ཧུའུ་ཡའོ་པང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའུ་ཡའོ་པང་།
ཧུའུ་ཡའོ་པང་ནི་ཧུའུ་ནན་ལིའུ་དབྱང་གི་མི་ཡིན་ལ། ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ་ཡིན། སྤྱི་ལོ1981ལོའི་ཟླ6པའི་ནང་ལ་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས། སྤྱི་ལོ1982ལོའི་ཟླ9བའི་ནང་ལ་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས། སྤྱི་ལོ1987ལོའི་ཟླ1པོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
胡耀邦
ཕྱི་ཡིག་གི་མིང་།
Hu yao bang
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1915.11.20-1989.4.15)
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
དད་མོས།
མར་ཁེ་སི་རིང་ལུགས།
ལས་རིགས།
གསར་བརྗེ་པ། ཆབ་སྲིད་པ།
བྱས་རྗེས་གཙོ་བོ།
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་གལ་ཆེན་ནང་གི་གཅིག་ཡིན། མ་ཉེས་ཁ་ཡོག་གི་ནོར་འཆུགས་གྱོད་དོན་དཀར་འདོན་བྱེད་པར་རྩ་འཛུགས་དང་འགོ་ཁྲིད་བྱས་པ།
1 ངོ་སྤྲོད།

ཧུའུ་ཡའོ་པང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་ལིའུ་དབྱང་གི་མི་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་དང་། ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ། སྤྱི་ལོ1930ལོར་ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པར་ཞུགས། སྤྱི་ལོ1933ལོར་ཀྲུང་དབྱང་གསར་བརྗེ་གནས་གཞིའི་ས་ཁུལ་དུ་ལས་གནས་སྤོར་ནས། སྔ་བཞུག་ཏུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་སུའུ་ལིན་ལ་གོང་བཀུར་བྱེད་པའི་སྤྱི་ཁྱབ་ལྷན་ཚོགས་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། ན་གཞོན་པུའུ་ཡི་པུའུ་ཀྲང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་ཁུར། ལོ་དེའི་ཟླ8པར་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་དུ་གྱུར། ཕྱིས་སུ་ཀྲུང་དབྱང་ཅུའུ་ཡི་དྲུང་ཡིག་ཆེན་མོའི་འགན་ཁུར་ཞིང་། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་སྐབས་སུ་ཀྲུང་དབྱང་བྱ་བའི་ཚོགས་པ་དང་དམར་དམག་འབུམ་དམག་དཔུང་ཆེན་གསུམ་པའི་ཆབ་སྲིད་པུའུ་ས་གནས་བྱ་བའི་པུའུ་ཡི་པུའུ་ཀྲང་གི་འགན་ཁུར། སྤྱི་ལོ1935ལོར་དམར་དམག་འབུམ་དམག་དཔུང་ཆེན་གསུམ་པའི་འབུམ་དཔུང་བཅུ་གསུམ་པའི་མཉམ་སྤྲོ་པུའུ་ཡི་ཀྲུའུ་རིན་དང་གུང་གཞོན་ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཞིང་། དམར་དམག་རྒྱང་སྐྱོད་བྱས་ནས་ཧྲའན་པེ་སླེབས་རྗེས་བསྟུད་མར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཅུའུ་ཡི་དྲུང་ཡིག་ཆེན་མོའི་འགན་ཁུར། སྤྱི་ལོ1938ལོར་འཇར་འགོག་དམག་སྲིད་སློབ་གྲྭ་ཆེན་མོའི་རུ་ཆེན་དང་པོའི་ཆབ་སྲིད་ཨུ་ཡོན་གྱི་འགན་ཁུར་བ་རེད། སྤྱི་ལོ1939ལོར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་ཆབ་སྲིད་པུའུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་ཞིང་། ཕྱིས་སུ་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཐད་གཏོགས་ཆབ་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་བྱས་ནས་ཁུར།

