ཧྭ་ཀུའོ་ཧྥེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྭ་ཀུའོ་ཧྥེང་།
ཧྭ་ཀུའོ་ཧྥེང། ཐོག་མའི་མཚན་ལ་སུའུ་ཐའོ་ཟེར། ཧྲན་ཞི་ཞིང་ཆེན་ཅའོ་ཁྲུང་རྫོང་གི་མི་ཡིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ནང་གི་གཅིག་ཡིན། ཡུན་རིང་ཉམས་ཚོད་བླངས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་ཡིན། སྤྱི་ལོ1976ལོའི་ཟླ4བར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འགན་ཁུར་ཞིང་ཕྱིས་སུ་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华国锋
ཕྱི་ཡིག་གི་མིང་།
Hua guo feng
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1921.2.26-2008.8.20)
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
ལས་རིགས།
གསར་བརྗེ་པ། ཆབ་སྲིད་པ།
1 མི་སྣ་ངོ་སྤྲོད།

ཧྭ་ཀུའོ་ཧྥེང་གི་ཐོག་མའི་མཚན་ལ་སུའུ་ཐའོ་ཟེར་ཞིང་། ཀྲུང་གོའི་ཧྲན་ཞི་ཞིང་ཆེན་ཅའོ་ཁྲུང་རྫོང་གི་མི་ཡིན། ཚོང་བ་ཞིག་གི་ཁྱིམ་ཚང་ནས་སྐུ་བལྟམས། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་གལ་ཆེན་ནང་གི་གཅིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་འགན་བཞེས་མྱོང་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ད་ལྟའི་བར་དུ་ཏང་སྲིད་དམག་གི་ཆེས་མཐོ་བའི་འགོ་ཁྲིད་པའི་ལས་འགན་དུས་གཅིག་ཏུ་ཁུར་མཁན་གཅིག་པུ་ཡིན། དུས་སྔ་མོར་འཇར་འགོག་དམག་འཁྲུག་སྐབས་སུ་མཚན་སྒྱུར་ནས་ཧྭ་ཀུའོ་ཧྥེང་ཞེས་བཏགས་ཤིང་། ཀྲུང་གུང་ཅའོ་ཁྲུང་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་ཁུར་བ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཞང་ཡིན་རྫོང་ཨུ་ཡོན་ལྷན་ཁང་དང་། ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཞང་ཐན་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་ཞིང་། ཕྱིས་སུ་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་གོ་གནས་འཕར་བ་རེད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཀྲུང་གུང་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་སྐབས་བཅུ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྤྱི་བདེ་པུའུ་ཀྲང་སོགས་འགན་གཅིག་ལྕོགས་བྱས་ཏེ་ཁུར། རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་རྗེས་མའོ་ཙེ་ཏུང་གིས་ཁོང་གི་ལས་རྒྱུན་མཁན་ལ་ཐག་ཆོད་གནང་ནས། ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་དུ་བཅུག

2 ཀྲུང་དབྱང་དུ་བསྐྱོད་པ།

སྤྱི་ལོ1969ལོར་ཀྲུང་གུང་སྐབས་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་ཧྭ་ཀུའོ་ཧྥེང་ཀྲུང་དབྱང་ཨུ་ཡོན་ལ་འདེམས་ཐོན་བྱུང་བ་དང་། དུས་མཚུངས་སུ་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་རེད།

སྤྱི་ལོ1971ལོའི་ཟླ1པར་ཧྭ་ཀུའོ་ཧྥེང་ཀྲུང་དབྱང་ལ་ལས་གནས་སྤོར་ནས་བྱེད་སྒོ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པའི་འགན་ཁུར་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་ཟུར་ཞུགས་བྱས། སྤྱི་ལོ1973ལོའི་ཟླ8པར་ཀྲུང་གུང་སྐབས་བཅུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་ཧྭ་ཀུའོ་ཧྥེང་གི་གོ་གནས་འཕར་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱི་འགན་ཁུར། ལོ་དེའི་ཟླ10བའི་ནང་དུ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་བྱས་ནས་ཁུར།

