐུང་ཆེན་མོར་འདེམས།  ཀྲུང་གོའི་གུང་ཁྲན་ཏང་དང་སུའུ་ཨོའུ་ཡི་རྒྱབ་རོགས་དང་ལེན་བྱས་ཏེ།  ཨོའུ་འབྲེལ་དང་། གུང་འབྲེལ། བཟོ་ཞིང་ལ་རོགས་རམ་བྱེད་པའི་སྲིད་ཇུས་ཆེན་པོ་གསུམ་འདོན་སྤེལ་བྱས། སྤྱི་ལོ1924ལོའི་ཟླ3པར་སུན་ཀྲུང་ཧྲན་གྱིས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས།  ཅང་ཅེ་ཧྲི་སློབ་གཙོར་བསྐོ་བཞག་བྱས།

3 གདེང་འཇོག

མའོ་ཙེ་ཏུང་གིས《སྐུ་ཞབས་སུན་ཀྲུང་ཧྲན་ལ་རྗེས་དྲན་བྱེད་པ》ཞེས་པའི་རྩོམ་ཡིག་ནང་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་མི་ཚེ་གང་པོར་གདེང་འཇོག་མཐོན་པོ་གནང་ནས།  སུན་ཀྲུང་ཧྲན་ནི་ཀྲུང་གོའི་གསར་བརྗེ་དམངས་གཙོའི་ཁག་གི་དར་ཆ་ཞིག་ཡིན་ཞེས་གསུངས་ཡོད། ཁོང་གིས་ལྕགས་ཕག་ལོའི་གསར་བརྗེ་སྐབས་སུ་མི་དམངས་ལ་འགོ་ཁྲིད་མཛད་ནས་བཀོས་བཀོད་གོང་མའི་ལམ་ལུགས་རྩ་རྫོགས་བྱས་ཤིང་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་ཕྱག་རྗེས་བླ་ན་མེད་པར་རྗེས་དྲན་བྱེད་པ་ནན་གྱིས་གསུངས་པ་དང་། ཁོང་གིས་དམངས་གསུམ་རིང་ལུགས་རྙིང་བ་དེ་དམངས་གསུམ་རིང་ལུགས་གསར་བར་གོང་འཕེལ་དུ་བཏང་པའི་ཕྱག་རྗེས་བླ་ན་མེད་པར་རྗེས་དྲན་བྱེད་པ་ནན་གྱིས་གསུངས་ཡོད།

སུན་ཀྲུང་ཧྲན་ནི་ཆེས་སྔ་མོར་གསར་བརྗེ་བྱས་ཏེ་མན་ཆིན་དབང་སྒྱུར་རྩ་རྫོགས་བྱས་ནས་མིན་གོ་སྲིད་གཞུང་བཙུགས་པའི་གསར་བརྗེ་པ་ཡིན། སུན་ཀྲུང་ཧྲན་གྱིས་སྐུ་ན་གཞོན་པའི་དུས་ནས་ནུབ་ཕྱོགས་སློབ་གསོ་དང་ལེན་བྱས་ཤིང་། ནུབ་ཕྱོགས་འཇིག་རྟེན་ལ་ངོས་ཟིན་ཅུང་ཙམ་ཟབ་མོ་འདུག་པ་དང་། ཕྱི་ཡིག་མ་ལུས་མཁྱེན་པ། གསོ་རིག་ཡོན་ཚད་ལྡན་པ། ཀྲུང་གོ་ཕྱི་ནང་ཀུན་ཏུ་མཚན་སྙན་གྲགས་ཆེ་བ། གནའ་ནས་ད་བར་དུ་ཕྱི་གླིང་བ་མང་ཤས་ཤིག་གིས་གསར་བརྗེ་གཙོ་འཛིན་དུ་སེམས་པ། ཀྲུང་གོའི་རྒྱལ་ནང་དུ་འང་གསར་བརྗེ་པ་མང་ཤས་ཤིག་གིས་བལྟས་ན་ཁོང་གི་སྙན་གྲགས་དང་ནུས་ཤུགས་གང་གི་ཐད་ནས་ཀྱང་གསར་བརྗེ་རྩ་འཛུགས་ཀྱི་འཐུས་ཚབ་མི་སྣར་གྱུར་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།