སྤྱི་ལོ1948ལོར་ཧྭ་པེ་ཐང་འཐབ་དམག་འབུམ་དཔུང་དང་པོ་སྟེ་ཕྱིས་སུ་འབུམ་དཔུང་བཅོ་བརྒྱད་པའི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གྱི་འགན་ཁུར་ནས། ཐའེ་ཡོན་དང་པའོ་ཅི་སོགས་གཡུལ་འབྱེད་ལ་རྩ་འཛུགས་དང་བཀོད་འདོམ་བྱས་པ་རེད། སྤྱི་ལོ1949ལོའི་ཟླ9བར་ཀྲུང་གོའི་དམངས་གཙོ་གསར་བའི་རིང་ལུགས་ན་གཞོན་ཚོགས་པའི་སྐུ་ཚབ་བྱས་ནས། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཚང་འཛོམས་གྲོས་ཚོགས་ལ་ཞུགས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྲུང་གུང་ཁྲོང་པེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་དང་། ཧྭ་པེ་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཁྲོང་པེ་སྲིད་འཛིན་ལས་ཁུངས་ཀྱི་ཀྲུའུ་རིན་སོགས་ཀྱི་འགན་གཅིག་ལྕོགས་ཀྱིས་ཁུར་ཏེ་སྤྱི་ལོ1952ལོར་ཀྲུང་གོའི་དམངས་གཙོ་གསར་བའི་རིང་ལུགས་ན་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་ཁུར་བ་རེད། སྤྱི་ལོ1957ལོར་ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོའི་འགན་ཁུར།

སྤྱི་ལོ1964ལོའི་ཟླ11པ་ནས་བཟུང་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་གཉིས་པ་དང་། ཧྲའན་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོའི་འགན་ཁུར། རིག་གནས་གསར་བརྗེ་ཆེན་པོའི་ནང་དུ་ཁོང་ལ་གནོད་འཚེ་ཐེབས། སྤྱི་ལོ1975ལོར་བྱ་བ་སླར་གསོ་བྱས་རྗེས་ཀྲུང་གོའི་ཚན་རིག་ཁང་གི་འགན་ཁུར་བའི་འགན་ཁུར་ནས། ཚན་རིག་ཁང་གི་བྱ་བར་འགོ་ཁྲིད་བྱས་ཏེ་དག་ཐེར་བྱས་པའི་དབང་གིས་ཡང་བསྐྱར་ནོར་འཆུགས་ཀྱིས་དགག་པ་བརྒྱབ།

སྤྱི་ལོ1977ལོའི་ཟླ7པར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་ཁུར་ཞིང་། ལོ་དེའི་ཟླ8པར་ཀྲུང་གུང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་ཀྲུང་དབྱང་ཨུ་ཡོན་ལ་འདེམས་ཐོན་བྱུང་ཞིང་། ལོ་དེར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་བ་རེད།

སྤྱི་ལོ1978ལོའི་ཟླ12པར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གསུམ་པ་སོགས་ལ་འདེམས་ཐོན་བྱུང་ཞིང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་ཕྱག་འགན་བཞེས།

སྤྱི་ལོ1980ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་སོགས་ཀྱི་འགན་བཞེས་ནས་སྤྱི་ལོ1981ལོའི་ཟླ6པར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས། སྤྱི་ལོ1982ལོའི་ཟླ9བའི་ནང་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་ཐོན་བྱུང་བ་རེད།

སྤྱི་ལོ1987ལོའི་ཟླ1པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱས་འཛོམས་གྲོས་ཚོགས་ཐོག ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ལས་ཁུར་དགོངས་ཞུ་བྱས་པ་རེད། ལོ་དེའི་ཟླ11པར་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལ་འདེམས་ཐོན་བྱུང་བ་རེད། ཁོང་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་། གཉིས་པ། གསུམ་པ། ལྔ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྐབས་གཉིས་པ་དང་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ལ་བཞུགས། སྤྱི་ལོ1989ལོའི་ཟླ4བའི་ཚེས25ཉིན་ལ་པེ་ཅིན་ནས་སྐུ་གཤེགས་སོ།།

2 གདེངས་འཇོག

བློ་མཐུན་ཧུའུ་ཡའོ་པང་གིས་དངོས་ཐོག་བདེན་འཚོལ་དང་བསམ་བློ་བཅིངས་འགྲོལ་བྱེད་པའི་དགོངས་དོན་ལྟར། བདེན་ལུགས་ཚད་གཞིའི་སྐོར་གྱི་དཔྱད་བསྡུར་ལ་རྩ་འཛུགས་དང་སྐུལ་འདེད་བྱས་ནས། ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་ཡང་བསྐྱར་ཐག་ཆོད་བྱེད་པར་རིག་པའི་གཞུང་ལུགས་ཐད་ཀྱི་གྲ་སྒྲིག་གང་ལེགས་བྱས་པ་རེད།