སྤྱི་ལོ1974ལོར་སྐབས་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག ཧྭ་ཀུའོ་ཧྥེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་འགན་ཁུར་ཞིང་། བསྟུད་མར་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་བྱས་ནས་ཁུར། སྤྱི་ལོ1976ལོའི་ཟླ1པོར་ཀྲོའུ་ཨུན་ལའེ་སྐུ་གཤེགས་པས། ཧྭ་ཀུའོ་ཧྥེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཚབ་མའི་འགན་ཁུར། ཟླ2པར་ཡེ་ཅན་དབྱིན་དམག་སྤྱི་ལ་མའོ་ཙེ་ཏུང་གིས་ནད་གསོ་བྱེད་དགོས་པའི་ཁ་ཏ་བྱས། སྐབས་དེར་མའོ་ཙེ་ཏུང་གི་ཚེ་མཇུག་ཏུ་སྐུ་སྙུང་བཞེས་པ་ཧ་ཅང་ལྗིད་མོར་འདུག་ཅིང་། སྐད་ཆ་བཤད་པར་ཡང་ཧ་ཅང་སྟབས་མི་བདེ་བར་འདུག་པས། ཁོང་གིས་བཤད་དགོས་པའི་སྐད་ཆ་ཧ་ལམ་ཤོག་བུ་ཤར་མོའི་ཡིག་ཐོག་ཏུ་བྲིས་ནས་མཚོན་དགོས་པར་འདུག ཀྲང་ཡུའུ་ཧྥུང་གིས་བཤད་པ་ལྟར་ན་ཧྭ་ཀུའོ་ཧྥེང་ལ་ཁྱོས་བྱ་བ་སྒྲུབ་ན་ངའི་སེམས་བདེ་བ་ཡིན། དལ་མོར་ཡོང་བ་ལས་བྲེལ་འཚུབ་མི་རུང་། སྔར་འདས་པའི་བྱེད་ཕྱོགས་ལྟར་སྒྲུབ་དགོས་པ་སོགས་ནི་མའོ་ཙེ་ཏུང་གིས་ཞལ་བརྡ་ཐེངས་ཤིག་གི་ཁྲོད་དུ་མཛུབ་སྟོན་གནང་བ་ཡིན་པས། མའོ་ཙེ་ཏུང་གི་ཚེ་མཇུག་ཏུ་སྐད་ཆའི་གོ་བརྡ་མི་འཆོལ་བའི་གནས་ཚུལ་འོག་ཏུ་ཤོག་བུ་ཤར་མོའི་ཡིག་ཐོག་ཏུ་བྲིས་པ་རེད་ཟེར། ལོ་དེའི་ཟླ4བའི་ཚེས5ཉིན་ལ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་ནས། སྐབས་དེའི་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་པོ་ཏེང་ཞའོ་ཕིང་དོན་རྐྱེན་དེའི་དབང་གིས་སྲིད་སྟེགས་ལས་ལྷུང་བ་རེད། ཧྭ་ཀུའོ་ཧྥེང་ལ་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་གཅིག་ལྕོགས་སུ་བསྐོ་བཞག་བྱས་ནས་ཀྲུང་དབྱང་གི་བྱ་བར་འགོ་འཛིན་བྱས་པ་རེད།

3 རིག་གནས་གསར་བརྗེ་མཇུག་རྫོགས་པར་ཁྱབ་བསྒྲགས་བྱས་པ།

སྤྱི་ལོ1976ལོའི་ཟླ9བའི་ཚེས9ཉིན་ལ་མའོ་ཙེ་ཏུང་སྐུ་གཤེགས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་ནང་ཁུལ་དུ་འཐབ་རྩོད་ཛ་དྲག་ཏུ་གྱུར། ཟླ10བའི་ཚེས6ཉིན་བར་ལ་ཧྭ་ཀུའོ་ཧྥེང་དང་ཡེ་ཅན་དབྱིན་སོགས་ཀྱིས་དབང་ཆ་ཆེན་པོ་བཟུང་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཁོངས་མི་ཝང་ཧུང་ཝུན་དང་། ཀྲེང་ཁྲུན་ཆའོ། ཅང་ཆིན། ཡའོ་ཝུན་ཡོན་སོགས་གློ་བུར་དུ་འཛིན་བཟུང་བྱས་པ་དང་། དབང་ཆ་འཕྲོག་ལེན་བྱེད་པར་ལྐོག་གཡོ་ངན་ཇུས་འཐེན་མཁན་ཝང་ཀྲེང་ཅང་ཡའོ་མི་བཞི་ཚོགས་ཁག་ཕམ་པར་བརྒྱབ་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཧྭ་ཀུའོ་ཧྥེང་ལ་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་ཐོན་བྱུང་ནས། དུས་གཅིག་ཏུ་ཏང་སྲིད་དམག་གི་དབང་ཆ་ཆེན་པོ་ཁོང་གི་ཕྲག་ཏུ་བབས་སོ།།

