ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག

ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོ་ན་ཆུང་བྱིས་པའི་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་ན་ཆུང་བྱིས་པས་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་གནས་ཡིན་ལ། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲྭ་སྒྲིག་རུ་ཁག་ཡིན། སྤྱི་ལོ1949ལོའི་ཟླ10བའི་ཚེས13ཉིན་ནི་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གསར་འཛུགས་བྱས་པའི་ཉིན་མོ་ཡིན་པ་དང་སློབ་གྲྭ་སོ་སོའི་གདོང་ལེན་རུ་མི་གསར་བ་འདེམས་སྒྲུག་བྱེད་པའི་ཉིན་མོའང་ཡིན།
ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གསར་འཛུགས་བྱེད་མཁན་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན། ཀྲུང་གོ་གུང་ཁྲན་ཏང་ཨུ་ཡིས་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པར་མངགས་བཅོལ་བྱས་ནས་ཐད་ཀར་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་ལ་དབུ་ཁྲིད་མཛད་པ་ཡིན། ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གིས་ལོ་རེར་ན་ཆུང་གདོང་ལེན་རུ་ཁག་འཐུས་མི་ཚོགས་ཆེན་འཚོགས་པར་མ་ཟད་ཆེ་འབྲིང་ཆུང་གསུམ་གྱི་ལས་བྱེད་པ་འདེམས་པ་ཡིན།
སྤྱི་ལོ1922ལོའི་ཟླ2པའི་ཚེས13ཉིན། འཛམ་གླིང་ཁྲོད་ཐོག་དང་པོའི་བཟོ་བའི་གྲལ་རིམ་གྱི་སྲིད་ཏང་གིས་དབུ་ཁྲིད་མཛད་པའི་ན་ཆུང་གདོང་ལེན་རུ་མིའི་རྩ་འཛུགས་ནི་སུའུ་ལེན་མོ་སི་ཁོ་རུ་འཚར་ལོངས་བྱུང་། དང་ཐོག་འཚར་ལོངས་བྱུང་བའི་ན་ཆུང་གདོང་ལེན་རུ་ཁག་ལ་ཁྱད་པར་ཅན་གྱི་མཚོན་རྟགས་མེད། གདོང་ལེན་རུ་མི་གསར་བ་འདེམས་སྒྲུག་བྱེད་པའི་ཚོགས་འདུའི་ཁྲོད། ཚོགས་འདུ་ལ་ཞུགས་པའི་སྔོན་ཐོན་གྱི་བུད་མེད་ཅིག་གིས་རང་ཉིད་ཀྱི་ཟུར་གསུམ་ཅན་གྱི་མགོ་རས་དམར་པོ་སྟེ་ན་ཆུང་གདོང་ལེན་རུ་མིའི་སྐེ་ལ་བཏེགས་པས། སྐེ་རས་དམར་པོ་ནི་འདི་ལྟར་འཚར་ལོངས་བྱུང་བ་ཡིན། སྤྱི་ལོ1949ལོའི་ཟླ10བའི་ཚེས13ཉིན། ཀྲུང་གོ་ན་ཆུང་བྱིས་པའི་གདོང་ལེན་རུ་མི་ཡིས་མཚོན་རྟགས་འདི་བཀོལ་སྤྱོད་བྱས་པ་ཡིན།
ན་ཆུང་བྱིས་པར་ཏང་གི་བཀའ་ལ་ཉན་པ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ངལ་རྩོལ་ལ་དགའ་བ། ཚན་རིག་ལ་དགའ་བ། སྤྱི་བའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་པ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ། ལུས་ཕུང་སྦྱོང་བརྡར་བྱེད་པ། ལག་ལེན་ལ་ཞུགས་པ། ནུས་པ་གསོ་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བར་བྱས་རྗེས་འཇོག་པ། གུང་ཁྲན་རིང་ལུགས་ལས་དོན་གྱི་རྒྱུན་འཛིན་པ་བྱེད་པར་སློབ་གསོ་གཏོང་བ། ན་ཆུང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་བྱིས་པ་རྣམས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་མ་འོངས་བར་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཡིན།
སྐེ་རས་དམར་པོ་ནི་ན་ཆུང་གདོང་ལེན་རུ་མིའི་མཚོན་རྟགས་ཡིན་ཞིང་། དེ་ནི་དར་དམར་གྱི་ཟུར་གཅིག་ཡིན་ལ། དེ་ནི་སྔོན་གཤེགས་དཔའ་བོའི་ཁྲག་ལས་གྲུབ་པ་ཡིན་པས། གདོང་ལེན་རུ་མི་སུ་ཡིན་རུང་དེ་འདོགས་དགོས་པ་དང་དེ་ལ་གཅེས་སྤྲས་བྱེད་དགོས་པ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་དར་དམར་གྱི་ཟུར་གཅིག་ན་ཆུང་གདོང་ལེན་རུ་མིའི་མཚོན་རྟགས་བྱེད་པ་ནི་གདོང་ལེན་རུ་མི་རྣམས་ལ་སློབ་གསོ་བཏང་ནས་སྔོན་གཤེགས་དཔའ་བོའི་དྲང་བདེན་གྱི་ཆེད་དུ་ཧུར་བརྩོན་བྱས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ཞེས་པ་དེ་ཡིན་པ་དང་། གསར་བརྗེ་ལས་དོན་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ཡིན།