བློ་མཐུན་ཧུའུ་ཡའོ་པང་གིས་མ་ཉེས་ཁ་ཡོག་གི་ནོར་འཆུགས་གྱོད་དོན་དཀར་འདོན་བྱེད་པར་རྩ་འཛུགས་དང་འགོ་ཁྲིད་བྱས་ནས། ལས་བྱེད་པའི་སྲིད་ཇུས་དངོས་འབབ་བྱེད་པའི་ཐད་བྱ་བ་འབོར་ཆེན་ལས་ཤིང་། གནོད་འཚེ་ཐེབས་པའི་ལས་བྱེད་པ་རྒན་པ་གང་མང་ཞིག་ཡང་བསྐྱར་ལས་གནས་སུ་ཕེབས་པ་དང་། ངན་འདོགས་དང་གནོད་འཚེ་ཐེབས་པའི་ལས་བྱེད་པ་གཞན་པ་དང་། ཤེས་ཡོན་ཅན། མི་དམངས་མང་ཚོགས་འབོར་ཆེན་ལ་དཀར་འདོན་བྱས་ནས་མཚན་སྙན་སླར་གསོ་བྱས། རང་རྒྱལ་ཞིང་བ་དུང་ཕྱུར་བརྒྱད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བྱེད་པར་དོ་སྣང་བྱས་ཤིང་། གྲོང་གསེབ་བཅོས་སྒྱུར་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་གཏན་འབེབས་དང་ལག་ལེན་བྱས་ནས། རང་རྒྱལ་གྱི་གྲོང་གསེབ་དཔལ་འབྱོར་མགྱོགས་མྱུར་གྱིས་གོང་འཕེལ་དུ་བཏང་བ་རེད།

ཁོང་གིས《ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་སྒྲིག་ལུགས་བཅོས་སྒྱུར་བྱེད་པའི་སྐོར་གྱི་ཆོད་དོན》ལ་འགོ་འཛིན་བྱས་ནས་གཏན་ལ་ཕབས་ཏེ། གྲོང་ཁྱེར་གནད་འགག་ཡིན་པའི་དཔལ་འབྱོར་སྒྲིག་ལུགས་ཡོངས་སུ་བཅོས་སྒྱུར་བྱས་པ་དང་། མཚོ་འགྲམ་ས་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཚོང་རྫས་དཔལ་འབྱོར་གོང་འཕེལ་དུ་གཏོང་པར་སེམས་ཤུགས་གང་མང་བཏོན་པ་རེད། ཤེས་ལྡན་མི་སྣར་བརྩི་འཇོག་གནང་བ། ཏང་གིས་ཚན་རིག་བྱ་བ་དང་། སློབ་གསོའི་བྱ་བ། རིག་རྩལ་བྱ་བ། གསར་འགྱུར་བྱ་བ་སོགས་ལ་གཙིགས་འཛིན་གནང་པས་ཁོང་གིས་དེང་རབས་ཀྲུང་གོའི་ན་གཞོན་ཤེས་ཡོན་ཅན་འཚར་ལོངས་བྱུང་བའི་བགྲོལ་ལམ་སྐོར་གྱི་གསུང་བཤད་ལས། ཁོ་ཚོར་གཞི་རིམ་དུ་འགྲོ་དགོས་པ་དང་། མང་ཚོགས་ཀྱི་ཁྲོད་དུ་འགྲོ་དགོས་པ། དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་དུ་འགྲོ་དགོས་པ་བཅས་ལ་སྐུལ་ལྕག་བཏང་། ཁོང་གིས《ཀྲུང་གུང་ཀྲུང་དབྱང་གིས་སློབ་གསོའི་སྒྲིག་ལུགས་བཅོས་སྒྱུར་བྱེད་པའི་སྐོར་གྱི་ཆོད་དོན》དང《ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སློབ་སྟོན་བྱེད་ཕྱོགས་བཅོས་སྒྱུར་བྱེད་པའི་སྐོར་གྱི་ཆོད་དོན》སོགས་ལ་འགོ་འཛིན་གནང་ནས་གཏན་ཕབས་བྱས་པ་རེད།