སྤྱི་ལོ1977ལོའི་ཟླ8པའི་ཚེས12ཉིན་ལ་ཏང་གི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་པེ་ཅིན་ནས་འཚོགས་ཤིང་། ཆོགས་ཆེན་ལ་ཞུགས་པའི་འཐུས་མི1510ཡོད་ཅིང་། ཏང་ཡོན་ཁྲི་ཕྲག3500ཡི་འཐུས་ཚབ་བྱས་ཡོད། ཧྭ་ཀུའོ་ཧྥེང་གིས་ཏང་ཀྲུང་དབྱང་གི་སྐུ་ཚབ་བྱས་ནས་ཆབ་སྲིད་སྙན་ཞུ་ཕུལ་བ་དང་། མི་བཞི་ཚོགས་ཁག་ལ་འཐབ་རྩོད་བྱས་པར་ཕྱོགས་སྡོམ་བྱས་ཤིང་། རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས། དུས་རབས་འདིའི་ནང་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ནི་དུས་རབས་གསར་བའི་ནང་དུ་ཏང་གི་རྩ་བའི་ལས་འགན་ཡིན་ཞེས་བསྐྱར་བསྒྲགས་བྱས། འོན་ཀྱང་ལོ་རྒྱུས་ཐོག་གི་རྒྱུ་རྐྱེན་ལས་ཚོད་འཛིན་བྱས་པ་དང་ཧྭ་ཀུའོ་ཧྥེང་ལ་རིག་གནས་གསར་བརྗེ་ཆེན་པོའི་གཡོན་ལྷུང་ནོར་འཆུགས་ཀྱི་ཤུགས་རྐྱེན་ཐེབས་པས། ཐེངས་འདིས་ཚོགས་ཆེན་གྱིས་རིག་གནས་གསར་བརྗེ་ཆེན་པོའི་གཡོན་ལྷུང་གིས་ཤུགས་རྐྱེན་ཐེབས་པའི་ནོར་འཆུགས་གཞུང་ལུགས་དང་སྲིད་ཇུས་བསྒྲགས་ཡིག་སོགས་ལ་ཡོ་བསྲིང་བྱེད་མ་ཐུབ།

4  གཙོ་འཛིན་གྱི་དུས་སྐབས།

ཧྭ་ཀུའོ་ཧྥེང་དང་ཏེང་ཞའོ་ཕིང་ལ་སྔ་བཞུག་ཏུ་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པར་འདེམས་ཐོན་བྱུང་བ་དང་། ཡེ་ཅན་དབྱིན་གྱིས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཁུར། སྤྱི་ལོ1977ལོའི་ཟླ8པར་ཀྲུང་གུང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྔ་བསྣུར་བྱས་ནས་འཚོགས་ཤིང་། ཧྭ་ཀུའོ་ཧྥེང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས་ཐོན་བྱུང་བ་དང་། སྤྱི་ལོ1976ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁུར་བ་སོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད། གུང་ཁྲན་ཏང་དང་། བཅིངས་འགྲོལ་དམག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་དུས་གཅིག་ཏུ་ཁུར་བ་ཁོ་གཅིག་པུ་ཡིན། ཚོགས་ཐོག་འདིར་ཧྭ་ཀུའོ་ཧྥེང་གིས་རིག་གནས་གསར་བརྗེ་ཆེན་པོ་ཐེངས་དང་པོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་སོ།།

མའོ་ཙེ་ཏུང་ལ་གོང་བཀུར་བྱེད་པ་ནི་ཧྭ་ཀུའོ་ཧྥེང་གིས་ཆབ་སྲིད་སྐྱོང་བའི་ཁྲིམས་མཐུན་འབྱུང་ཁུངས་གཙོ་བོ་ཡིན། མའོ་ཙེ་ཏུང་གི་སྐུ་གདུང་གནད་དོན་ཐད་ཧྭ་ཀུའོ་ཧྥེང་གིས་འགོ་འཛིན་མཛད་ནས་མའོ་ཀྲུའུ་ཞིའི་རྗེས་དྲན་ཚོམས་ཁང་ཆེན་མོ་འཛུགས་སྐྲུན་བྱས་ནས་སྐུ་གདུང་སྲུང་འཇོག་བྱས་ཏེ། དུས་ནམ་ཡིན་རུང་རྗེས་རབས་པ་རྣམས་ཀྱིས་གདུང་མཇལ་བྱེད་ཐུབ་པར་བྱས།

ཧྭ་ཀུའོ་ཧྥེང་གིས་རྩ་འཛིན་བཟུང་ནས་རྒྱལ་ཁབ་སྐྱོང་བ་དང་ཆེར་སྒྲུབ་མྱུར་བསྐྱོད་བྱེད་དགོས་པ་སོགས་བཞེད་དགོངས་སྣ་ཚོགས་ཀྱིས་བཟོ་ཞིང་ལས་ཐོན་སྐྱེད་ལ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས་། རིག་གནས་གསར་བརྗེ་ཆེན་པོ་དར་བ་ནས་རྙོག་འཛིང་གི་གནས་སུ་ལྷུང་བའི་གནས་ཚུལ་མཇུག་སྒྲིལ་བ་རེད།

ཆབ་སྲིད་ཐོག་ཏུ་ཧྭ་ཀུའོ་ཧྥེང་གིས་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་ལྔ་བ་པར་སྐྲུན་བྱས་པ་དང་། མའོ་ཙེ་ཏུང་གིས་མཛུབ་སྟོན་གནང་བ་སོགས་རྒྱུན་འཁྱོངས་བྱས་པ་དང་། མའོ་ཙེ་ཏུང་སྐུ་བཞུགས་དུས་སུ་གནང་བའི་ཕྱག་སྟོན་སོགས་རྩ་འཛིན་བྱས་ནས། རིག་གནས་གསར་བརྗེ་ཆེན་པོ་ཁས་ལེན་བྱས་པ་རེད། ཏང་ནང་དུ་ཕེང་ཏུ་ཧོའེ་དང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ལ་དཀར་འདོན་བྱེད་པའི་རེ་བ་བཏོན་པར་བཀག་འགོག་བྱས་ཤིང་། མི་བཞི་ཚོགས་ཁག་ལ་དགག་པ་རྒྱག་རྒྱུ་དང་རིག་གནས་གསར་བརྗེ་ཆེན་པོར་གདེངས་འཇོག་བྱེད་པ་སོ་སོར་བཀར་བ་རེད།

ཕྱི་འབྲེལ་བྱ་བའི་ཐད། ཧྭ་ཀུའོ་ཧྥེང་གིས་རོ་མ་ནི་ཡ་དང་། ནན་སི་ལ་ཧྥུ། བྱང་ཁོ་རེ་ཡ་ལ་འབྲེལ་བ་ཇེ་ལེགས་སུ་བཏང་ནས། བསྟུད་མར་སུའུ་ལིན་ལ་དགྲ་འཛིན་གྱི་ངང་ནས་མའོ་ཙེ་ཏུང་གི་འཛམ་གླིང་གསུམ་གྱི་ཕྱི་འབྲེལ་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་རེད།

ཀྲུང་གུང་སྐབས་བཅུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་གུང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན། སྐབས་ལྔ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སོགས་འཚོགས་ནས། སྐབས་ལྔ་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག སྤྱི་ལོ1978ལོའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། རྩ་ཁྲིམས་ལས་བསྟུད་མར་རྒྱས་བཤད་དང་། རྒྱས་གླེང་། ཡིག་ཆེན་གསར་འགྱུར། རྩོད་གླེང་ཆེན་པོ་སོགས་རང་དབང་ཆེན་པོ་བཞི་སྲུང་འཛིན་བྱས་ཡོད་ཅིང་། སྤྱི་ལོ1978ལོར་རྩ་ཁྲིམས་ལས་ཏང་སྲིད་མི་བཀར་བའི་དཔེ་དབྱིབས་རྒྱུན་འཁྱོངས་བྱས་པ་ནི་ཧྭ་ཀུའོ་ཧྥེང་དུས་རབས་ཀྱི་རྩ་འཛིན་ཡིག་ཆ་རེད། ཕྱིས་སུ་ཏེང་ཞའོ་ཕིང་གིས་ཧྭ་ཀུའོ་ཧྥེང་ནི་དུས་སྐབས་ལས་བརྒལ་བ་ཞིག་རེད་ཅེས་གདེངས་འཇོག་བྱས། ཀྲུང་གོའི་གུང་ཁྲན་ཏང་གི་དཔོན་རབས་གསུམ་པའི་འགོ་ཁྲིད་སྲོག་ཤིང་ལས། ཧྭ་ཀུའོ་ཧྥེང་ནི་དཔོན་རབས་གཉིས་པའི་སྲོག་ཤིང་དུ་གྱུར་མ་ཐུབ།