བློ་མཐུན་ཧུའུ་ཡའོ་པང་གིས་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་འབྲེལ་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གནང་བ་དང་། མི་རིགས་དཔལ་འབྱོར་རིག་གནས་ཕུན་སུམ་ཚོགས་པའི་ཕྱོགས་སུ་གྲུབ་འབྲས་ལྡན་པའི་ཕྱག་ལས་འབོར་ཆེན་གནང་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གིས་འཚོགས་པའི་མར་ཁེ་སི་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་ཚོགས་ཆེན་ཐོག《མར་ཁེ་སིའི་རིང་ལུགས་ཀྱི་གཟི་བརྗིད་འོད་སྟོང་འབར་བའི་རླབས་ཆེན་བདེན་དོན་ལས་ང་ཚོ་མདུན་སྐྱོད་བྱེད་བཞིན་ཡོད》ཅེས་གསུང་བཤད་རྒྱས་པར་སྤེལ་ནས། ང་རང་ཚོའི་ཏང་གིས་ལོ་རྒྱུས་གསར་བའི་ཆ་རྐྱེན་འོག་ཏུ་མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་དུ་གཏོང་དགོད་པའི་ཡིད་ཆེས་བརྟན་པོ་མཚོན་པ་རེད། ཏང་གི་བསམ་བློ་དང་། སྤྱོད་ཚུལ་། སྒྲིག་ལམ། རྩ་འཛུགས་སོགས་ལ་ཤུགས་སྣོན་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་ན་གཞོན་ཅན་དུ་འགྱུར་བ་དང་ལས་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་ཆེད་ཁོང་གིས་འབད་བརྩོན་བྱས་པ་རེད།

བློ་མཐུན་ཧུའུ་ཡའོ་པང་གིས་ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་གཞན་པའི་གུང་ཁྲན་ཏང་དང་བཟོ་བའི་གྲལ་རིམ་བར་གྱི་འབྲེལ་བ་སླར་གསོ་དང་དར་སྤེལ་བྱེད་པ་དང་། ང་ཚོའི་ཏང་དང་ཕྱི་རྒྱལ་སྤྱི་ཚོགས་ཏང་དང་མི་རིགས་རིང་ལུགས་སྲིད་ཏང་བར་གྱི་འབྲེལ་བ་དར་སྤེལ་བྱེད་པ། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་མི་དམངས་བར་ལ་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བ། རང་རྒྱལ་གྱིས་དུས་རབས་གསར་བའི་ནང་དུ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་པའི་སྲིད་ཇུས་ལེགས་སྒྲིག་གལ་ཆེན་བྱས། ཁོང་གིས་སྐུ་ཚེ་གང་པོའི་ནུས་ཤུགས་དེ་ང་ཚོའི་རླབས་ཆེ་བའི་ལས་དོན་ཕྱོགས་སུ་ཕུལ་ནས། ཏང་དང་མི་དམངས་ལ་ཤ་ཞེན་ཆེ་བས། ཏང་དང་མི་དམངས་ཀྱིས་ཀྱང་ཁོང་ལ་དགའ་ཞེན་ཆེ། བློ་མཐུན་ཧུའུ་ཡའོ་པང་ནི་མར་ཁེ་སིའི་རིང་ལུགས་པ་ཡིན་པའི་ཆ་ནས་ཁོང་གི་སྐུ་ཚེ་གང་པོ་ནི་གཟི་བརྗིད་འོད་སྟོང་འབར་བའི་སྐུ་ཚེ་ཡིན་པས། ལོ་ངོ་དྲུག་ཅུའི་རིང་གི་གསར་བརྗེ་འཚོ་བའི་ཁྲོད་དུ་ཁོང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ལས་དོན་ལ་བློ་དཀར་ཚད་མེད་བྱས་ཤིང་། སེམས་ཤུགས་ཡོད་ཚད་བཏོན་པ་དང་། དཀའ་སྤྱད་འབད་བརྩོན་བྱས་ནས་རྟག་བརྟན་གྱི་ཕྱག་རྗེས་གལ་ཆེན་མཛད་ཡོད།

ཏང་ཀྲུང་དབྱང་གིས་ཁོང་ལ་གདེངས་འཇོག་ཚད་མཐོན་པོ་གནང་བ་སྟེ། ཁོང་ནི་ཡུན་རིང་ཉམས་ཚོད་བླངས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་པ། མི་དམངས་དམག་དཔུང་གི་ཆབ་སྲིད་བྱ་བ་སྒྲུབ་མཁན་ཁྱད་འཕགས་ཅན། དུས་ཡུན་རིང་པོར་ཏང་གི་འགོ་ཁྲིད་གལ་ཆེན་གྱི་འགན་ཁུར་མཁན་ཕུལ་བྱུང་འགོ་ཁྲིད་པ་སོགས་ཡིན་པས། ལོ་ངོ་དྲུག་ཅུའི་རིང་གི་གསར་བརྗེ་འཚོ་བའི་ཁྲོད་དུ་ཁོང་གིས་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ལ་བློ་དཀར་སེམས་དཀར།  སྐུ་ཚེ་གང་པོར་སེམས་ཤུགས་ཡོད་ཚད་ཕུལ་ནས་ཕྱག་རྗེས་བླ་ན་མེད་པ་མཛད་ཡོད། ཁོང་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བརྩི་བཀུར་དང་དགའ་ཞེན་ཐོབ། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།