5 ཚེ་མཇུག

སྤྱི་ལོ1982ལོ་ནས1997ལོའི་བར་ལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞིས་ཁོང་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་ལ་འདེམས་ཐོན་བྱུང་བ་ཡིན་ཞིང་། ཀྲུང་དབྱང་ཨུ་ཡོན་ཁུར་ཡུན་ཆེས་རིང་པོའི་འགོ་ཁྲིད་ཡིན། ཁོང་ནི་དུས་རྒྱུན་དུ་ཕྱིར་མི་མངོན་པ་དང་སྟབས་བདེའི་གནས་སུ་བཞུགས་ཡོད་ཀྱང་ཏང་ནང་དུ་སྔར་བཞིན་གུས་བཀུར་ཐོབ་པས། ཀྲུང་གུང་སྐབས་བཅོ་ལྔ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་འདེམས་ཤོག་ཡོངས་སུ་ཐོབ་པའི་ཀྲུང་དབྱང་ཨུ་ཡོན་འདེམས་སྒུག་པ་གཅིག་པུ་ཡིན། སྤྱི་ལོ1997ལོར་ཀྲུང་གུང་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་དུ་ལོ་ན70ལས་བརྒལ་བའི་མི་གཉིས་ཡོད་པའི་ནང་དུ་གཅིག་ནི་ཧྭ་ཀུའོ་ཧྥེང་ཡིན། སྤྱི་ལོ2001ལོར་ཁོང་གིས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་སུ་ཀྲུང་གུང་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱ་བར་མ་ཞུགས་ཤིང་ཀྲུང་གུང་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་ནང་དུ་ཞུགས་མེད་པས་གླེང་ཕྱོགས་ཐད་ནས་ཉམས་འཇོག་བྱས་པ་རེད། སྤྱི་ལོ2007ལོའི་ཟླ10བར་ཧྭ་ཀུའོ་ཧྥེང་ཀྲུང་གུང་སྐབས་བཅུ་བདུན་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞུགས་པས། ཕྱི་རྒྱལ་ཀྱི་གསར་འགོད་པ་ཁ་ཤོས་ཀྱིས་ཀྲུང་གུང་རྒན་རབས་པའི་ནང་གི་གཅིག་ཡིན་པར་སེམས།

སྤྱི་ལོ2008ལོའི་ཟླ8པའི་ཚེས20ཉིན་ལ་པེ་ཅིན་ནས་སྐུ་གཤེགས། དགུང་གྲངས87ཡིན། མྱ་ངན་ཞུ་བའི་ཚོགས་འདུ་དེ་ཟླ8པའི་ཚེས31ཉིན་ལ་རི་བོ་པཱ་པའོ་ཧྲན་ཞེས་གསར་བརྗེ་སྤྱི་བའི་བང་སོ་ནས་འཚོགས་པ་དང་། ཧུའུ་ཅིན་ཐའོ་དང་ཅང་ཙེ་མིན་སོགས་འགོ་ཁྲིད་པ་རྣམས་རི་བོ་པཱ་པའོ་ཧྲན་ཞེས་གསར་བརྗེ་སྤྱི་བའི་བང་སོར་ཕེབས་ནས་བློ་མཐུན་ཧྭ་ཀུའོ་ཧྥེང་ལ་སྐྱེལ་མ་མཛད་།

6 བང་སོ་དང་ས་གནས།

ཧྭ་ཀུའོ་ཧྥེང་གི་བང་སོ་ནི་ཧྲན་ཞི་ཞིང་ཆེན་ཅའོ་ཁྲུང་རྫོང་རི་བོ་ཀྭ་ཧྲན་དུ་བཞུགས་ཤིང་། སྤྱི་ལོ2009ལོའི་ཟླ4བར་འཛུགས་སྐྲུན་བྱེད་མགོ་བརྩམས་ནས། སྤྱི་ལོ2011ལོའི་ཟླ11པར་ལེགས་གྲུབ་བྱུང་བ་ཡིན་ལ། ཅའོ་ཁྲུང་སྐྱེ་དངོས་སྤྱི་གླིང་གི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཧྭ་ཀུའོ་ཧྥེང་གིས་རྣམ་ཤེས་ཕ་ཡུལ་དུ་འཐིམས་དགོས་ཤིང་། ཞིང་ས་བཀོལ་སྤྱོད་བྱེད་མི་རུང་ཞེས་པའི་ཞལ་ཆིམས་ལྟར། རི་བོ་ཀྭ་ཧྲན་དུ་ས་རྒོལ་ཞིག་ནས་ཧྭ་ཀུའོ་ཧྥེང་གྱི་བང་སོ་བཞེངས་ཡོད་པས། ཅའོ་ཁྲུང་རྫོང་གི་རི་བོ་བཀའ་ཧྲན་ལྗང་འགྱུར་བྱ་བ་དང་། ཡུལ་སྐོར་གསར་གཏོད་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།